གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༡༧ཉིན།

༄༅།།དགའ་ཕྱོགས་ལ་འཐམས་ན་སེམས་ཁམས་བདེ་ཐང་ཡོང་བ།


        དགའ་ཕྱོགས་ལ་འཐམ་པ་ནི་སྐྱོ་བ་ཡོད་ཚད་སངས་པར་བྱེད་པའི་ངང་ཚུལ་ཞིག་ཡིན་ལ།རང་ཉིད་ཀྱི་དགའ་ཕྱོགས་ལ་འཐམས་ན་སེམས་པ་ཇེ་གཞོན་དུ་འགྲོ་བས།དེ་ནི་ང་ཚོ་མི་རེ་རེའི་བསྙེག་བྱ་ཡིན།

  མེ་ཏོག་གསོ་བར་བྲེལ་བའི་ཨ་ཁུ་སངས་རྒྱས།
        ཉིན་དེར་ཨ་ཁུ་སངས་རྒྱས་ཀྱིས་ཉི་གཡབ་ལྡུམ་རའི་ནང་ནས་གདོང་ལ་དགའ་སྤྲོའི་མདངས་ཀྱིས་ཕྱུག་སྟེ་ང་ལ་བཤད་རྒྱུར“ངས་རྒྱུན་དུ་མེ་ཏོག་གསོས་ན།མེ་ཏོག་གིས་ང་ལ་མོ་དབྱང་གྱེས་རྡུལ་སྦྱིན་ཏེ་དྲིན་ལན་འཇལ་བ་རེད།མེ་ཏོག་ལ་ལུད་འཇོག་པ་དང་ས་སོབ་སོབ་བྱེད་པ།ཆུ་ལྡུག་པ།ཡལ་ག་འབྲེག་པ་སོགས་བྱེད་པའི་གོ་རིམ་ཁྲོད།ངའི་ཁྲག་རྩ་དང་རྒྱུས་པ་གློད་པ་དང་ངལ་བ་སེལ་བ། ལུས་སྟེང་གི་རྙིང་ཚབ་གསར་བརྗེ་ཇེ་དྲག་ཏུ་གཏོང་ཐུབ་པ་དང་།དེ་ལས་ཀྱང་གལ་ཆེ་བ་ནི་ནད་གཞི་དྲག་སྟེ་ཚེ་ཐག་ཇེ་རིང་དུ་ཡོང་བར་ཕན་པ་རེད”ཟེར། ཁོའི་ངང་ཚུལ་དེ་ནི་དགའ་རོགས་སྒྲིག་པའི་སྐབས་ཀྱི་ན་གཞོན་ཞིག་གི་ངང་ཚུལ་དང་ཀུན་ནས་མཚུངས་པས།ཨ་ཁུ་སངས་རྒྱས་ཡང་བསྐྱར་ཁོའི་ཐོག་མའི་བརྩེ་དུང་བཅོལ་སའི་དགའ་མ་སྟེ་མེ་ཏོག་ལ་དུས་ཆད་ལྟར་ལྷན་འཛོམས་བྱེད་དུ་བུད་སོང་།
        མེ་ཏོག་གསོ་བ་དང་ཚོད་མ་འདེབས་པ་ནི་སེམས་ཁམས་གསོ་སྐྱོང་བྱེད་པའི་སྦྱོང་བརྡར་ཆེས་ལེགས་པོ་དེ་ཡིན་པས།དེ་ལ་དགའ་བོ་བྱེད་མཁན་ཤིན་ཏུ་མང་།

 རྒྱན་སྤྲས་ལ་དགའ་བའི་ཨ་ཅེ་ཀླུ་མོ།
        “ང་རང་ཞབས་བྲོ་འཁྲབ་རྒྱུར་དགའ་བའི་དབང་གིས་རྒྱན་སྤྲས་བྱེད་རྒྱུར་ཡང་ཤིན་ཏུ་དགའ”ཞེས་ཨ་ཅེ་ཀླུ་མོས་ཐང་ཆེན་དུ་ཞབས་བྲོ་འཁྲབ་ཞོར་ང་ལ་བཤད་རྒྱུར།“རྒྱན་སྤྲས་བྱས་ན་སེམས་ཁམས་སྐྱིད་པོ་ཡོང་བར་མ་ཟད།ལུས་ཟུངས་གསོ་བའི་ཕན་ནུས་ཀྱང་ཆེན་པོ་ལྡན།” ལུས་ཟུངས་གསོ་བར་གཙོ་བོ་སེམས་ཁམས་གསོ་དགོས་པས།“སེམས་ཁམས་སྐྱིད་པོ་ཡོང་བ་དང་སེམས་སུ་ཡིད་ཆེས་ཀྱིས་བརྟས་ན་ལུས་ཁམས་བདེ་ཐང་ཡོང་བར་དངོས་གནས་ཕན་པ་ཆེན་པོ་འདུག”ཅེས་གདོང་ལ་འཛུམ་གྱིས་ཁེངས་བཞིན་དེ་ལྟར་བཤད།
        མགོ་སྐྲ་མཛེས་པར་སྤྲས་ཤིང་དར་ཁྱབ་ཆེ་བའི་གྱོན་ཆས་གྱོན་པའི་ཚེ་ན།ངས་ཕྱི་རོལ་གྱི་འགྱུར་བ་དེ་དག་གིས་རང་ཉིད་ཀྱི་སེམས་ཁམས་ལ་འགྱུར་བ་མི་ཉུང་བ་ཐེབས་ཏེ།ལུས་པོ་བདེ་ཐང་ཡོང་བར་ཕན་པ་ཆེན་པོ་ཡོད་པ་ཤེས་སོང་།

 རྩད་པ་བརྐོ་བར་བརྩེ་བ་ཟབ་མོ་ཡོད་པའི་ཨ་ཁུ་བཀྲ་ཤིས།
        ཉིན་ཞིག་ལ།ཨ་ཁུ་བཀྲ་ཤིས་ཀྱིས་དགའ་སྤྲོའི་ངང་ང་རང་ཁོའི་རྩད་བརྐོ་ལས་གནས་ཁང་དུ་གདན་དྲངས་པར་མ་ཟད།འཛུམ་དམུལ་དམུལ་གྱིས་བཤད་རྒྱུར།“སྔོན་ཆད་ངས་འཚོ་ཐབས་མ་ཤེས་པས།རྒྱུན་དུ་རང་ཉིད་ལ་ཨུ་ཚུགས་བྱས་ཏེ་མི་འདོད་པའི་ཁོང་ཁྲོ་ལངས་པ་ཡིན། ད་ལྟ་ང་ལ་དགའ་ཕྱོགས་ཡོད་པས།རང་ཉིད་ལ་དབང་བའི་སྡོང་པོའི་རྩད་པ་འདི་དག་དང་འབྲལ་ཐབས་མེད་ལ།རྒྱུན་དུ་དུས་ཚོད་ཀྱིས་མི་འདང་བའི་སྣང་བ་ཡོད་པས།སུན་སྣང་དང་སྡུག་བསྔལ་ཡོད་ཚད་གར་སོང་ཆ་མེད་དུ་གྱུར་ཏེ།ཤུལ་དུ་ལུས་པ་ནི་སྤྲོ་བ་ཁོ་ན་ཡིན།སྔོན་ཆད་ཀྱི་ང་རང་ནི་ཅི་འདྲའི་བླུན་པོ་ཞིག་རེད་ཨང་།”
        ཨ་ཁུ་བཀྲ་ཤིས་ཀྱིས་དགའ་ལྷང་ལྷང་གིས་རང་ཉིད་ཀྱི་བརྩམས་ཆོས་ལ་ཡང་ཡང་བལྟ་བའི་ངང་ཚུལ་དེ་མཐོང་རྗེས།ངས་དངོས་གནས་གྲུབ་འབྲས་ལས་ཐོབ་པའི་སྤྲོ་སྣང་གིས་ལུས་སེམས་བདེ་ཐང་ཐད་མངོན་པའི་ངོ་མཚར་བའི་ཕན་འབྲས་དེ་མཐོང་བྱུང་།

 དམིགས་བསལ་གྱི་དགའ་ཕྱོགས་ལྡན་པའི་བཟའ་ཟླ།
        ངའི་བཟའ་ཟླར་དགའ་ཕྱོགས་གཉིས་ཡོད་དེ།གཅིག་ནི་བུ་མོའི་ཆུང་དུས་ཀྱི་རྩེད་ཆས་དང་འདྲ་པར་རམ་ཡང་ན་ངེད་གཉིས་ཀྱི་ན་གཞོན་དུས་ཀྱི་འཕྲིན་ཡིག་དང་ཉིན་ཐོ་སོགས་བསློག་རྒྱུར་དགའ་བ་དང་།གཅིག་ནི་བེད་མེད་དངོས་པོ་ཡང་བསྐྱར་གསར་བསྒྱུར་བྱེད་རྒྱུར་ཤིན་ཏུ་དགའ།དགའ་ཕྱོགས་འདི་གཉིས་ཀྱིས་མོའི་འཚོ་བའི་ཁྲོད་ཀྱི་མི་སྐྱིད་པ་ཡོད་ཚད་རྒྱང་དུ་བསྐྱུར་ཏེ་མཛེས་པ་བཤད་མི་ཤེས་པ་ཞིག་སྦྱིན་སོང་། །

 འཁྱུག་དབྱངས་ལ་དགའ་བའི་ཕུ་བོ་རྟ་ལོ།
        ཆེས་ངོ་མཚར་བ་ཞིག་ནི་ནད་རིགས་སྣ་ཚོགས་དང་འབྲལ་བ་མེད་པའི་ངེད་ཚང་གི་ཁྱིམ་མཚེས་ཕུ་བོ་རྟ་ལོ་འཁྱུག་དབྱངས་རྩེད་རྒྱུར་ལོབས་རྗེས།གློ་བུར་དུ་ནད་གཞི་སངས་དྲག་ཏུ་སོང་།
        ཉིན་ཞིག་ལ་ངས་བསམ་བཞིན་དུ“ཕུ་བོ་རྟ་ལོ།ཁྱེད་ཀྱི་ནད་གཞི་དྲག་སོང་ངམ”ཞེས་དྲིས་པ་ན།
        ཁོས“ང་ལ་ནད་ཅིག་ཡོད་མ་མྱོང”ཞེས་ཀུ་རེ་རྩེད་ཞོར་བཟོ་ལྟ་སྣ་ཚོགས་སྟོན་བཞིན་པར་བརྒྱག་པར་བྲེལ་ཞིང་དགའ་བའི་དགོད་སྒྲ་ལྷང་ལྷང་དུ་སྒྲོག་པར་བྱེད།ཁོའི་ངང་ཚུལ་དེར་བལྟས་ནས་ངའང་དགོད་རྒྱུ་ཞིག་གཏིང་ནས་ལངས་བྱུང་།
        མེ་ཏོག་གསོས་པས་ཨ་ཁུ་སངས་རྒྱས་ཀྱི་སེམས་པ་སྐྱིད་ཀྱིས་ཁེངས་ལ།རྒྱན་སྤྲས་བྱས་པས་ཨ་ཅེ་ཀླུ་མོའི་སེམས་ལ་ཡིད་ཆེས་ཀྱིས་བརྟས་ཤིང་།རྩད་པ་བརྐོས་པས་ཨ་ཁུ་བཀྲ་ཤིས་ཀྱི་སེམས་ཀྱི་སྡུག་བསྔལ་ཡོངས་སུ་སེལ།གལ་ཏེ་ང་རང་ཉིད་ལ་མཚོན་ནའང་རྩོམ་ཡིག་འབྲི་བའི་དགའ་ཕྱོགས་འདི་མེད་རྒྱུ་ན་འཚོ་བ་འདི་འདྲའི་སྐྱིད་པོ་ཞིག་ཡོང་ངམ། དེའི་ཕྱིར།ངས་རྒྱུན་དུ་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་ཉེ་འགྲམ་གྱི་ལུས་ཟུངས་གསོ་བའི་སྨན་འཐུང་སྟེ། རང་ཉིད་ཀྱི་བདེ་ཐང་ཡོད་ཚད་ཆེད་མཁས་པར་བཅོལ་རྒྱུར་དགའ་བའི་མི་མང་པོ་ཞིག་ལ“སྨན་གྱིས་གསོ་བ་ལས་ཟས་རིགས་ཀྱིས་གསོས་ན་དགའ་ལ།ཟས་རིགས་ཀྱིས་གསོ་བ་ལས་སེམས་ཁམས་གསོས་ན་ལེགས”ཞེས་བཤད་པ་ཡིན།
        རེད་ཡ། སྐྱིད་པའི་སེམས་ཁམས་ནི་སྒོར་མོས་ཉོ་མི་ཐུབ་ལ། རྒྱུ་ནོར་གྱི་མང་ཉུང་ལའང་འབྲེལ་བ་ཆེན་པོ་མེད་པར།དེ་ནི་དགའ་ཕྱོགས་ལས་ཐོབ་པའི་གཞོན་སེམས་ཤིག་ཡིན་ནོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1