༄༅།།བོད་ཀྱི་ཐང་ཁའི་སྒྱུ་རྩལ་ལས་ཀརྨ་སྒར་བྲིས།

མི་གསལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་པོ་དྲ་བ། སྤེལ་དུས། 07-21



           དེ་ཡང་ཐང་ཁ་ཞེས་པར་ཐ་སྙད་ཀྱི་མིང་ཐོབ་ཚུལ་ཐད་ཐང་ཀ་དང་། ཐང་ཁ། ཐང་ག་ཞེས་འབྲི་སྲོལ་མི་འདྲ་བ་ཐོན་རུང་དེར་ནང་དོན་ཐད་འགལ་བ་གང་ཡང་མི་མངོན་ལ། མིང་མཐའ་འདྲེན་ཚུལ་གྱི་ཁྱད་པར་ཙམ་ཡིན། དེ་ཡང་བོད་ཀྱི་ཐང་ཁའི་སྒྱུ་རྩལ་ནི་སངས་རྒྱས་ཀྱི་བསྟན་པ་བོད་དུ་དབུ་བརྙེས་རྗེས་དར་འཕེལ་བྱུང་བ་ཞིག་ཡིན་ཏེ། ནང་བསྟན་གྱིས་གཙོས་པའི་ཕྱི་ཡི་རིག་གནས་སྒྱུ་རྩལ་གྱི་ཤུགས་རྐྱེན་དང་བསྟུན་ནས་རིམ་བཞིན་གོང་དུ་འཕེལ་བ་ཞིག་ཡིན། དེ་ནས་མུ་མཐུད་ཐང་ཁ་དེ་ཉིད་སྔར་གྱི་སྒྱུ་རྩལ་གྱི་རྨང་གཞིའི་སྟེང་རྒྱུན་འཛིན་དང་འཕེལ་རྒྱས་ཀྱིས་རྒྱ་གར་དང་། བལ་པོ། ཀྲུང་ཡོན་ས་ཁུལ་སོགས་ཀྱི་སྒྱུ་རྩལ་གྱི་ཉིང་བཅུད་ཚུར་ལེན་བྱས་ནས་བོད་ཀྱི་སྒྱུ་རྩལ་ནང་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རྣམ་པ་ཞིག་ཏུ་གྲུབ་ནས་རི་མོའི་བྲིས་རྒྱུན་མི་འདྲ་བ་བྱུང་བས་མེ་ཏོག་མཉམ་བཞད་ཀྱི་རྣམ་པ་བཟང་པོ་ཞིག་ཐོན་ཡོད། བྲིས་རྒྱུན་མི་འདྲ་བ་དེ་དག་ལས་འགའ་རེ་ནི་ཡུལ་གྱི་སྒོ་ནས་མིང་ཐོགས་པ་དང་། འགའ་རེ་ནི་སྲོལ་གཏོད་མཁན་གྱི་མཚན་གྱི་ཐོག་ནས་བཏགས་པ་ཡང་ཡོད། དེ་ལྟར་ཀརྨ་སྒར་བྲིས་ཀྱི་ལུགས་དེའི་སྲོལ་གཏོད་པ་པོ་ནི་དུས་རབས་བཅུ་དྲུག་ཙམ་ལ་འཁྲུངས་པའི་ལྷོ་ཁ་ཡ་སྟོད་ཁུལ་གྱི་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཞུ་བ་ཁོང་ཡིན། ཁོང་ཆུང་ངུའི་དུས་ནས་རི་མོའི་མཁས་པ་ཇེ་སྙེད་ཅིག་གི་ཞབས་ལ་གཏུགས་མྱོང་ཞིང་དེ་དག་ལས་སྨན་ལུགས་ཀྱི་ལྷ་འབྲི་མཁས་ཅན་སྐལ་ལྡན་ཤར་ཕྱོགས་པ་དཀོན་མཆོག་ཕན་བདེ་ཞུ་བ་དེ་ཉིད་ཤུགས་རྐྱེན་ཆེ་ཤོས་བྱུང་། སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་མཆོག་གིས་རི་མོའི་རུས་ཚུགས་དེ་རྒྱ་གར་གྱི་ལི་མ་དང་སྨན་ཐང་གི་ལུགས་གཞིར་བཞག་པ་ནས་ཏཱ་མིང་དུས་ཀྱི་ཞིབ་བྲིས་ཀྱི་ལེགས་ཆ་བླངས་ཏེ་སྒར་བྲིས་ཞེས་པའི་བྲིས་རྒྱུན་དེ་གསར་དུ་གཏོད། དེའི་ཁྱད་ཆོས་ནི་མི་སྣའི་གཟུགས་བརྙན་འབུར་དུ་དོད་ཅིང་བཅད་རིས་བརྗིད་ཉམས་ལྡན་པ། ཚོན་མདངས་ཐད་ལྗང་ནག་ཤས་ཆེ་བ། ཁམས་དྭངས་ལ་མཛེས་པ། ཏཱ་མིང་དུས་ཀྱི་སི་ཐང་གི་ཁྱད་ཆོས་མངོན་པའི་ཁྱད་དུ་འཕགས་པའི་སྒྱུ་རྩལ་ཞིག་ཡིན།
           ཀརྨ་སྒར་བྲིས་ཀྱི་ལུགས་ནི་བོད་ཀྱི་ཤར་ཕྱོགས་ཁུལ་གྱི་རི་མོའི་འབྲི་ལུགས་ཤིག་ཡིན་ཞིང་། དེ་ནི་ནམ་མཁའ་བཀྲ་ཤིས་ཀྱིས་གསར་དུ་གཏོད་པར་གྲགས་ཤིང་། ཁོང་དང་དུས་མཉམ་པའི་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་ བསྐྱོད་རྡོ་རྗེ་མཆོག་གིས་དེའི་གཞུང་ལུགས་ཀྱི་རྨང་གཞི་གཏིང་གནང་བ་ཞིག་ཡིན། དེ་ལྟར་སྒར་ལུགས་དེ་ཀརྨ་ པ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་དུས་སུ་གསར་གཏོད་དང་འཕེལ་རྒྱས་བྱུང་བ་ཞིག་ཡིན་པས་ཀརྨ་སྒར་བྲིས་ཞེས་ གྲགས། དུས་རབས་བཅུ་དྲུག་པར་ཀརྨ་སྒར་བྲིས་ཀྱི་བྲིས་རྒྱུན་དེ་ཁམས་ཁུལ་དུ་དར་མགོ་ཚུགས་པ་ནས་བཟུང་སྔ་རྗེས་སུ་མཁས་དབང་ཇེ་སྙེད་ཅིག་ཐོན་ཡོད་ལ། ལུགས་དེ་དར་སའི་ས་ཁམས་དེ་རྒྱ་ནག་དང་འབྲེལ་བ་ཟབ་པས། ཕན་ཚུན་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ཐད་ཤུགས་རྐྱེན་ཆེ་ལ་ལྷག་པར་དུ་རི་མོའི་བྲིས་ལུགས་ཐད་རྒྱ་ནག་གི་མིང་རྒྱལ་རབས་རྗེས་ཀྱི་ཞིབ་བྲིས་ཀྱི་གར་ཚོན་རི་མོ་དང་། ཟི་ཁྲོན་མན་ཀྲུའུ་པར་ཤིང་གི་ལོ་གསར་རི་མོའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ཞིག་ཡིན། ཀརྨ་སྒར་བྲིས་ལུགས་ཀྱིས་སྲོལ་རྒྱུན་གྱི་རི་མོའི་བྲིས་རྒྱུན་རྒྱུན་འཛིན་གྱི་རྨང་གཞིའི་ཐོག་བློ་ཁོག་ཆེར་བསྐྱེད་ཀྱིས་རྒྱ་མི་རིགས་ཀྱི་རི་མོ་མཁས་པའི་ཉིང་བཅུད་ཚུར་ལེན་ནས་རི་མོའི་ཚོན་མདངས་དང་། དུང་སེམས་མཚོན་རྒྱུར་མཐོང་ཆེན་གྱིས་རི་མོའི་བཟོ་རྩལ་སྒབ་བརླིང་ལ་སྒྲིག་གཞི་ཚགས་དམ་པས་ཀུན་གྱིས་འགྲན་ཟླ་བྲལ་བའི་ངོ་མཚར་གྱི་གནས་སུ་གྱུར་ཡོད། དེ་ལྟར་བྲིས་རྒྱུན་དེའི་སྤྱིའི་རྣམ་པ་དབུས་གཙང་ཁུལ་གྱི་སྨན་ཐང་ལུགས་དང་མཁྱེན་བརྩེ་ལུགས་གཉིས་ཀྱི་བྲིས་རྒྱུན་དང་མི་འདྲ་བའི་དམིཊ་བསལ་གྱི་ཁྱད་ཆོས་ཤིག་ཏུ་གྲུབ་ཡོད་ལ། ཆབས་ཅིག་དུས་རབས་ཉི་ཤུ་པའི་མགོ་ཙམ་ལ་ཀརྨ་སྒར་བྲིས་ཀྱི་ལུགས་དེ་སྔར་བས་འཐུས་ཚང་དང་འཕེལ་རྒྱས་བྱུང་ཡོད་པ་ཞིག་ཡིན། ཕྱིས་སུ་དུས་སྔ་ཕྱིའི་དབང་གིས་ཀརྨ་རིན་ཆེན་སོགས་ལས་དར་སྤེལ་བྱུང་བའི་རྒྱུན་དེ་ལ་སྒར་ལུགས་རྙིང་མ་དང་། སི་ཏུ་ཆོས་འབྱུང་གིས་གསར་གཏོད་མཛད་པ་དེ་ལ་སྒར་ལུགས་གསར་མ་ཞེས་བརྗོད།
           ཐང་ཁའི་སྒྱུ་རྩལ་ནི་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་གཙོ་བོའི་གྲས་ཤིག་ཡིན་ལ་རི་མོའི་གལ་ཆེའི་གྲུབ་ཆ་ཤིག་ཀྱང་ཡིན་མོད། རིག་གནས་གསར་བརྗེ་ཆེན་པོའི་ནང་གོད་ཆག་དང་ཉམས་དམས་ཆེན་པོ་བྱུང་བ་དང་། སྐབས་བཅུ་གཅིག་པའི་ཀྲུང་ཨུད་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་མྱུར་སྐྱོབ་དང་སླར་གསོ་དར་སྤེལ་ལས་དོན་རྒྱ་ཆེར་སྤེལ་བས། ཐང་ཁའི་སྒྱུ་རྩལ་དེ་ཉིད་མྱུར་སྐྱོབ་དང་སླར་གསོའི་ལས་ཀ་མགོ་ཚུཊ་པ་ནས་བཟུང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐོན་ཡོད། ཐང་ཁ་དེ་བོད་ཀྱི་རི་མོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་བརྟེན། ༡༩༨༥ལོར་བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་སྲོལ་རྒྱུན་གྱི་རི་མོ་དེ་ཉིད་དངོས་སུ་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་ཚན་ཁག་གི་གལ་འགངས་ཆེ་ལ་མེད་དུ་མི་རུང་བའི་མཛེས་རྩལ་ཆེད་ལས་ཀྱི་སློབ་ཚན་ཞིག་ཏུ་གཏན་འཁེལ་བྱས་ཡོད། ༡༩༨༧ལོའི་ཟླ་༨པར་སློབ་གྲྭ་དེ་ཉིད་ཀྱིས་སླར་ཡང་བོད་ཀྱི་རི་མོ་དེ་ཉིད་མཛེས་རྩལ་ཆེད་ལས་ཀྱི་སློབ་མས་ངེས་པར་དུ་གདམས་དགོས་པའི་ཆེད་ལས་ཤིག་ཏུ་གཏན་འཁེལ་གནང་ཡོད་ལ། ༢༠༠༥ལོ་ནས་བཟུང་ཁོང་རྣམས་ཀྱིས་བོད་ཀྱི་རི་མོ་དེ་ཉིད་རྒྱལ་ཁབ་རིམ་པའི་གཙོ་གནད་ཀྱི་རིག་གཞུང་ཚན་ཁག་ཅིག་ཏུ་ཆགས་རྒྱུར་བརྩོན་ལེན་གནང་དང་གནང་མུས་ཡིན།
           བོད་ཀྱི་ཐང་ཁར་རིགས་མང་ཞིང་ནང་དོན་སྣ་ཚོགས་པས་ཡོངས་ཁྱབ་ཀྱི་བསྡོམས་རྩིས་བྱས་པ་ལ་གཞིགས་ན་སྒྱུ་རྩལ་དེར་ལུགས་མི་འདྲ་བ་ལྔ་ཙམ་ཡོད་ཅིང་། དེ་དག་ནི་བལ་ལུགས་དང་། སྨན་ཐང་ལུགས། མཁྱེན་བརྩེ་ ལུགས། བྱིའུ་སྒང་ལུགས། སྒར་བྲིས་ལུགས་བཅས་ལྔའོ། བྲིས་ལུགས་མི་འདྲ་བ་དེ་དག་ལྔ་ལས་སྒར་བྲིས་ཀྱི་ལུགས་ནི་སྨན་ཐང་ལུགས་དང་རྒྱ་གར་གྱི་ལྕགས་རིགས་བསྲེས་མའི་སྐུ་བརྙན་བཟོ་བའི་རྨང་གཞིའི་སྟེང་རྒྱ་ནག་གི་ཞིབ་བྲིས་གར་ཚོན་རི་མོའི་ལག་རྩལ་ཉིང་བཅུད་ཚུར་ལེན་ནས་གྲུབ་པའི་རི་མོའི་བྲིས་རྒྱུན་ཞིག་ཡིན་པས། དེར་ཕྱི་ནང་གཉིས་ཀྱི་རི་མོ་མཉམ་དུ་འདུས་པའི་མངོན་གསལ་གྱི་ཁྱད་ཆོས་ལྡན་པས། དེ་གཙོ་བོ་བོད་ལྗོངས་ཀྱི་ཆབ་མདོ་ས་ཁུལ་སོགས་ལ་དར་ཁྱབ་ཆེན་པོ་ཡོད། སྒྱུ་རྩལ་དེ་ཉིད་ཀྱི་ཐོག་མའི་སྲོལ་གཏོད་མཁན་སོགས་ཅུང་ཁ་གསལ་ཡང་དེའི་འཕེལ་རྒྱས་ཀྱི་ཞིབ་ཕྲའི་གནས་ཚུལ་རྣམས་ད་དུང་མུ་མཐུད་གོམ་གང་མདུན་སྤོས་ཀྱིས་ཞིབ་འཇུག་བྱ་དགོས་པའི་གནད་ཡིན།
           ཐང་ཁའི་རྒྱུ་ཆ་ནི་ཧ་ཅང་མང་ལ་དེའི་སྤུས་ཚད་ཐད་ནས་དབྱེ་ན་རིཊ་ཆེ་བ་གཉིས་ཙམ་ཡོད་དེ་གཅིག་ནི་གོས་ཐང་ཡིན་པ་དང་། དེ་ནི་དར་གོས་སོགས་རྒྱུ་ཆ་བྱས་ནས་དེ་དག་ཤོག་དཔེ་ལྟར་དྲས་ནས་རས་གཞིའི་སྟེང་ ཚགས་པར་གདབ་སྟེ་གོས་ཆེན་རྣམས་སྦྱར་དགོས། དེ་ནས་སྣག་བཅད་ཀྱི་ཚབ་ལ་ཏུང་སྐུད་དང་གསེར་སྐུད་ སོགས་ཀྱིས་བཙེམས་ནས་གྲུབ་པ་ཞིག་ཡིན། དགོན་པའི་ནང་གི་གོས་ཐང་དེ་རིགས་ལ་གོས་སྐུ་ཞེས་ཟེར་ཞིང། དེ་དག་གི་ཁྲོད་གྲཊ་ཆེ་ཤོས་ནི་ཕོ་བྲང་པོ་ཏ་ལའི་ཚེ་དཔག་མེད་ཀྱི་གོས་སྐུ་དེ་ཡིན་ཏེ།  དེའི་རིང་ཚད་ལ་སྨི་༥༥་༨དང་ཞེང་ལ་སྨི་༤༦་༨ཡོད་པས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་སྐུ་གཤེགས་རྗེས་སྡེ་སྲིད་མཆོག་ནས་གཙོ་འགན་བཞེས་ནས་གསར་བཞེངས་གནང་བ་ཞིག་ཡིན། ཐང་ཁའི་རིགས་གཞན་ཞིག་ནི་བྲིས་ཐང་དང་།  དེ་ནི་བོད་ཤོག་དང་རས་གཞིའི་སྟེང་ཚོན་བཏང་ནས་བཟོས་པ་ཞིག་ཡིན་པས་དེའི་རི་མོའི་རྒྱབ་ལྗོངས་སམ་ཚོན་མདངས་མི་འདྲ་བར་བརྟེན་ནས་གཙོ་བོ་གསེར་ཐང་དང་། ནག་ཐང། ཚོན་ཐང་། མཚལ་ཐང་བཅས་ཡོད། གོས་ཐང་དང་བྲིས་ཐང་གཉིས་ཀྱི་མི་འདྲ་ས་ནི་གོས་ཐང་གཙོ་བོ་དར་གོས་ཀྱི་སྟེང་དུ་བཟོ་བ་དང་བྲིས་ཐང་ནི་རས་གཞིའི་སྟེང་དུ་འབྲི་བ་ཞིག་ཡིན། 
           ཀརྨ་སྒར་བྲིས་ཀྱི་ལུགས་དེའི་ནང་དོན་ཡང་ཐང་ཁའི་སྒྱུ་རྩལ་གཞན་དང་འདྲ་བར་གཙོ་བོ་ནི་སངས་རྒྱས་ཆོས་ལུགས་དང་། འཇིག་རྟེན་ཆགས་སྟངས། འགྲོ་བ་མིའི་རིགས་ཀྱི་འབྱུང་ཁུངས། དེ་བཞིན་དམངས་སྲོལ་དང་། ལོ་རྒྱུས། སྨན་རྩིས། ཟློས་གར་སོཊ་མཚོན་པའི་རི་མོའི་ཤོག་དྲིལ་ཞིག་ཡིན། ཐང་ཁའི་སྒྱུ་རྩལ་གྱི་ཡོ་བྱད་ལ་བྲིས་ཐང་དང་གོས་ཐང་གི་ཡོ་བྱད་གཉིས་ལས་༡་བྲིས་ཐང་གི་ཡོ་བྱད་གཙོ་བོ་ནི་སྤུ་སྨྱུག་དང་ཚོན། རས་གཞི། ཤོག་བུ། སྣག་ཚ། སྤྱིན། པར་སྒྲོམ། ཚོན་ཕོར་བཅས་ཡིན་ལ་དེ་དག་ལའང་སོ་སོའི་བྱེད་ནུས་དང་ཚོས་གཞི། རྒྱུ་ཆ་མི་འདྲ་བ་ལ་བརྟེན་ནས་རིགས་འགར་ཕྱེ་རྒྱུ་ཡོད།༢་གོས་ཐང་གི་ཡོ་བྱད་གཙོ་བོ་ནི་དར་གོས་དང་ཤོག་བུ། རས་ཆ། ཇེམ་ཙེ། ཁབ་སྐུད། དབུར་ཏི། སྤྱིན་བཅས་ཡིན།
           ཐང་ཁའི་སྒྱུ་རྩལ་གྱི་ཐོན་རྫས་སུ་བྲིས་ཐང་དང་འཚེམ་ཐང་། འཐག་ཐང་། གོས་སྐུ་འབུར་མ། ལྷན་དྲུབ་ཐང་ཁ་སོགས་ཡོད་ལ། ཁོང་རྣམས་ཀྱི་ཕྱག་སོར་ལས་ཐོན་པའི་གོས་ཐང་ལ་༼ཤཱཀྱ་མུ་ནེ།༽དང་༼སྒྲོལ་ལྗང་།༽༼ཤཱཀྱ་མུ་ནེ་དང་གནས་བརྟན་བཅུ་དྲུག༽སོགས་དང་། བྲིས་ཐང་ལ་༼འཇམ་དཔལ་དབྱངས༽དང་༼བྱམས་པ།༽སོགས་ཡོད། ཐང་ཁའི་ནང་དོན་གྱི་ངོས་ནས་བརྗོད་ན་ཆོས་ལུགས་ཀྱི་རིག་གནས་མཚོན་རྒྱུ་དེ་ཡིན་ལ་དེ་ནི་ཐང་ཁའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན།ཆོས་ལུགས་ཀྱི་ནང་དོན་རྐྱང་པས་ཐང་ཁ་ཡོངས་ཀྱི་བརྒྱ་ཆ་བརྒྱད་ཅུའི་གཡས་གཡོན་ཙམ་ཟིན་གྱི་ཡོད་པ་སྟེ། དེའི་ནང་དོན་དུ་སྤྱན་རས་གཟིགས་དང་། གནས་བརྟན། ཆོས་སྐྱོང་སྲུང་མ། ཆོས་ལུགས་ཀྱི་གྲགས་ཅན་མི་སྣ། ཆོས་ཕྱོགས་ཀྱི་ཨར་ལས་འཛུགས་སྐྲུན་སོགས་ཡོད་པས་ཆོས་ལུགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། དེ་མིན་ད་དུང་འཇིག་རྟེན་གྱི་ཆགས་སྟངས་དང་། བོད་རིགས་ཀྱི་འབྱུང་ཁུངས། སྨན་རྩིས། ཟློས་གར། རི་མོ་དམངས་ཁྲོད་ཀྱི་ངག་སྒྲུང་སོགས་རྟོཊ་ཐུབ་པས་དེ་ནི་བོད་ཀྱི་ཤེས་བྱ་ཀུན་འཛོམས་ཀྱི་དཔེ་དེབ་ཅིག་ཡིན། ཐང་ཁའི་བྱེད་ནུས་ཀྱི་ངོས་ནས་བརྗོད་ན་དེའི་ཞབས་འདེགས་ཞུ་ས་གཙོ་བོ་ནི་ཆོས་ལུགས་ཀྱི་འཚོ་བ་ཡིན་ཏེ་ཐང་ཁའི་འཕེལ་རྒྱས་དེ་ཆོས་ལུགས་ཀྱི་དར་རྒུད་དང་དམ་པོར་འབྲེལ་བ་ཞིག་ཡིན། དགོན་པ་ནི་བོད་ཀྱི་རིག་གནས་ཀྱི་ལྟེ་བ་དེ་ཡིན་ལ་ཐང་ཁ་མང་ཆེ་བ་དགོན་པའི་ནང་ཉར་ཚགས་གནང་ཡོད་ཅིང་། དེ་དག་ལོགས་སུ་བཀལ་ནས་རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱི་ཕྱག་དབང་ཞུས་ནས་ཁོ་ཚོའི་ཆོས་ལུགས་ཀྱི་འཚོ་བའི་དགོས་མཁོ་སྐོང་གི་ཡོད་། དམངས་ཁྲོད་དུ་ཉར་བའི་ཐང་ཁ་ཡང་ཆོས་དད་པ་ཚོས་རང་རང་གི་མཆོད་ཁང་དང་། མཆོད་གཤོམ་ནང་དུ་བསྒྲིགས་གནང་གི་ཡོད།
           ཐང་ཁའི་བཟོ་རྩལ་པའི་ངོས་ནས་བརྗོད་ན་མང་ཆེ་བ་ནི་ཆོས་ལུགས་ཀྱི་མི་སྣ་ཡིན་ཞིང་། ལོ་རྒྱུས་ཐོག་ཐང་ཁའི་སྒྱུ་རྩལ་པ་ནི་དགོན་པ་ཁག་གི་དགེ་སློང་གིས་གཙོས་པའི་གྲྭ་བཙུན་གྱི་རི་མོ་མཁས་ཅན་དག་ཡིན་ཞིང་།ཁོང་ཚོ་མང་ཆེ་བ་འཇིག་རྟེན་པར་ལག་རྩལ་དེ་ཉིད་བརྒྱུད་སྤྲོད་གནང་འདོད་མེད། ས་ཆ་མང་ཆེ་བར་ཐང་ཁ་ཐོག་མར་སྦྱོང་སྐབས་སྟོན་པ་ཤཱཀྱ་མུ་ནེའི་སྐུ་བརྙན་སྦྱོང་བ་ནས་མགོ་ཚུགས་དགོས་ཤིང་། དེས་སངས་རྒྱས་དང་ནང་བསྟན་ལ་སྐྱབས་སུ་འགྲོ་བ་མཚོན་གྱི་ཡོད། འཇིག་རྟེན་པས་ཀྱང་ཧ་ཅང་གྱ་ནོམ་པའི་སྐུ་ཡོན་ཕུལ་ནས་གྲྭ་བཙུན་རི་མོ་མཁས་ཅན་དག་རི་མོ་འབྲི་བར་གདན་འདྲེན་ནས་དེ་དག་ལ་མཆོད་སྦྱིན་དང་བསྙེན་བཀུར་ཞུ་བ་ནི་རང་གི་ཚོགས་བསགས་ཀྱི་བསོད་ནམས་ཤིག་ཏུ་བརྩི་གི་ཡོད། ལོ་རྒྱུས་ཐོག་གི་ཐང་ཁའི་རི་མོ་མཁས་ཅན་ངོས་ནས་བརྗོད་ན་ཁོང་ཚོ་མང་ཆེ་བ་གཅིག་ནས་གྲགས་ཅན་གྱི་ལྷ་རིས་པ་ཤ་སྟག་ཡིན་ལ། གཉིས་ནས་རིག་པའི་གནས་ལྔ་ལ་ཤིན་ཏུ་མཁས་པའི་སངས་རྒྱས་བསྟན་པའི་བླ་མ་ཡང་ཡིན་པ་སྟེ་དཔེར་ན། ས་སྐྱ་པཎ་ཆེན་དང་། ཀརྨ་པ་རིག་པའི་རྡོ་རྗེ། སྨན་ལུགས་ཀྱི་གསར་གཏོད་པ་སྨན་བླ་དོན་གྲུབ་རྒྱ་མཚོ། ཐང་སྟོང་རྒྱལ་པོ་ལ་སོགས་དུ་མ་ཡོད། ཐང་ཁའི་ཉར་ཚགས་ཀྱི་ངོས་ནས་བརྗོད་ན། ཐང་ཁ་དེ་ཉིད་ནང་ཆོས་ཀྱི་འཚོ་བ་ཙམ་མ་ཟད་བོད་ཀྱི་རིག་གནས་གཞན་པ་ཡང་ཐད་ཀར་མཚོན་གྱི་ཡོད་པས། བོད་ཀྱི་རིག་གནས་གཞན་ཤེས་རྟོགས་བྱེད་པའི་མེ་ལོང་ལྟ་བུ་ཞིག་དང་། གཞན་ཐང་ཁ་དེ་ཉིད་རིམ་བྱོན་གྱི་བླ་མ་སྐྱེས་ཆེན་དམ་པ་རྣམས་དང་སྒྱུ་རྩལ་པ་དག་གི་ཕྱག་སོར་ལས་འཁྲུངས་པ་ཞིག་ཡིན་པས་དེར་ཉར་ཚགས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད།
           ༡༩༩༡ལོའི་ཟླ་བ་བདུན་པར་རང་སྐྱོང་ལྗོངས་རིག་གནས་ཐིང་གི་མགོ་ཁྲིད་འོག་བོད་ཀྱི་དམངས་ཁྲོད་མཛེས་རྩལ་ཞིབ་འཇུག་གི་རིག་གཞུང་ལྷན་ཚོགས་སྒྲིག་འཛུགས་བྱས་པ་དང་། ཚོགས་པ་དེའི་དམིགས་ཡུལ་ནི་བོད་ཀྱི་དམངས་ཁྲོད་མཛེས་རྩལ་གྱི་ཕྱོགས་གང་ཅིའི་ཐད་ནས་མྱུར་སྐྱོབ་དང་ལེགས་སྒྲིག་བྱ་རྒྱུ་ཡིན། དེ་ནས་༢༠༠༤ལོའི་ཟླ་༧པར་བོད་ལྗོངས་སློབ་གྲྭ་ཆེན་མོར་སྐབས་དང་པོའི་རྒྱལ་སྤྱིའི་བོད་ཀྱི་གནའ་བོའི་འཛུགས་སྐྲུན་དང་ལྡེབས་རིས་ཀྱི་ཞིབ་འཇུག་འགྲོ་གླེང་གི་ཚོགས་འདུ་སྐོང་ཚོགས་བྱས་པ་དང་། ཚོགས་བཞུགས་མཁས་དབང་ཚོས་བོད་ཡོངས་ཀྱི་གནའ་བོའི་འཛུགས་སྐྲུན་དང་། ལྡེབས་རིས། ཐང་ཁ་རྙིང་པའི་སྲུང་སྐྱོབ་གནད་དོན་ལ་འགྲོ་གླེང་གནང་ཡོད། དེས་ན་ཐང་ཁའི་སྒྱུ་རྩལ་དེ་ཉིད་འཛམ་གླིང་གི་རི་མོའི་བཟོ་རྩལ་གྱི་ལོ་རྒྱུས་སྟེང་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ་དང་། ང་ཚོས་མགོ་ཁྲིད་ལ་ཤུགས་སྣོན་དང་། སྒྲིག་གཞི་འཛུགས་སྐྱོང་། ཕྱོགས་ཡོངས་ནས་སྲོལ་རྒྱུན་གྱི་ཐང་ཁའི་ལག་ཤེས་བཟོ་རྩལ་ལ་ཞིབ་བཤེར་དང་། འཚོལ་བསྡུ། བཅོས་སྒྲིག་བྱ་དགོས་པ་དང་ ཐང་ཁའི་ཐུན་མིན་གྱི་ཁྱད་ཆོས་སྔོག་འདོན་གང་ལེགས་བྱས་ནས་ཁྲོམ་རྭའི་དཔལ་འབྱོར་གྱི་ཁོར་ཡུག་དང་བསྟུན་ཏེ་མཐུན་སྦྱོར་གྱི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱ་རྒྱུར་ཞབས་འདེགས་ཞུ་དགོས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1