ཀྲུང་གོའི་ཏོག་གསར་ནད་དུག་སྨན་ཁབ་སྐབས་2པར་གྲུབ་འབྲས་བཟང་པོ་ཐོབ་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-22


        ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཚེས་20ཉིན་ཀྲུང་གོའི་ཞིབ་འཇུག་ཚོགས་པས་དབྱིན་ཇིའི་གསོ་རིག་དུས་དེབ《ལྕང་ལོའི་གྲི》ཞེས་པའི་ཐོག་དཔྱད་རྩོམ་སྤེལ་ནས་བཤད་དོན། ཁོ་ཚོས་ཏོག་གསར་ནད་དུག་རིམས་འགོག་སྨན་ཁབ་ཅིག་ལ་སྐབས་2པའི་ནད་ཐོག་སྨན་བཅོས་ཚོད་ལྟ་བྱས་པ་དང་། རིམས་འགོག་སྨན་ཁབ་འདི་ནི་བདེ་འཇགས་ཡིན་པ་དང་། མིའི་ལུས་ཕུང་གི་རིམས་ཐར་མ་ལག་ལ་ཤུགས་རྐྱེན་བཟོ་ཐུབ་པ་བརྟག་དཔྱད་མཇུག་འབྲས་ལས་ར་སྤྲོད་བྱུང་ཡོད།
        ཀྲུང་གོ་དམག་དོན་ཚན་རིག་ཁང་དམག་དོན་གསོ་རིག་ཞིབ་འཇུག་ཁང་སྐྱེ་དངོས་འདུ་འགོད་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཁྲེན་ཝུའེ་དང་ཅང་སུའུ་ཞིང་ཆེན་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་ཀྲུའུ་ཧྥེང་ཚའེ་སོགས་ཞིབ་འཇུག་མི་སྣས་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་དེ་བྱས་པ་རེད། ཚོགས་པ་དེས་དེ་སྔོན་རིམས་འགོག་སྨན་ཁབ་དེར་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་སྐབས་1ལེགས་འགྲུབ་བྱུང་བ་དང་འབྲེལ་ཡོད་གྲུབ་འབྲས་ཀྱང་ཡོངས་བསྒྲགས་བྱས་ཡོད་པ་རེད།
        འབྲེལ་ཡོད་ཚོད་ལྟས་གཤེར་རྨེན་ནད་དུག་ཐེག་གཟུགས་གིས་ཏོག་གསར་ནད་དུག་བསྐྱར་སྒྲིག་རིམས་འགོག་སྨན་ཁབ་ཅིག་ལ་དཔྱད་དཔོག་བྱས་ཡོད། དཔྱད་རྩོམ་ནང་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོར་སྤེལ་བའི་དུས་སྐབས་2པའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་དེའི་ནང་། དང་བླངས་པ་500ཡོད་ཅིང་། དེའི་ཁྲོད་དུ་ལོ་55ཡན་གྱི་མི་སྣ་ཚུད་ཡོད་པ་དང་། སྐབས་དང་པོའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་དང་བསྡུར་ན་ཞུགས་མཁན་གྱི་ཁྱབ་ཁོངས་སྔར་བས་ཆེ། ཚོད་ལྟ་བྱེད་པའི་དམིགས་ཡུལ་ནི་རིམས་འགོག་སྨན་ཁབ་དེ་རིགས་ཀྱིས་མིའི་ལུས་ཕུང་གི་རིམས་ཐར་མ་ལག་ལ་ཤུགས་རྐྱེན་བཟོ་ཐུབ་མིན་དང་བདེ་འཇགས་རང་བཞིན་འདང་ངེས་ཡོད་མེད་ལ་དཔྱད་དཔོག་བྱས་པ་རེད། མཇུག་འབྲས་ལས་མངོན་པ་ལྟར་ན་རིམས་འགོག་སྨན་ཁབ་དེ་ལ་ཕྱོགས་གཉིས་ཀ་ནས་མཇུག་འབྲས་བཟང་པོ་བྱུང་ཡོད།
        ཀྲུའུ་ཧྥེང་ཚའེ་ཡིས་《ལྕང་ལོའི་གྲི》ཐོག་སྤེལ་བའི་གསར་འགྱུར་གྱི་མ་ཟིན་ནང་། སྐབས་2པའི་ནད་ཐོག་ཚོད་ལྟ་དང་སྐབས་དང་པོའི་ནད་ཐོག་ཚོད་ལྟ་གཉིས་བསྡུར་ན། རིམས་འགོག་སྨན་ཁབ་ཀྱི་ཁྱབ་ཁོངས་སྔར་ལས་ཆེ་བའི་མི་ཚོགས་ཁྲོད་ཀྱི་བདེ་འཇགས་རང་བཞིན་དང་རིམས་ཐར་གདོད་གཤིས་རང་བཞིན་ལ་སྔར་ལས་ལྷག་པའི་བདེན་དཔང་འདོན་སྤྲོད་བྱས་ཡོད། དེ་ནི་དཔྱད་འདེམས་ཀྱི་རིམས་འགོག་སྨན་ཁབ་ཀྱི“གོམ་པ་གལ་ཆེན”ཞིག་ཡིན་པ་དང་། ཚོགས་པས་མིག་སྔར་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་སྐབས་3པ་བྱེད་བཞིན་ཡོད་ཟེར།
        ཞིབ་འཇུག་མི་སྣས་ཀྱང་བསྟན་དོན། ཚོད་ལྟ་ལ་ཞུགས་པའི་དང་བླངས་པ་དག་གིས་འགོག་སྨན་བརྒྱབ་རྗེས་ཏོག་གསར་ནད་དུག་དང་འབྲེལ་འདྲིས་བྱས་མེད་པས། ཚོད་ལྟ་འདིའི་མཇུག་འབྲས་ལ་གཞིགས་ནས་འགོག་སྨན་གྱིས་མི་རྣམས་ལ་ཏོག་གསར་ནད་དུག་མི་འགོ་བར་སྲུང་སྐྱོབ་བྱེད་ཐུབ་མིན་བརྡར་ཤ་གཅོད་མི་ཐུབ་ཅིང་། ད་རུང་ནད་ཐོག་ཚོད་ལྟ་སྐབས་གསུམ་པར་བརྟེན་ནས་རིམ་གྱིས་ར་སྤྲོད་བྱེད་དགོས།
        《ལྕང་ལོ་གྲི》དུས་དེབ་ལས་ངོ་སྤྲོད་བྱས་པར་གཞིགས་ན། གོ་ལ་ཧྲིལ་པོར་མིག་སྔར་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་250ཙམ་ཞིབ་འཇུག་གསར་སྤེལ་བྱེད་པའི་ཁྲོད། ཉུང་མཐར་ཡང་རིམས་འགོག་སྨན་ཁབ་17ནི་ནད་ཐོག་གི་ཚོད་ལྟའི་དུས་མཚམས་སུ་སླེབས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1