གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

རིན་ཆེན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༡༧ཉིན།

༄༅།།འབྲོག་པ་ནི་ངའི་སྐྱེ་ཁམས་དགེ་རྒན་ཡིན།


        རྟག་ཏུ་བདེན་པར་རློམ་པ་ཞིག་ལ། མཐོ་སྒང་གི་སྐྱེ་ཁམས་ཞན་འགྱུར་གྱི་རྒྱུ་རྐྱེན་གཙོ་བོ་ནི་ཕྱུགས་ལས་ཡིན་པར་སྙམ་མོད།མ་གཞི་ཕྱུགས་ལས་ནི་མཐོ་སྒང་གི་སྐྱེ་ཁམས་ཉམས་གསོ་ཡི་ནུས་ཤུགས་གཙོ་བོ་དེ་ཡིན་པ་གཞི་ནས་རྟོགས།

——ཉི་མ་ཚེ་རིང་གིས།

        ཉི་མ་ཚེ་རིང་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཡིན་ཞིང་།ཁོས་དུས་ཡུན་རིང་པོར་མཚོ་བོད་མཐོ་སྒང་དུ་གཞི་རིམ་གྱི་ལས་ཀ་གཉེར། ལོ་མང་པོའི་རིང་དུ། ཁོས་ཧུར་བརྩོན་ངང་ཀྲུའུ་ཞི་ཞི་ཅིན་ཕིང་གི་“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་དགོངས་པ་བདེན་དོན་ལག་བསྟར་བྱས་ཏེ། མཐོ་སྒང་གི་འབྲོག་པས་རང་བྱུང་ཁམས་ལ་དད་མོས་དང་བརྩི་མཐོང་། ཡིད་སྨོན་བཅས་བྱེད་པའི་རིག་གནས་འདུ་ཤེས་དར་སྤེལ་བཏང་། ཕྱོགས་གཅིག་ནས་མཐོ་སྒང་གི་སྐྱེ་ཁམས་ལ་ཕན་འབྲས་ལྡན་པའི་ཉམས་གསོའི་ནུས་པ་ཐོན་པ་དང་ཕྱོགས་གཞན་ཞིག་ནས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་གོམ་འགྲོས་ཇེ་བརྟན་དུ་བཏང་།




        གཤམ་གྱི་ནང་དོན་ནི་ཧྲུའུ་ཅི་ཉི་མ་ཚེ་རིང་དང་འབྲོག་པ་རྒན་པོའི་བར་གྱི་ཁ་བརྡའོ། །

དྲི་བ། ཅི་ཞིག་ལ་ཞིང་ལས་ཟེར། ཅི་ཞིག་ལ་ཕྱུགས་ལས་ཟེར། ཞིང་ལས་གཏན་སྡོད་བྱེད་ནུས་པའི་རྒྱུ་མཚན་གང་། ཕྱུགས་ལས་ལ་རུ་སྤོ་དགོས་པའི་རྒྱུ་མཚན་གང་ཡིན།
ལན། མཐོ་སྒང་གི་འབྲོག་ཁུལ་ལ་ཁ་ཆར་བུ་ཡུག་རྒོད་པ་དང་ནམ་ཟླ་གྲང་ངར་ཆེ་བ། སྔོ་ཁེབས་ཀྱི་ཉམས་ཞན་པས། གལ་ཏེ་འབྲོག་པ་རྣམས་ཡུན་རིང་པོར་གནས་གཅིག་ཏུ་བསྡད་ཚེ་ཕྱུགས་ཟོག་གི་ལྟོ་བ་འགྲང་དཀའ་ལ། ཕྱུགས་ལས་ཀྱི་འཕེལ་རྒྱས་ལའང་ཤུགས་རྐྱེན་ཐེབས་སྲིད་པས། རྩྭ་ཆུ་དེད་ནས་གནས་བཅའ་བ་ནི་མཐོ་སྒང་གི་འབྲོག་པའི་འཚོ་བ་སྐྱེལ་སྟངས་ཤིག་ཡིན།ཐང་དུ་གནས་པའི་ཞིང་ཁུལ་ལ་དུས་བཞིའི་འགྱུར་ལྡོག་ཆེན་པོ་མེད་པ་དང་། ནམ་ཟླ་དྲོ་ཞིང་བརླན་པས་འདེབས་འཛུགས་ལ་འཚམས་པ་ཡིན། ཞིང་པ་ཚོས་ལོ་འཁོར་མོར་ཞིང་ནང་དུ་དཔྱིད་དུས་འདེབས་པ་དང་དབྱར་དུས་གསོ་བ། སྟོན་དུས་བརྔ་བ་དང་དགུན་དུས་ཉར་བ་སོགས་ཟས་གོས་རང་གྲུབ་ཡིན་པའི་རྐྱེན་གྱིས། གཏན་སྡོད་བྱེད་ཐུབ་པ་ནི་ཞིང་པའི་འཚོ་བ་སྐྱེལ་སྟངས་ཡིན།
གསལ་བཤད། ཞིང་ལས་ཉམས་མྱོང་ལེགས་ཀྱང་དེ་ཕྱུགས་ལས་ལ་སྤྱོད་དགོས་པའི་ངེས་པ་མེད། དེ་བས་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཡུལ་བབ་དང་བསྟུན་དགོས། ཞིང་ལས་སྡོད་པར་འཚམས། ཕྱུགས་ལས་སྤོ་བ་ལེགས། ཕྱོགས་དང་མཐུན་ཚེ་འཕེལ། དེ་ལས་ལྡོག་ན་རྒུད།

དྲི་བ། ནོར་ལུག་དང་རྩྭ་ཐང་གི་བར་ན་རྟེན་ཅིང་འབྲེལ་བའི་འབྲེལ་བ་གང་འདྲ་ཞིག་ཡོད།
ལན། རྩྭ་ཐང་ལ་ནོར་ལུག་མེད་མི་རུང་ཞིང་ནོར་ལུག་ལའང་རྩྭ་ཐང་མེད་མི་རུང་བས། ཁོ་ཚོ་མེ་ཏོག་དང་སྦྲང་མ་ནང་བཞིན་གནས་ཡོད། དཔྱིད་རླུང་ལྡང་བ་ན་མྱུ་གུས་ས་ཤུན་བརྟོལ་ཏེ་ཡར་འབུས་ཤིང་སྟོན་རླུང་ལྡང་ཚེ་ཤག་ཤག་གི་སྒྲ་དང་བཅས་ཏེ་སར་ལྷུང་། འདི་ལྟར་བསྐྱར་ཟློས་ཀྱི་འཁོར་སྐྱོད་ཐུབ་པ་ནི་སྲོག་ཆགས་ཀྱིས་རྩི་ཤིང་གི་སྐྱེ་སྟོབས་ལ་ཐེབས་པའི་ནུས་པ་དང་འབྲལ་ཐབས་མེད།
གཅིག ནོར་ལུག་གི་ལྗིད་ཚད་དང་སྙུང་དབྱིབས་ཀྱི་རྨིག་པས་རྩྭ་ཐང་དུ་རྡོག་རྫིས་བཏང་བ་དེས་རྩྭ་ཐང་སྲ་བརྟན་དུ་གཏོང་བར་ནུས་པ་ཐོན་པ་ནི།(1)སར་ལྷུང་བའི་ས་བོན་རླུང་གིས་ཁུར་བ་དང་ཆར་གྱིས་འདེད་པར་བཀག་འགོག་བྱེད་ཐུབ་པ། (2)སར་ལྷུང་བའི་ས་བོན་ཉི་མས་མི་འཚིག་པ་དང་བཙག་གིས་མི་གཙེ་བ། (3)ས་བོན་དེ་ས་རྒྱུ་སོབ་པར་གྱུར་ཏེ་རྩད་པ་མི་རྒྱས་པར་འགྱུར་བའི་གནས་ཚུལ་མི་འབྱུང་བ།
གཉིས། ས་བོན་ལ་ཐད་ཀར་གྱི་འཇུ་སྟོབས་དང་ལོ་མ་སྐམ་པོ་དབྱེ་འབྱེད་ཀྱི་ནུས་པ་མེད་པས། ནོར་ལུག་གིས་བལྡད་པ་དང་ཟགས་ཐོན་ཕོ་སྐྱུར། རྒྱུ་མ་འགུལ་བ་བཅས་བརྒྱུད་དེ་དངོས་ལུགས་དང་རྫས་འགྱུར་གྱི་འགྱུར་འབྱུང་བྱུང་རྗེས། མཐར་ས་བོན་གྱི་བཅུད་རྫས་ལྕི་བ་ཐོན་པ་ཡིན།
གསལ་བཤད། ཕན་ཚུན་དགྲ་གྲོགས་ལྟར་རྟེན་ཅིང་འབྲེལ་བར་གནས་པ།


དྲི་བ། རྩྭ་ས་ཞན་འགྱུར་ནི་ཕྱུགས་གྲངས་ཚད་ལས་བརྒལ་བ་ལས་བསླངས་པ་ཡིན་ནམ།
ལན། ཚད་བརྒལ་ཕྱུགས་འཚོ་ཞེས་པའི་བཤད་སྟངས་འདི་གནའ་ནས་དར་བ་ཞིག་ཡིན་ལ། འབྲོག་པ་ཚོས་བཤད་སྟངས་འདི་གཏན་ཚིགས་དང་མི་མཐུན་པར་སྙམ་པར་མ་ཟད།ཐ་ན་མིའི་རིགས་ཀྱིས་དུས་གཏན་དུ་ཚད་ལས་བརྒལ་བའི་ཕྱུགས་འཚོ་སྐྱོང་བྱེད་མི་ནུས་པར་བསམ་གྱིན་འདུག
གཅིག ཕྱུགས་གྲངས་ཇེ་མང་དུ་གཏོང་བ་ནི་ཕྱུགས་ཟོག་ལ་གནོད་འཚེ་གཏོང་བ་རེད།
        རྩྭ་སའི་རྒྱ་ཁྱོན་ངེས་ཅན་ཐོག་ཟོག་གྲངས50བསྣན་ཚེ་ཕྱུགས་ཟོག་གི་ཁྱོན་གྲངས150ལ་རྩྭ་སས་མི་འདང་བ་དང་། གལ་ཏེ་ཡུན་རིང་ཚེ་འཚོ་བཅུད་མཁོ་སྤྲོད་ཀྱིས་མི་འདང་བའི་གནས་ཚུལ་དེ་བས་ཚབས་ཆེ་བ་ཡིན། ཐོག་མར་ཕྱུགས་ཟོག་འབོར་ཆེ་བའི་ཤ་ཤེད་ཇེ་སྡུག་དང་ནུས་ཟུངས་ཟད་པས་ཐད་ཀར་ཕྱུགས་ཟོག་གི་རིམས་འགོག་ནུས་པ་མར་འགྲིབ་པ་དང་། མཐའ་གཞུག་ཕྱུགས་ཟོག་ལ་ནད་རིགས་སྣ་ཚོགས་འགོག་རྒོལ་གྱི་ནུས་པ་མེད་པར་འཆི་བའི་གནས་ཚུལ་ཧ་ཅང་མང་བ། ཕྱུགས་ཟོག་གི་ཤི་གྲངས་དེ་རྩྭ་ཐང་གི་ཐེག་ཚད་ཀྱི་མན་ལ་སླེབས་ཚེ། ཕྱུགས་ཟོག་འཆི་བའི་རྒྱུན་ཆད་ངེས་ཡིན།

གཉིས། ཕྱུགས་གྲངས་ཇེ་ཉུང་དུ་གཏོང་བ་ནི་རྩྭ་སར་གནོད་འཚེ་གཏོང་བ་རེད།
        མ་གཞིར་ཕྱུགས་གྲངས100ཐེག་ཀྱང་གྲངས་ཀ50ཇེ་ཉུང་དུ་བཏང་བས། རྩྭའི་ཕྱེད་ཀ་ལས་བཀོལ་སྤྱོད་བྱས་མེད་པར་མཐར་རྩྭ་སའི་ཕྱེད་ཀ་རང་དགར་བཞག་པ་རེད། ཡུན་གྱིས་སྔར་གྱི་སྲོག་ཆགས་དང་རྩི་ཤིང་གི་འབྲེལ་བའི་རྟེན་གནས་ཕྲེང་ཐག་རིམ་གྱིས་ཆད་པ་དང་། རྩི་ཤིང་ལ་སྲོག་ཆགས་ཀྱི་སྲུང་སྐྱོང་དཀོན་པས་སླར་ཡང་སྲོག་ཆགས་ཀྱི་སྐྱེ་ལྡན་བཅུད་རྫས་མཁོ་སྤྲོད་བྱེད་མ་ཐུབ་ན། མཐར་རྩི་ཤིང་གི་རྩད་པ་འཁུམ་པ་དང་ནུས་ཁུངས་ཟད་པ། ཐ་ན་རྩི་ཤིང་གཏན་དུ་སྐམ་པར་འགྱུར་བའི་གནས་ཚུལ་འབྱུང་སྲིད། མིའི་རིགས་ཀྱིས་རྩྭ་ས་ཞན་འགྱུར་གྱི་རྣམ་པ་བཀག་སྡོམ་བྱེད་ཐུབ་ཚེ་ད་གཟོད་རྩྭ་ལྗང་གི་རྦ་རླབས་ཀློང་ནས་ནོར་ལུག་མཐོང་ཐུབ་པ་ལྟ་བུར་འགྱུར་སྲིད།
གསལ་བཤད། ཕྱུགས་གྲངས་ཚད་ལས་བརྒལ་ཚེ། ཕྱུགས་ཟོག་རྩ་མེད་དུ་འགྲོ་སྲིད་པ་དང་། ཕྱུགས་གྲངས་ཉུང་ངུར་བཏང་ཚེ། རྩྭ་ཐང་ལ་ས་ནག་གིས་གནོད་ངེས།

དྲི་བ། ལྕགས་རའི་ནང་རོལ་གྱི་རྩི་ཤིང་ཞན་འགྱུར་གྱི་གནས་ཚུལ་བྱུང་དོན་ཅི་ཡིན་ནམ།
ལན། རྩྭ་ཡང་ཚེ་སྲོག་ཡིན་པས། ཚེ་སྲོག་ཡིན་ཚེ་འཚོ་བའི་ཆེད་དུ་འགྲན་རྩོད་བྱེད་ངེས། བདེ་ཐང་གི་རྩྭ་སའི་ས་རྒྱུ་གཤིན་ལ་རྩི་ཤིང་སྣ་མང་། འོན་ཀྱང་སྐབས་མང་པོ་ཞིག་ཏུ་མི་རྣམས་ལ་རྩྭ་ས་དོ་དམ་གྱི་གོ་རྟོགས་ཞན་པས་རྩྭ་སའི་སྐྱེ་ཁམས་འཁོར་སྐྱོད་ལ་མིས་བཟོས་གནོད་སྐྱོན་མང་པོ་ཐེབས་ཀྱིན་ཡོད། དཔེར་ན། ལྕགས་ར་བཀོལ་སྤྱོད་བྱེད་པའི་ཐད་ངེས་པར་དུ་རྩྭ་དང་སྲོག་ཆགས་བར་གྱི་ཁེབས་རྒྱ་དང་ལུགས་མཐུན་རང་བཞིན། སྙོམས་སྒྲིག་ཚད། གཟན་རྩྭའི་ཚད་སོགས་ལ་རྒྱུས་ལོན་ལེགས་པོ་བྱེད་དགོས། ལྷག་པར་དུ་ལྕགས་ར་བཀོལ་སྤྱོད་ཀྱི་དུས་ཚོད་བརྒལ་ཚད་ལེགས་པར་ཤེས་དགོས། དེ་ལས་ལྡོག་ཚེ་ལྕགས་དྲའི་ནང་རོལ་གྱི་རྩི་ཤིང་དང་ཕྱི་རོལ་གྱི་སྲོག་ཆགས་བར་ལ་འབྲེལ་འདྲིས་དཀོན་པས། སྐྱེ་ཁམས་གནད་དོན་རབ་དང་རིམ་པ་འབྱུང་བ་ཡིན།
གཅིག རྩྭ་ས་བཀག་སྡོམ་གྱི་སྐྱེ་ཁམས་འབྱུང་འགྱུར།
        རྩྭ་སའི་སྐྱེ་ཁམས་མ་ལག་གི་བྱེད་ནུས་གཙོ་བོ་ནི་དངོས་རྫས་འཁོར་སྐྱོད་དང་ནུས་ཤུགས་རྒྱུན་འཁོར་ཡིན། རྩྭ་སར་ཡུན་རིང་པོར་སྲོག་ཆགས་སམ་ཕྱུགས་ཟོག་གི་འགྲོ་འོང་བཀག་ཚེ། རྩི་ཤིང་རང་སྟེང་གི་འཚོ་བཅུད་བརྗེ་ཚབ་དང་རྩི་ཤིང་ཚོགས་པའི་ལེགས་སྒྱུར་ལ་རང་འགུལ་གྱིས་བཀག་རྒྱ་ཚབས་ཆེན་ཐེབས་པ་ཡིན།
གཉིས། རྩྭ་རིགས་ཕན་ཚུན་བར་གྱི་འཚོ་གནས་འགྲན་རྩོད།
        རང་བྱུང་ཁམས་སུ་རྩི་ཤིང་ཚོགས་པས་བྱ་དངོས་ཡོད་ཚད་སོ་སོར་སྐྱེས་པའི་རྩ་དོན་བརྩི་སྲུང་བྱེད་མོད། འོན་ཀྱང་དུས་ཡུན་རིང་པོར་ལྕགས་ར་སྤྱད་ན་རྩི་ཤིང་གི་འཚོ་བཅུད་མཁོ་སྤྲོད་ལ་དཀའ་ཁག་བསྐྲུན་ཡོད་པས།མཇུག་མཐར་རྩི་ཤིང་ཚོགས་པའི་བར་ཕན་ཚུན་ཧམ་བཟུང་དང་གནོན་པ། འཇིབ་པ་སོགས་ཀྱི་སྣང་ཚུལ་འབྱུང་ངེས།

དྲི་བ། འབྲོག་པའི་རུ་སྤོར་གྱིས་མཐོ་སྒང་གི་སྐྱེ་ཁམས་ལ་དོན་སྙིང་ག་འདྲ་བསྩལ་ཡོད།
ལན། རུ་སྤོ་བ་ནི་མཐོ་སྒང་གི་འབྲོག་པའི་འཚོ་བ་སྐྱེལ་སྟངས་དང་འཚོ་བའི་གོམས་སྲོལ་ཞིག་ཡིན་ཞིང་། མཐོ་སྒང་གི་འབྲོག་པའི་གནའ་ནས་ད་བར་དུ་འགྱུར་བ་བྱུང་མེད་པའི་རིག་གནས་ཀྱི་གཞི་རྩའང་ཡིན་ལ། དེ་བས་ཀྱང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མིག་དཔེ་ཡིན།

གཅིག རི་ཡི་མཐོ་དམའ་ལྟར་ས་ཁུལ་དབྱེ་བ། དབྱར་དུས་རི་མགོའི་རྩྭ་ལྗང་རོལ། དགུན་དུས་དམའ་སར་སྐྱིད་ལ་རོལ། ཞེས་པའི་རྩྭ་ཐང་གི་དམངས་གཞས་ཤིག་གིས་འབྲོག་པའི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བའི་འདུ་ཤེས་བརྗོད་ཡོད། ནམ་རྒྱུན་འབྲོག་པས་རྩྭ་ས་ནི་ནམ་ཟླ་བལྟོས་བཅས་ཀྱིས་དྲོ་བས་དབྱར་དང་སྟོན་གྱི་ས་དང་།ནམ་ཟླ་བལྟོས་བཅས་ཀྱིས་འཁྱག་པས་དགུན་དང་དཔྱིད་ཀྱི་ས་གཉིས་སུ་ཕྱེས་ཡོད་ལ་སོ་སོར་མཐོ་དམའི་ཁྱད་པར་ཡང་ཡོད། གངས་དང་ཆབ་རོམ་མ་སླེབས་གོང་དུ་མཐོ་སའི་རྩྭ་ཕྱུགས་ཟོག་གིས་ཟོས་ཚར་དུ་འཇུག་པ་དང་། དགུན་གྱི་འཇབ་རྒོལ་མ་ཐོན་གོང་དུ་དགུན་མཚེར་ལ་འབབ་པ་ཡིན། ལས་སླ་བར་སྣང་བའི་བྱེད་སྟངས་འདིས་འབྲོག་པའི་ཕན་འབྲས་ལྡན་པའི་སྐྱེ་ཁམས་གཉེར་སྐྱོང་གི་འདུ་ཤེས་མངོན་པར་མཚོན་ཡོད།

གཉིས་པ། རྩྭའི་དུས་ཡུན་རིང་ཐུང་གི་འཁོར་སྐྱོད།
འབྲོག་པས་རྩྭ་ཆུ་སྙེག་ནས་འཚོ་བ་སྐྱེལ་སྟངས་ནི་མིའི་རིགས་ཀྱི་གནའ་ནས་ད་བར་གྱི་ཆེས་སྐྱེ་ཁམས་དང་མཐུན་པ། ཆེས་བདེ་ཐང་ཡིན་པ། ཆེས་སྐྱེ་ལྡན་གྱི་རྣམ་པ་མཚོན་པའི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་ཞིག་ཀྱང་ཡིན། རུ་སྤོའི་རིག་གནས་ལ་རྒྱུས་ལོན་ཟབ་མོ་བྱས་ན་ང་ཚོས་སྲོལ་རྒྱུན་གྱི་རུ་སྤོ་སྟངས་ཤེས་ཐུབ་པ་དང་། ཕན་འབྲས་ལྡན་པའི་ངང་ཕྱུགས་ཟོག་གི་གཟན་རྩྭ་དང་རྩྭ་ས་གསོ་སྐྱོང་གི་འབྲེལ་བ་སྙོམ་སྒྲིག་བྱེད་ཆོག ནམ་རྒྱུན་འབྲོག་པས་རྩྭ་ས་དཔྱིད་ས་དང་དབྱར་ས། སྟོན་ས་དང་དགུན་ས་བཅས་སུ་བཀར་ཏེ། ཕྱུགས་ས་རེ་ལོ་རེར་ཟླ་གསུམ་ལས་སྤྱད་མེད་པས། ལོ་རེར་ཐེངས་གཅིག་ལས་འཁོར་གྱིན་མེད། འདིས་རྩྭ་ར་གཅིག་ལོ་རེར་ཟླ་གསུམ་རིང་མ་གཏོགས་སྤྱོད་ཀྱིན་མེད་པ་མཚོན་པས་རྩྭ་ར་གཅིག་ཟླ་བ་དགུ་ལ་གསོ་སྐྱོང་བྱེད་ཆོག་པ་ཡིན། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1