གཙོ་ངོས།>> གནས་མཇལ།>>རི་ཆུའི་རིག་གནས།

ཀརྨ་རྒྱལ་མཚན་ནས་བསྒྲིགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༢༠ཉིན།

༄༅།།ཀཾ་ཁྱིམ་སྤང་ཕུག་ཕྲིན་ལས་ཀྱི་གནས་དང་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག

    
ཀརྨ་རྒྱལ་མཚན་ནས་བསྒྲིགས། ཀརྨ་བཀྲ་ཤིས་རྣམ་རྒྱལ་གྱིས་པར་བླངས།

        འདབ་པ་རྫོང་མི་དམངས་སྲིད་གཞུང་ནི། དཀར་མཛེས་ཁུལ་གྱི་ལྷོ་རྒྱུད་དུ་ཆགས་ལ། རྫོང་མི་དམངས་སྲིད་གཞུང་བཅིངས་འགྲོལ་གྲོང་རྡལ་ལ་ཆགས་ཏེ། སའི་ཆགས་རིམ་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་སྨི་3740དང་། ཁུལ་སྲིད་གཞུང་གི་གནས་ཡུལ་དར་མདོ་བར་རྒྱང་ཐག་སྤྱི་ལེ་430ཙམ་ཡོད།
        འདབ་པ་ཞེས་པ་ནི་གནའ་རབས་ཀྱི་མིང་སྟེ་ས་གནས་འདི་རི་ཀླུང་སྒང་གཤོང་གི་མཐའ་དང་མདོ་ཁ་ཞེང་ཆེའི་སར་ཆགས་ཡོད་པའི་དོན་ཡིན། རྫོང་དེའི་ཁོངས་ཀྱི་གངས་དཀར་རིགས་གསུམ་མགོན་པོ་ནི་ཀུན་གྱིས་ཡིད་སྨོན་དུ་གྱུར་ཏེ་སེམས་ཀྱི་ཉི་ཟླ་ཞེས་ཡོངས་སུ་གྲགས། དེའི་སྐོར་ངོ་སྤྲོད་བསྡུས་པ་ཞིག་ཁོ་བོས་བྲིས་ཏེ། 《གངས་ལྗོངས་ཉི་གཞོན།》2017ལོའི་དེབ་གསུམ་པར་བཀོད་ཡོད། དེ་མིན་ཁམས་པ་གྲུབ་ཐོབ་མི་གསུམ་གྱིས་འདབ་པ་རྫོང་ཁོངས་སུ་བཀའ་བརྒྱུད་པའི་དགོན་པ་གསུམ་ཕྱག་བཏབ་ཏེ། དུས་གསུམ་མཁྱེན་པས་རྒོད་དཀར་བྲག་ལ་བབ་འདྲ་ཡི་སྤང་ཕུག་དགོན་དང་། ཕག་མོ་གྲུ་པས་སྟག་མོ་ནགས་ལ་ཉལ་འདྲའི་འབྲུག་རྗེ་དགོན། གསལ་སྟོང་ཤེས་སྒོམ་གྱིས་ཝ་མོ་ཐང་ལ་རྒྱུགས་འདྲའི་གནས་སྒོ་ཟིལ་གནོན་ལྷ་ཁང་བཅས་བཞེངས་པར། ལོ་བརྒྱད་བརྒྱ་ལྔ་བཅུ་ཡན་མན་གྱི་ལོ་རྒྱུ་ཡོད། ཁམས་པ་གྲུབ་ཐོབ་མི་གསུམ་ཞེས་ཡོངས་སུ་གྲགས་པའི་དཔལ་རྒྱལ་བ་ཀརྨ་པ་དུས་གསུམ་མཁྱེན་པ་(1110-1193)དང་། རྗེ་འགྲོ་མགོན་ཕག་གྲུ་རྡོ་རྗེ་རྒྱལ་པོ(1110-1170)། གསལ་སྟོང་ཤེས་སྒོམ་གསུམ་(གོང་གཉིས་དང་དུས་མཉམ་ཡིན།)སྟེ། ཁམས་པ་གྲུབ་ཐོབ་མི་གསུམ་གྱི་འཁྲུངས་ཡུལ་རིམ་པ་ལྟར་ཧོར་ཏྲེ་ཤོད་དང་། སྡེ་དགེ་དཔེ་ཝར་འབེས་མོ་ནང་། རྨེ་ཤོད་རྩེ་གདོང་སྒང་ཡིན། ཉིན་ཞིག་ཁོང་གསུམ་དཔལ་སྤུངས་དགོན་འདབས་ཆོས་ཁྲི་ཐང་དུ་མ་གྲོས་མཉམ་འཛོམ་བྱུང་ནས། དབུས་གཙང་དུ་ཕེབས་ཏེ་རབ་བྱུང་གཉིས་པའི་ས་ལུག་ལོ་ལ་རྗེ་སྒམ་པོ་པ་(1079-1153)མཇལ་ཞིང་གདམས་ངག་གསན་ཏེ་སྒྲུབ་པ་མཐར་ཕྱིན་པ་མཛད་པས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། བཀའ་བརྒྱུད་གོང་མ་རྣམས་ཀྱི་སྤྱན་ལམ་དུའང་བསྟན་པའི་སྒྲོན་མེ་ལྟ་བུར་གྱུར།

སྤང་ཕུག་དགོན་པ། ▲ 
        དེ་ནས་འགྲོ་དོན་མདོ་ཁམས་སྨད་ཕྱོགས་སུ་ཡོད་པ་མཁྱེན་ཏེ་སྤོ་འབོར་སྒང་དུ་ཕེབས། རྗེ་དུས་གསུམ་མཁྱེན་པས་བསྟོད་་ལུང་མཚུར་ཕུ་སྐུའི་གནས། ཀརྨ་ལྷ་སྟེང་གསུང་གི་གནས། ཀཾ་པོ་གངས་ར་ཐུགས་ཀྱི་གནས། ཁ་བ་དཀར་པོ་ཡོན་ཏན་གྱི་གནས། ཀཾ་ཁྱིམ་སྤང་ཕུག་ཕྲིན་ལས་ཀྱི་གནས་བཅས་ཞལ་འབྱེད། དེ་ལས་སྤང་ཕུག་ཕྲིན་ལས་ཀྱི་གནས་ནི་ཕྱི་ལྟར་གནམ་འཁོར་ལོ་རྩེ་དགུ །ས་པདྨ་འདབ་བརྒྱད། ནོར་བུ་མིག་གསུམ་མམ་མཆོད་རྟེན་འདྲ་བ། རྒྱབ་རི་བྲག་སེང་གེ་གནམ་མཆོང་འདྲ་བ། མདུན་དུ་གཡུ་འབྲུག་སྔོན་མོ་གྱེན་དུ་བརྒྱུགས་པ་ལྟ་བུའི་ཆུ་བོ་གསེར་ལྡན་གྱི་གཡས་གཡོན་དུ་ཆོས་སྒྲ་རྒྱུན་དུ་བསྒྲགས་པའི་རྟེན་འབྲེལ་དུ། དུང་དཀར་རང་བྱོན་གཉིས་ཕ་བོང་ཞིག་ལ་ཤིན་ཏུ་གསལ་བ་ཡོད། ནང་ལྟར་ལྷ་ཡི་གཞལ་ཡས་ཁང་གི་རྣམ་པར་གསལ་བའི་ཀློང་དུ། དཔལ་འཁོར་ལོ་བདེ་མཆོག་དང་། ཡུམ་ཆེན་རྡོ་རྗེ་ཕག་མོ་ལ་གསང་སྔགས་རྒྱུད་སྡེའི་ལྷ་ཚོགས། ཆོས་སྐྱོང་མ་མགོན་ལྕམ་བྲལ། གནས་བདག་དཔའ་བོ་མཁའ་འགྲོ་སོགས་བསམ་གྱིས་མི་ཁྱབ་པ་སྤྲིན་འཁྲིགས་པ་བཞིན་དུ་གནས་པས་དོན་ལ་འདེ་མཆོག་གནས་སུ་གྲགས། གནས་དེའི་རྩེར་ཁྱུང་རི་གནམ་རྫོང་གི་གནས་ཡིན་ཏེ་རྒྱབ་རི་ཁྱུང་ཆེན་གནམ་དུ་འཕྱོ་བ། མདུན་རི་གླང་ཆེན་མདུན་དུ་འདུད་པ། གཡས་རི་སྟག་མོ་ནགས་ལ་འགྱིང་བ། གཡོན་རི་གཡུ་འབྲུག་གྱེན་དུ་འགྲེང་བ། རྩེ་མོ་ཤིན་ཏུ་མཐོ་ཞིང་བརྗིད་ཆགས་པ་བལྟ་ན་སྡུག་ཅིང་ཡིད་དུ་འོང་བའོ། ། གནས་ནང་དུ་ཁམས་པ་གྲུབ་ཐོབ་མི་གསུམ་ཡུན་རིང་དུ་བཞུགས་ཏེ། འོད་གསལ་ཕུག་དང་། སྤང་ཕུག་བདུད་འདུལ་ཕུག །ཀླུ་བདུད་ཕུག །ཉི་མའི་ཕུག་བཅས་ཕུག་བཞི་དང་། བྱ་བཏང་གླིང་། བརྒྱད་སྟོང་གླིང་། ཐར་པ་གླིང་། བདེ་ཆེན་གླིང་བཅས་གླིང་བཞི་སོགས་སྒྲུབ་ཕུག་བརྒྱ་རྩ་བརྒྱད་ལ་སྒྲུབ་པ་ཉམས་ལེན་མཛད་ཤུལ།

འབྲོག་རྗེ་དགོན།  ▲ 
        དགོན་པའི་རྒྱབ་ཀྱི་བྲག་ངོས་ཅིག་གི་སྟེང་བྲག་སྲིན་མོ་དམ་ལ་བཏགས་པའི་སྲིན་མོ་རང་ཐག་ཞེས་པ། གཡས་ཀྱི་ཕ་བོང་ལ་ཀརྨ་པ་མཁྱེན་ནོ་ཞེས་པ་དང་། གཡོན་གྱི་བྲག་ངོས་ལ་དུས་གསུམ་མཁྱེན་པའི་ཕྱག་བྲིས་ཀརྨ་པ་སྐུ་ཕྲེང་རིམ་བྱོན་འབྱུང་བའི་མ་འོངས་ལུང་བསྟན། ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ཚ་བ་སྒང་སོགས་བྱོན་སྐབས་སྤང་ཕུག་ཏུ་ཕེབས་ཏེ་ཤངས་ཁྲག་གིས་ཤ་བ་དང་རྣ་བའི་གཟུགས་རིས་བྲིས་པ། དགོན་པའི་ཡར་སྟོད་ན་རྨ་ཆེན་རྒྱ་མཚོ་ཞེས་པའི་དགོན་པའི་སྲུང་མ། དྲག་པོའི་མངོན་སྤྱོད་དང་ལྡན་པ་ཕུར་པ་སྐེད་ལ་བཙུགས་པའི་ཀླུའི་དགེ་བསྙེན། ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ་བདེ་ཆེན་གླིང་དུ་སྒྲུབ་གྲྭ་གཙུགས་ཏེ་བྱིན་གྱིས་བརླབས་པའི་མཐུས། དགེ་སྦྱོང་བཞིའི་ཆོས་དང་ལྡན་པའི་རྟགས་རྡོ་རྗེའི་རྗེས་དང་ཞབས་རྗེས་བཅས་ཡོད་དང་། བྲག་གི་སྟོད་དུ་རྗེ་ཉིད་དབྱར་གནས་མཛད་སའི་བཙུག་ལག་ཁང་གི་ཤུལ་དུ་ད་ལྟའང་བསམ་གཏན་གྱི་རི་ཁྲོད་མཇལ་རྒྱུ་ཡོད། དགོན་པའི་མདུན་གྱི་ཐང་ཆེན་གྱི་སྟེང་དུ་གོང་མ་ཆེན་པོས་ཆོས་གྲགས་རྒྱ་མཚོ་ལ་བརྒྱ་འབུལ་མཛད་སྐབས་ཀྱི་ཆོས་ཁྲི་དང་། ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེ་གནས་ནང་དུ་བྱོན་ནས་ཆོས་འབྱིངས་ཁོག་ཞེས་ལུང་པ་ན་གྲུབ་རྟགས་དང་། ནད་རིགས་མང་པོ་ལ་ཕན་པའི་ཚྭ་ཆུ་མང་པོ་བཏོན་པ། ཀརྨ་པ་བཅོ་ལྔ་མཁའ་ཁྱབ་རྡོ་རྗེས་བྲག་ངོས་ཅིག་ལ་རྗེ་དུས་གསུམ་མཁྱེན་པའི་སྐུའི་རང་བྱོན་སྔོན་ན་མེད་པ་ཞལ་ཕྱེས་བ་དང་། བྲག་སྐོམ་པོ་ལས་ཚེ་ཆུ་འོ་མ་ལྟ་བུ་ལྷུང་ལྷུང་བབ་པ། ཤུག་ཤིང་སྐམ་པོ་ལ་མདུད་པ་མཛད་པ། ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་སྤང་ཕུག་ཏུ་ཕེབས་དུས་རྡོ་ལ་ཞབས་རྗེས་བཞག་པ་སོགས་འདོར་ན་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གནས་ནང་དུ་ཞབས་ཀྱིས་བཅགས་པ་དང་། བྱིན་གྱིས་རླབས་པ། གྲུབ་རྟགས་བཏོན་པ་སོགས་ནི་བརྗོད་ཀྱིས་མི་ལངས་བ་ནི་ཀརྨ་པ་རིམ་བྱོན་གྱི་རྣམ་ཐར་ལས་གསལ།
        དེ་ནས་རབ་བྱུང་བརྒྱད་པའི་ལྕགས་ཡོས་(1471)ལོར་ཀརྨ་པ་ཆོས་གྲགས་རྒྱ་མཚོས་དབྱར་གནས་མཛད་སའི་བཙུག་ལག་ཁང་གི་ཤུལ་དུ་དྲུང་པ་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྡོ་རྗེ་རྒྱལ་མཚན་གྱིས་སྒྲུབ་ཁང་བཞེངས། ཁོང་ལ་རྡོ་རྗེ་གསུམ་འཛོམ་གྱི་གནས་སུ་འགྲོ་དོན་ཡོད་པའི་བཀའ་ལུང་བབ་དོན་ལྟར། ཀཿཐོག་ནས་སྤང་ཕུག་ཏུ་གཞི་བདག་རྡོ་རྗེ་བརྩེ་འབུམ། ཚོགས་བདག་རྡོ་རྗེ་རྒྱལ་མཚན། གནས་བདག་རྡོ་རྗེ་དཔལ་བཙུན། རྡོ་རྗེ་གསུམ་འཛོམ་གྱི་རྟེན་འབྲེལ་གྱིས་སྤང་ཕུག་སྒྲུབ་ཁང་དང་། དགོན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ། ཕྱག་རྒྱ་ཆེན་པོའི་སྤྱི་ཆིངས་ཉམས་རྟོགས་གོ་འབྱེད་གསལ་བའི་མེ་ལོང་ཞེས་པོད་གཅིག་དང། ཡུལ་འདིའི་གཞི་བདག་སོ་སོ་ལ་བསངས་མཆོད་བཅས་མཛད་པ་དང་། རྟེན་བཞེངས་ཀྱི་མཛད་རྗེས་མཐའ་ཡས་པ་སོགས་དགོན་གནས་འདི་ལ་བཀའ་དྲིན་བརྗོད་ལས་འདས། ཞེས་རྒན་རབས་རྣམས་ཀྱིས་གསུངས།

ཀརྨ་པ་སྐུ་ཕྲེང་རིམ་བྱོན་མ་འོངས་ལུང་བསྟན།   ▲ 
        སྤང་ཕུག་དགོན་པ་མེ་རྐྱེན་ཤོར་ནས་ཞལ་གསོས་ཐོན་རྗེས། ཀརྨ་པ་མཁའ་ཁྱབ་རྡོ་རྗེས་རབ་གནས་མཛོད་དེ། དེའང་ཁོང་དགུང་གྲངས་བཅུ་བཞི་སོན་པ་ན་ལི་ཐང་སྤང་ཕུག་དགོན་པའི་གཙུག་ལག་ཁང་ཉམས་གསོ་གསར་སྐྲུན་ལ་རབ་གནས་དགོངས་གཏད་དུས་ཚོད་བསྒྲིགས་ཏེ་རྟགས་ཐོན་དགོས་ཞེས་ཞལ་བཞེས་ཀྱི་དུས་ཐོག་ཁེལ་ཉིན་མཚུར་མདོའི་ལྷ་ཆེན་རྒྱ་ཕིབས་འོག་ཏུ། དགོན་དེའི་ཤོག་ཐང་རི་མོ་བྲིས་པ་ཞིག་ལ་སྐུ་རྩེད་ལྟ་བུའི་འབྲས་དཀར་དྲི་བཟང་གིས་སྦགས་པ་གཏོར་སྐབས། སྤང་ཕུག་དགོན་དུ་མཆོད་སྤྲིན་གཟབ་རྒྱས་སྤྲིན་དཀར་གྱི་གསེབ་ནས་འབྲས་སེར་གྱི་ཆར་ཕྱི་ནང་ཁྱབ་པའི་རྟགས་མཚན་ཀུན་གྱིས་མཐོང་། དེར་ཡོད་མི་རྣམས་ཀྱིས་མི་ཕྱེད་པའི་དད་པ་བསྐྱེད་ཅེས་མཁའ་ཁྱབ་རྡོ་རྗེ་རྣམ་ཐར་ལས་གསལ།
        ཆོས་རྗེ་དུས་གསུམ་མཁྱེན་པས་གནས་དགོན་འདི་ཕྱག་བཏབ་ནས་ཡར་བསྟོད་ལུང་མཚུར་ཕུར་བྱོན་ཁར་དམ་པ་ཉིད་ཀྱི་ཕྱག་བཟོ་ཁོང་རང་དང་དབྱེར་མེད་པའི་སྐུ་ང་འདྲ་མ་ཞེས་གྲགས་པ་སྟེ། དགོན་བདག་ལ་ང་རང་ལ་དགའ་འམ་སྐུ་འདྲ་ལ་དགའ་ཞེས་འདམ་ག་གནང་གསུངས། དེའི་སྐབས་སུ་སྤྲུལ་སྐུའི་ཡང་སྲིད་ངོ་འཛིན་བྱེད་སྲོལ་མེད་རྐྱེན་གྱིས་དགོན་བདག་གིས་ཁྱེད་ཉིད་ནམ་ཞིག་འདས་རྒྱུ་ཡིན་པས། སྐུ་འདྲ་ལ་འདས་རྒྱུ་མེད་པས་སྐུ་འདྲ་ལ་དགའ་ཞེས་ཞུས། དེ་ནས་སྐུ་ང་འདྲ་མ་ལ་ཁོང་དངོས་སུ་བཞུགས་པ་དང་གཉིས་སུ་མེད་པའི་བྱིན་རླབས་དང་རབ་གནས་བརྟན་བཞུགས་མཛད་ནས་ངོ་མཚར་བའི་རྟགས་ཐོན་པ་དང་། གསུང་འབྱོན་པ་སོགས་ནི་དངོས་སུ་གྲགས། གནས་མཆོག་ཁྱུང་རི་གནམ་རྫོང་གི་དབུས་སུ་འབྲུག་རྗེ་བཀྲ་ཤིས་དར་རྒྱས་གླིང་ཆགས་པ་དང་། ཁྱད་པར་གཏེར་ཆེན་སྔོན་བྱོན་རྣམས་དང་པདྨ་གླིང་པ་ཉིད་ཀྱི་གཏེར་ལུང་ལས། ཕྱི་ནང་བར་གསུམ་དུ་གུ་རུ་པདྨས་བྱིན་གྱིས་བརླབས་པའི་གནས། དྲག་པོའི་ཁྲོ་བོ་ཁྲོ་མོ་དང་། ཕུར་པའི་གནས་སྙིང་པོ་ཀཱི་ལི་ཀི་ལ་རང་བྱོན། བདེ་མཆོག་གནས་ནང་དུ་༧ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེའི་སྒྲུབ་ཕུག དེ་སྐོར་སྟག་དང་གཅན་གཟན་རིགས་ལ་ཐུག་པ་དྲང་སྣོད་རྡོ་ཀོང་དང་། བྲག་ལ་ཤ་བའི་གཟུགས་རིས་དང་ཨ་ཡིག་རང་བྱོན། ཕག་མོ་ཡོན་ཏན་ཀྱི་གནས་ལ་ལྷ་ལྔའི་སྐུ་རང་བྱོན། མཁའ་འགྲོའི་བྲོ་ར་ཚོགས་གཞོང་། ཡི་དམ་ཀུན་འབྱུང་མཁའ་འགྲོ་འབུམ་གྱི་གཏན་གནས་གཞལ་ཡས་ཁང་། རྡོ་རྗེ་གྲོ་ལོད་ཐུགས་ཀྱི་གནས་ལ་སྐུ་དང་ཕུར་པའི་རང་བྱོན་ངོ་མཚར་ཆེ། དྲག་པོའི་སྒྲུབ་ཕུག་སྟག་གི་རྗེས་དང་། སྟེང་དུ་གུ་རུ་ཞི་བའི་སྒྲུབ་ཕུག་སིདྡྷི་རང་བྱོན།

ཤུག་ཤིང་སྐམ་པོ་མདུད་པ་ཅན།   ▲ 
        རྒྱབ་ཏུ་རིགས་ལྔ་གནས་ལ་དུས་གསུམ་སངས་རྒྱས་དང་གནས་བརྟན་བཅུ་དྲུག་བཅས་ཞབས་རྗེས་རང་བྱོན། ཛམ་སེར་གནས་ལ་མཁའ་འགྲོ་ཐ་ར་ཧི་ཡི་དྷ་ཡིག་དང་ཨོཾ་ཨཱཿཧཱུྃྃ་དྷ་ཡིག་སྙིང་པོ་རང་བྱོན། དྲང་སྲོང་བཟའ་ཡི་གནས་ལ་རྡོ་རྗེ་ཁྲི་དང་། གུ་རུ་རྩ་གསུམ་སྐུ། ཕྱག་ཞབས་སྐུ་རྗེས་དང་ཡི་གེ་རང་བྱོན། ཞི་བའི་ལྷ་ཚོགས་ཀྱི་གནས་ལ་རྗེ་འབངས་ཉེར་ལྔའི་ཞབས་རྗེས། འགྲོ་འདུལ་སྐུ་གསུང་ཐུགས་ཀྱི་གནས་ནང་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་། འཁོར་བ་དོང་སྤྲུགས། ཁ་སརྤ་ཎྀ་བཅས་དེའི་གནས་སོགས་དང་། དེ་དང་ཉེ་བའི་ཆ་ལ་རྗེ་ཕག་མོ་གྲུ་བའི་སྒྲུབ་ཕུག མགོན་པོ་བྱ་རོག་གདོང་ཅན་གྱི་གནས་ལ་དུག་ལྔ་རང་གྲོལ་འཕྲང་འདྲེན་དང། གཡས་སུ་རྟ་མགྲིན་བླ་མཚོ། གཡོན་དུ་མགོན་པོ་བེར་ནག་ཅན་གྱི་བླ་མཚོ་དང་། ཡེ་ཤེས་ལྔ་ལྡན་ཁྲི་སོགས། ཏྲཀྴད་གནས་སྙིང་གི་རྗེས་བསྟེན་པའི་བླ་ཤིང་དང་གུ་རུ་ཚེ་མཐའ་ཡས་པའི་སྒྲུབ་ཕུག་ཚེ་ཆུ། ཚེ་བསྙེན་རང་བྱོན་སོགས། གནས་དེ་རྣམས་ཀྱིས་རྩེ་ལ་ཆོས་སྐུ་སྟོན་པ་ཀུན་བཟང་ཡབ་ཡུམ་གྱི་སྐུ་གསུང་ཐུགས་གསུམ་གྱི་རང་བྱོན་མཐོང་ཚད་གདོད་མའི་དབྱིངས་སུ་སངས་རྒྱས་ཀྱི་ས་ལ་འགོད་ཨུ་པ་དྷ་ཤར་བའོ། །དད་ལྡན་མིན་པའི་བག་ཆགས་སྲབ་མིན་མཇལ་བར་དཀའོ། །རིགས་ལྔ་ཞིང་ཁམས་ཚུལ་དུ་གསལ། འཁོར་ལོ་ལྔ་ལྡན་བསྟན་པའི་གནས། ཡང་དག་སྒྲུབ་པའི་གནས་ཀྱི་མཆོག ། རང་བྱོན་གཏེར་སྒོ་གྲངས་ལས་འདས། ཕྲིན་ལས་བཞིའི་གཏེར་སྒོ་སོགས། མདུན་མཐའ་གནས་ཀྱི་སྒོ་དྲུང་ནི། བདུད་ཀྱི་སྟག་ཁྱི་བཙན་གྱི་གཟིག་ཁྱི་དང་། དམ་ཉམས་སྲོག་རྩ་གཅོད་པའི་ཤན་པ། སྲུང་བཞི་རྟག་བརྒྱད་ལ་སོགས་པ། གནས་ཆེན་འདི་ཉིད་ནི། ལྗོངས་ལྔ་གླིང་དྲུག་དུར་ཁྲོད་ཕྱོགས་མཚུངས་ཕྱི་ལྟར་ན་གཞལ་ཡས་ཁང་དཀྱིས་འཁོར་གཅིག་ཏུ་རྫོགས། ནང་ལྟར་བཅུད་རི་བྲག་རྩི་ཤིང་ནགས་ཚལ་ཐམས་ཅད་ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་ལྷ་ཚོགས་དུ་མའི་གནས་མཆོག །སིངྡྷི་དང་ཨཱ་ལི་ཀཱ་ལི་བཅས་རང་སྒྲ་སྒྲོག་བཞིན་པ་སོགས་གནས་ཡིག་རྙིང་པར་གསལ། གནས་དེའི་ནང་ནས་ཉོན་མོངས་རྟོག་ཚོགས་འགགས། རང་བྱུང་ཡེ་ཤེས་ཐུགས་ལ་འཆར། འབད་མེད་ལྷུན་གྱིས་འགྲུབ་ཅེས་པ། མདོར། རྩེ་མཐའ་བར་ནང་བཞི་ལས། བསྐོར་བ་རིམ་གྲོ་ཚེ། རྩེ་ལ་བྱེ་བ། མཐའ་ལ་དུང་། བར་ལ་འབུམ། ནང་ལ་ཁྲི་སོགས་ཡོན་ཏན་བསམ་པའི་ཡུལ་ལས་འདས། དེ་ལྟར་པདྨ་གསུངས་ཚིག་གོ །གཞི་བདག་འདི་ལ་བྱ་ཁྱུང་སྐུའི་རང་བྱོན་གནས་ཡིག་ལས། ཁྱུང་རི་གནམ་རྫོང་ཞེས་བྱ་བ། ས་ཡིས་དགེ་བཅུ་ཚང་བར་གྲགས། འཕྲང་འགག་ཞེས། དེ་ཚེ་སྲིན་པོ་ས་ཆ་ཡུལ། མི་སྐྱ་ཕོ་མོ་རྣམས་མཚན་མོ་ལམ་འགྲོ་མི་ཕོད་ཡ་ང་བ་ཆོ་འཕྲུལ་བསྟན་པ་སོགས། དེ་ཚེ་སློབ་དཔོན་པདྨ་ཞབས་ཀྱིས་བཅགས།རྡོ་ཕ་བོང་ལ་ཕྱག་གིས་ཁུང་ཕུག་སྲིན་པོ་འདྲེན་ཁང་བྱས། དེ་ནས་སྲིན་པོ་བྲོས་དང་འབྲོས། ཁོང་གི་དབུ་ཞྭ་ཕུད་ནས་ཕྱག་ཏུ་བསྣམས་ནས་འཕེན། རྡོ་ཕ་བོང་སྟེང་ཕོབ། དབུ་ཞྭ་རྗེས་དངོས་འཇལ། སྲིན་པོའི་ནུ་མ་རེ་ལ། མ་ཎྀ་སོགས་རྡོ་འབུམ་རེ་བཞེངས། དེ་ནས་སྲིན་པོ་རྣམས་རིམ་བཞིན་ཉམས་རྒུད་སོང་། དགོན་གླིང་ཤར་ཕྱོགས་སུ་རྡོ་ཕ་བོང་ལ་ཕ་དམ་པའི་དབུ་ཐོད་རྗེས་ཤུལ་གསལ་པོ་ཡོད། དེ་ལྟར་གནས་ནང་དུ་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་མང་པོ་ཡོད་པ་ནི་ཡང་བསྐྱར་དུ་ཐོན་མི་སྲིད་པ་ལྟ་ཅི། གཞན་གྱིས་ཀྱང་ཚབ་བྱ་མི་ཐུབ་པའི་ཐོན་ཁུངས་ཆེས་རྩ་ཆེན་ཤིག་ཡིན། ཚོང་ལས་ཅན་དུ་ཤོར་མི་འགྱུར་བ་ལྟ་ཅི། ཡུལ་སྐོར་པ་དང་རྒྱ་ཆེའི་དམངས་ཚོགས་ཀྱི་སེམས་ཀྱི་གཏིང་ནས་ཀྲུང་ཧྭ་རིག་གནས་ལ་དགའ་ཞེན་ཚད་མེད་དང་ཡིད་ཆེས་བརྟན་པོ་ལྡན་པའི་བསམ་པའི་སྒུལ་ཤུགས་ཡོད་པར་བྱ་དགོས། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1