༄༅།།ཚེ་རིང་དབང་འདུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-22


ལོ་50ལྷག་ཙམ་རིང་མངོན་མིན་རིག་གནས་ཤུལ་བཞག་འཚོལ་ཞིབ་དང་གསར་གཏོད་བྱེད་མཁན་སྨར་ཁམས་ཀྱི་པི་ཝང་ཞབས་བྲོའི་རྒྱུན་འཛིན་པ་ཚེ་རིང་དབང་འདུས།


      ལོ་ངོ་50ལྷག་གི་གོང་། ཚེ་རིང་དབང་འདུས་དང་བོད་རིགས་ཀྱི་སྲོལ་རྒྱུན་རོལ་ཆ་པི་ཝང་དབར་ལས་འབྲེལ་བྱུང་ཡོད་ལ། དུས་དེ་ནས་བཟུང་འབྲེལ་བ་དམ་ཟབ་ཏུ་འགྱུར།
     ཚེ་རིང་དབང་འདུས་ཀྱིས་སྒྱུ་རྩལ་བརྒྱུད་སྤེལ་བྱས་པ་མ་ཟད། ད་དུང་པི་ཝང་གི་གཞས་གདངས་གསར་པ་བརྒྱ་ལྷག་གསར་རྩོམ་བྱས་པ་དང་འབྲེལ། གཞས་སྡེར་རེ་རེ་བཞིན་ཕབ་བཟོ་བྱས་ཡོད་པ་རེད། པི་ཝང་གི་སྒྲ་སླར་ཡང་གྲགས་པས་རོལ་ཆ་ཐོན་སྐྱེད་དང་ཕྱིར་ཚོང་གིས་ཡུལ་མི་ཚོ་ཕྱུག་པོ་ཆགས་རྒྱུར་སྐུལ་ཁྲིད་བྱས་ནས་གནའ་བོའི་སྒྱུ་རྩལ་གྱི་ལག་རྩལ་ནས་ཡིད་དབང་འཕྲོག་ཤུགས་གསར་པ་ཞིག་འཕྲོ་བར་བྱས།
     སྒྲིག་བཟོ་ལེགས་འགྱུར་བྱས་ནས། གནའ་རྩལ་ལས་དབྱངས་གསར་དཀྲོལ།
     ཚེ་རིང་དབང་འདུས་ཀྱིས་པི་ཝང་ལ་བཅང་པའི་དགའ་ཞེན་དེ་ལྷན་སྐྱེས་ཡིན་འདྲ་ལ། ཁོང་གིས་ཀྱང་གསལ་པོ་ཤོད་མི་ཐུབ།
     ཁོང་ད་ལོ་ལོ་64རེད། ཐེངས་དང་པོ་པི་ཝང་དཀྲོལ་དུས་ནི་ལོ་50ལྷག་ཙམ་གོང་དུ་ཡིན།
     ཚེ་རིང་དབང་འདུས་ཀྱི་ཨ་ཕ་དང་ཨ་ཁུ་གཉིས་པོས་པི་ཝང་དཀྲོལ་ཤེས། གྱང་ངོས་སུ་ཨ་ཁུས་བཀལ་བའི་པི་ཝང་ལ་བལྟས་ནས་ཚེ་རིང་དབང་འདུས་ཀྱི་སེམས་སུ་པི་ཝང་བཏང་འདོད་ཆེན་པོ་སྐྱེས་ཏེ། ཨ་ཁུ་མེད་པའི་སྐབས་དང་བསྟུན་ནས་ཁོས་རྐུབ་སྟེགས་འཁྱེར་ནས་པི་ཝང་གྱང་ངོས་ནས་བླངས་ཏེ་དཀྲོལ། རྗེས་སུ་ཨ་ཁུས་ཚེ་རིང་དབང་འདུས་ཀྱིས་ལྐོག་ཏུ་པི་ཝང་དཀྲོལ་བའི་གནས་ཚུལ་ཤེས་ཀྱང་གཤེ་གཤེ་བཏང་མེད་པས། ཚེ་རིང་དབང་འདུས་ཀྱིས་ཨ་ཕ་དང་ཨ་ཁུའི་ས་ནས་པི་ཝང་གཏོང་རྩལ་སྦྱོང་འགོ་ཚུགས།
     1985ལོར་ཤང་དང་གྲོང་རྡལ་གྱི་རིག་རྩལ་རྐང་འཛིན་པ་ཡིན་པའི་ཚེ་རིང་དབང་འདུས་སྨར་ཁམས་རྫོང་ཝུའུ་ལན་མུའུ་ཆི་རིག་རྩལ་རུ་ཁག་ནང་བདམས་པ་རེད། རིག་རྩལ་རུ་ཁག་གིས་ཁོང་ལ་པི་ཝང་གསར་བ་ཞིག་སྤྲད་པ་རེད།
     སྐབས་དེ་དུས་ཀྱི་པི་ཝང་དཀྲོལ་སྟངས་ལོ་མང་རྒྱུན་འཛིན་བྱས་པ་ཡིན་པས་པི་ཝང་ཞབས་བྲོའི་མཐོང་ཚོར་ཀྱང་སྤྱིར་བཏང་དུ་འགྱུར་ཡོད། ལོ་དེར་རིག་རྩལ་རུ་ཁག་གིས་རྫོང་གི་ཚབ་བྱས་ནས་ཆབ་མདོར་འཁྲབ་སྟོན་བྱེད་པར་བསྐྱོད་པ་རེད། དེ་ནི་ཚེ་རིང་དབང་འདུས་ཀྱིས་ལས་རིགས་གཅིག་པའི་མི་སྣ་མང་པོ་དང་སྤེལ་རེས་བྱེད་ཐེངས་དང་པོ་དེ་ཡིན། འོན་ཀྱང་འཁྲབ་སྟོན་སྙན་སེང་བྱེད་སྐབས་གྲུབ་འབྲས་ཡག་པོ་ཐོབ་མེད། ཚེ་རིང་དབང་འདུས་ཀྱིས་ཐེངས་དང་པོར་རང་ཉིད་ཀྱིས་ཆུང་དུས་ནས་དགའ་ཞེན་བྱེད་པའི་པི་ཝང་ལ་ཡིད་མི་ཚིམ་པ་བྱུང་།
     རྗེས་སུ། ཚེ་རིང་དབང་འདུས་སྨར་ཁམས་ཉེ་འཁོར་གྱི་ཆུས་དང་རྫོང་དུ་ཐེངས་མང་བསྐྱོད་དེ་ཆུས་དང་རྫོང་གཞན་དག་གི་ཞབས་བྲོ་འཁྲབ་སྟངས་དང་རོལ་དབྱངས་ཀྱི་འགྱུར་ཁུག་ལ་ལྟ་སྦྱོང་བྱས་པ་རེད། སྨར་ཁམས་སུ་ཕྱིར་ལོག་རྗེས། ཁོང་གིས་རིག་རྩལ་རུ་ཁག་གིས་སྤྲད་པའི་པི་ཝང་དེ་བཟུང་ནས་ལེགས་སྒྲིག་དང་འཚོལ་ཞིབ་ཡང་ཡང་བྱས་ཏེ། སྒྱུ་རྩལ་གྱི་རྣམ་པ་གཞན་དག་པི་ཝང་གི་རོལ་དབྱངས་ནང་བཅུག་གང་ཐུབ་བྱས་པ་རེད།
     གསར་གཏོད་ཀྱིས་རྒྱུན་འཛིན་བྱས་ནས། མངོན་མིན་རིག་གནས་ཤུལ་བཞག་གཞས་སྡེར་ནང་ཕབ།
     ལེགས་སྒྲིག་དང་། སྦྱོང་བརྡར། བཟོ་བཅོས་སོགས་ལོ་བཅུ་ལྷག་ཙམ་བྱས་མཐར། ཚེ་རིང་དབང་འདུས་ཀྱིས་པི་ཝང་ཞབས་བྲོའི་རོལ་དབྱངས་གསར་པ་བརྒྱ་ཙམ་བརྩམ་ཞིང་། དེའི་ནང་གི་མང་ཆེ་བ་ནི་གཞན་གྱི་བཟང་ཆ་བསྡུས་ལེན་བྱས་པའི་གསར་གཏོད་ཀྱི་བརྩམས་ཆོས་ཡིན། གཞན་གྱི་ཕུལ་བྱུང་ལེ་ཚན་མཐོང་བའི་སྐབས་ཁོང་དགའ་ནས་རྐང་འཁྲབ་ལག་འཁྲབ་བྱས་ཏེ། རྣམ་པ་དེ་དག་ཇི་ལྟར་བྱས་ནས་རང་གི་པི་ཝང་གཏོང་སྟངས་ནང་བསྡུ་བར་བྱ་བསམ།
     2000ལོར་ཚེ་རིང་དབང་འདུས་ཀྱིས་གཞས་གདངས་རྩོམ་འབྲིའི་མཛུབ་ཁྲིད་བྱས་པ་དང་དགེ་ཕྲུག་ཚེ་རིང་དོན་གྲུབ་སོགས་ཀྱིས་འཁྲབ་སྟོན་བྱས་པའི་སྨར་ཁམས་ཀྱི་པི་ཝང་ཞབས་བྲོ《བཀྲ་ཤིས་རས་པར》རྒྱལ་ཡོངས་ཀྱི་སྐབས་བཅུ་པའི་སྐར་ཚོགས་བྱ་དགའི་གསེར་གྱི་བྱ་དགའ་ཐོབ་པ་རེད།
     འགྲན་བསྡུར་མཇུག་འགྲིལ་རྗེས་ཚེ་རིང་དབང་འདུས་སྔར་བས་བྲེལ་འཚུབ་ཆེ་རུ་ཕྱིན་ཞིང་། ཁྲེང་ཏུའུ་ཡི་སྒྲ་ཕབ་ཀུང་སི་ཞིག་གིས་ཁོ་ལ་འབྲེལ་གཏུག་བྱས་ནས་སྨར་ཁམས་ཀྱི་པི་ཝང་གཞས་སྡེར་དུ་ཕབ་སྟེ་ཉར་ཚགས་དང་བརྒྱུད་བསྒྲགས་བྱེད་བདེ་རུ་གཏོང་བའི་རེ་བ་ཡོད་ཅེས་བཤད་པ་རེད། “བྱ་བ་བཟང་པོ་ཞིག་རེད་ཨང་།” ཕ་རོལ་པོའི་གྲོས་འགོར་ཕྱིར་དྲན་བྱེད་སྐབས་ཚེ་རིང་དབང་འདུས་སྔར་བཞིན་སེམས་འགུལ་ཚད་མེད་ཐེབས། 2005ལོར་ཁོང་ཁྲེང་ཏུའུ་རུ་བསྐྱོད་ནས་སྒྲ་ཕབ་ཁང་དུ་བསྡད་དེ་དབྱངས་ཞིག་ཕབ་ལེན་བྱས་ཚར་རྗེས་བསྐྱར་ཉན་བྱེད་སྐབས་སྒྲ་ཕབ་ཧ་ཅང་ཡག་པོ་བྱུང་འདུག་ཅེས་བསྔགས་བརྗོད་ཡང་ཡང་བྱས།
     དེ་རྗེས་ཁོང་ལོ་ལྟར་ཁྲེང་ཏུའུ་རུ་བསྐྱོད་ནས་དེ་སྔའི་རྒྱུན་འཛིན་དང་། ལེགས་འགྱུར་གསར་གཏོད། བསྐྱར་དུ་གསར་རྩོམ་བཅས་བྱས་པའི་པི་ཝང་གི་རོལ་དབྱངས་རེ་རེ་བཞིན་ཕབ་བཟོ་བྱས་ཡོད་ལ། ད་ཆ་གླུ་གཞས་བརྒྱ་ལྷག་ཙམ་ཡོད་པའི་གཞས་སྡེར་ཕབ་ཡོད། “དེ་ནི་ང་ཚོའི་ནོར་བུ་ཡིན་པས་མི་རབས་རྗེས་མས་བློ་ལ་ངེས་དགོས”ཞེས་ཚེ་རིང་དབང་འདུས་ཀྱིས་བཤད།
     རོལ་ཆ་བཟོས་ནས་ཐོན་ལས་ཀྱིས་དབུལ་སྒྲོལ་ལ་རོགས་རམ་བྱས་པ།
     པི་ཝང་ལ་དགའ་བའི་མི་མང་པོ་ཡོད་པས། མི་ལ་ལས་ཚོང་ལས་ཀྱི་གོ་སྐབས་མཐོང་བ་རེད། ཚེ་རིང་དོན་གྲུབ་ནི་དེའི་ནང་གི་གྲས་ཤིག་ཡིན།
     2013ལོར་ཚེ་རིང་དོན་གྲུབ་ཀྱིས་པི་ཝང་བཟོ་གྲྭ་ཞིག་བཙུགས་པ་རེད། འོན་ཀྱང་2017ལོར་ཆར་པ་ཆེན་པོ་ཞིག་བབས་ནས་མཚན་གཅིག་ལ་བཟོ་ཁང་དེ་འདམ་རྡོའི་ཆུ་རུད་ཀྱིས་བསྣུབས།
     “ད་བཟོ་གྲྭ་གཉེར་ནས་གང་ཡོང་། ལས་མི་ཞིག་་བྱས་ནས་འཚོ་བ་རྟན་པོ་ཞིག་སྐྱེལ་ན་མི་ཡོང་ངམ”ཞེས་མི་གཞན་གྱིས་ཁོང་ལ་ཁ་ཏ་བྱས། ཚེ་རིང་དོན་གྲུབ་ཀྱིས་ཕམ་ཁ་འཁུར་མི་འདོད་པར། གཉེན་ཉེ་དང་གྲོགས་པོ་ཚོ་བཙལ་ནས་དངུལ་གཡར་ཏེ་པི་ཝང་བཟོ་གྲྭ་བསྐྱར་སྐྲུན་བྱས་པ་རེད།
     “ན་ནིང་། བཟོ་གྲྭས་པི་ཝང་དང་རོལ་ཆ་གཞན་དག་ཆིག་སྟོང་ལྷག་ཙམ་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པ་དང་། ད་ལྟ་ད་དུང་མི་རིགས་ཀྱི་གྱོན་ཆས་ཐོན་སྐྱེད་བྱེད་བཞིན་ཡོད། ལོ་ཧྲིལ་པོར་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་100ལས་བརྒལ་གྱི་་ཡོད། རང་ཉིད་ཕྱུག་པོ་ཆགས་ཐུབ་པ་མ་ཟད། ད་དུང་དབང་པོ་སྐྱོན་ཅན་4ལས་ཞུགས་ཐུབ་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་13དབུལ་སྒྲོལ་ཐུབ་པར་སྣེ་ཁྲིད་བྱས་ཡོད་ལ། ཆ་སྙོམས་མི་རེར་ལོའི་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་གྱི་ཡོད”ཅེས་ཚེ་རིང་དོན་གྲུབ་ཀྱིས་བཤད། “ཚང་མ་ཕྱུག་པོ་ཆགས་ན། དེ་བས་པི་ཝང་ཉོས་ནས་འཁྲབ་སྟོན་བྱེད་འདོད་ཡོད། དེ་ནི་པི་ཝང་བརྡ་ཁྱབ་བྱས་པ་ཡིན་ལ། ང་ཚོའི་བཟོ་གྲྭ་བརྡ་ཁྱབ་བྱས་པའང་་ཡིན”ཞེས་བརྗོད།
     ལོ་ངོ་སྟོང་གི་ཚྭ་ཞིང་ཡོད་པའི་སྨར་ཁམས་རྫོང་ནི་གནའ་བོའི་ཇ་རྟའི་ཚོང་ལམ་དུ་གནས་ཡོད། ད་ཆ་ཡུན་ནན་ནས་བོད་ལྗོངས་སུ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པས། རྟག་ཏུ་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་འདུ་འཛོམས་བྱེད་ཀྱི་ཡོད། བཀྲ་ཤིས་ཀྱིས་འགྲུལ་ཁང་ཞིག་གཉེར་ཡོད་ལ། ཚེ་རིང་དབང་འདུས་དང་དགེ་ཕྲུག་གི་འབྲེལ་བ་ཡོད་ལ་གྲོགས་པོ་ཡང་ཡིན། ཚེ་རིང་དབང་འདུས་དང་བཀྲ་ཤིས་གཉིས་ཀྱིས་རྟག་ཏུ་འགྲུལ་ཁང་གི་སྒོ་རའི་ནང་པི་ཝང་དཀྲོལ་གྱི་ཡོད། དབྱར་ཁ་ཡུལ་སྐོར་བ་མང་བའི་སྐབས་སུ། ཡུལ་སྐོར་བ་ཚོས་སྒོ་རའི་ནང་དུ་མེ་ཕུང་ཞིག་སྤར་ནས་སྨར་ཁམས་ཀྱི་པི་ཝང་ཞབས་བྲོ་འཁྲབ་ཀྱི་ཡོད།
     ཡུལ་སྐོར་བ་ཞིག་གིས་འདི་ཅི་ཞིག་ཡིན་པ་དྲིས་པར། “འདི་ནི་སྨར་ཁམས་ཀྱི་པི་ཝང་ཞབས་བྲོ་རེད། ང་ཚོའི་མངོན་མིན་རིག་གནས་ཤུལ་བཞག་ཡིན”ཞེས་ཚེ་རིང་དབང་འདུས་ཀྱིས་འཛུམ་དམུལ་དམུལ་ངང་བཤད་པ་དང་ཆབས་ཅིག་སྤོབས་པའང་མངོན་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1