ཀྲུའུ་ཧའེ་ནས་འདབ་པའི་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-20


     དཀར་མཛེས་ཉིན་རེའི་ཚགས་པར་ནས་གནས་ཚུལ་འབྱོར་གསལ། ཟླ་7ཚེས་14ཉིན་ཁྲུང་ཆིང་མཁའ་འགྲུལ་ཀུང་སིས་འཕུར་འགན་འཁུར་བའི་ཀྲུའུ་ཧའེ—ཁྲུང་ཆིང—འདབ་པའི་བར་གྱི་མཁའ་ལམ་དེ་དངོས་སུ་ཤར་གཏོང་ཐུབ་པ་རེད། སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ཙམ་ལ་འདབ་པ་ཉི་སྟེང་གནམ་ཐང་དུ་ཀྲུའུ་ཧའེ་ནས་འཕུར་ཐོན་པའི་འགྲུལ་པ་ཁག་དང་པོ་འབྱོར་ཞིང་། ས་བབ་ཀྱི་འབབ་ཁྱད་སྨི་4400ཙམ་ཟིན་ཞིང་དེ་བཞིན་ཆུ་ཚོད་བཞི་དང་ཕྱེད་ཀ་ཙམ་གྱི་ལམ་ཐག་གིས་བར་ཐག་སྤྱི་ལེ་2300ལྷག་ཙམ་ཡོད་པའི་ལྷོ་རྒྱ་མཚོའི་འགྲམ་ངོགས་དང་འདབ་པ་ཉི་སྟེང་དམ་པོར་སྦྲེལ་ཡོད། 
     ད་རེས་ཤར་གཏོང་ཐུབ་པའི་མཁའ་ལམ་གསར་པའི་དུས་གཏན་གནམ་གྲུའི་དུས་ཚོད་ནི་གཟའ་འཁོར་རེའི་གཟའ་མིག་དམར་དང་གཟའ་པ་སངས་གཉིས་ཡིན་ལ། གནམ་གྲུའི་རིགས་ནི་A319ཡིན་ཞིང་། སྔ་དྲོའི་ཆུ་ཚོད་6དང་སྐར་མ་55ལ་ཀྲུའུ་ཧའེ་ཅིན་ཝན་གནམ་ཐང་ནས་འཕུར་ཏེ་ཆུ་ཚོད་11དང་སྐར་མ་35ལ་འདབ་པ་ཉི་སྟེང་གནམ་ཐང་དུ་འབྱོར་བ་དང་། ཉིན་གུང་ཆུ་ཚོད་12དང་སྐར་མ་50ལ་འདབ་པ་ཉི་སྟེང་གནམ་ཐང་ནས་ཕྱིར་ལོག་སྟེ་ཆུ་ཚོད་17དང་སྐར་མ་35ལ་ཀྲུའུ་ཧའེ་རུ་འབྱོར་བ་རེད། མཁའ་ལམ་ཤར་གཏོང་ཐུབ་པ་དེས“སྐར་མའི་གོ་ལ་སྔོན་པོའི་སྟེང་གི་དག་ཞིང་མཐའ་མ”དང“ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་གྲོང་ཁྱེར་ཁྱུ་ཚོགས”བར་སྟབས་བདེ་ཞིང་ཕན་འབྲས་མཐོ་བའི་མཁའ་དབྱིངས་ཀྱི་ཟམ་པ་ཞིག་བསྐྲུན་ཡོད་དེ། དཀར་མཛེས་ཁུལ་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་འབྲེལ་ཡོད་ཐོན་ལས་ཁག་གི“ཕྱིར་སྐྱོད་པ”དང“ནང་དུ་འདྲེན་པར”སྔར་བས་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་གཏོད་རྒྱུ་མ་ཟད། དཀར་མཛེས་ཁུལ་ཡོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་ཡང་སེམས་ཤུགས་ཆེན་པོ་སྤྲད་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4ཚེས་16ཉིན་ནས་བཟུང་། ཁྲུང་ཆིང་མཁའ་འགྲུལ་ཀུང་སིས་འདབ་པ་ཉི་སྟེང་གནམ་ཐང་གི་བཀོད་གཏོང་དང་གཞོགས་འདེགས་འོག  ཀྲུའུ་ཧའེ—ཁྲུང་ཆིང—འདབ་པའི་བར་གྱི་མཁའ་ལམ་གྱི་ཁྲུང་ཆིང་ནས་འདབ་པ་བར་གྱི་མཁའ་འགྲུལ་དུམ་བུར་ཚོད་ལྟས་ར་སྤྲོད་བྱས་པ་མ་ཟད་ལེགས་འགྲུབ་བྱུང་ཡོད། མཁའ་ལམ་དེའི་དུས་འགོའི་གྲ་སྒྲིག་ལས་དོན་སྤེལ་ནས་ལོ་གཉིས་ཙམ་སོང་ཡོད། ཀོང་ཏུང་ཞིང་ཆེན་གྱིས་དཀར་མཛེས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་གལ་ཆེན་བདེ་བླག་ངང་ལག་བསྟར་བྱས་པའི་རྣམ་པ་བཟང་པོའི་འོག  མཁའ་ལམ་ཤར་གཏོང་གི་གྲ་སྒྲིག་ལས་དོན་ལ་ཀྲུའུ་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་། དཀར་མཛེས་ཁུལ་ཨུད་དང་ཁུལ་སྲིད་གཞུང་། དེ་བཞིན་དམངས་སྤྱོད་མཁའ་འགྲུལ་ས་ཁུལ་དོ་དམ་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། སི་ཁྲོན་དར་རྩེ་མདོ་གནམ་ཐང་ཚོགས་པ་ཀུང་སིས་དམངས་སྤྱོད་མཁའ་འགྲུལ་གྱི་འབྲེལ་ཡོད་ཚན་པ་དང་མཁའ་འགྲུལ་ཀུང་སི་དང་མཐུན་སྦྱོར་ཐེངས་མང་བྱས་ནས། མཁའ་ལམ་གྱི་དུས་གཏན་གནམ་གྲུའི་དུས་ཚོད་བརྩོན་ལེན་ཧུར་ཐག་བྱས་ཤིང་། ཕྱོགས་མང་པོའི་འབད་བརྩོན་བརྒྱུད། ལྷོ་རྒྱ་མཚོའི་ངོགས་ནས་འདབ་པ་ཉི་སྟེང་བར“ཉིན་གཅིག་ནང་མཚོ་འགྲམ་ནས་གངས་རིའི་བར་བརྒལ་བའི”བསམ་ཚུལ་དེ་མངོན་འགྱུར་བྱུང་ཡོད། མཁའ་ལམ་གསར་པ་ཤར་གཏོང་ཐུབ་རྗེས། མིག་སྔར། འདབ་པ་ཉི་སྟེང་གནམ་ཐང་དུ་དབྱར་དུས་འགྲོ་འོང་བྱེད་པའི་མཁའ་ལམ་དེ་ཁྲེང་ཏུའུ་དང་། ཞི་ཨན། ཁྲུང་ཆིང་། ཀོང་ཀྲོའུ། ཀྲུའུ་ཧའེ། ལུའུ་ཀྲོའུ་བཅས་སུ་ཡོད་པ་དང་། མཁའ་ལམ་དྲ་བ་རིམ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1