༄༅།།གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གྱི་བྱུང་འཕེལ་དང་ད་ལྟའི་གནས་བབས་ལ་དཔྱད་པ།

ཀུན་དགའ་ཡེ་ཤེས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 07-22



གཅིག གཡུང་དྲུང་བོན་གྱི་བཀའ་བརྟེན་ངོས་འཛིན།
         སྤྱིར་གཡུང་དྲུང་ཞེས་པ་འདི་བརྡ་རྟགས་ཤིག་རེད། འོན་ཀྱང་བརྡ་རྟགས་འདིས་དུས་རབས་ཤིག་དང་། མི་རིགས་ཤིག་གི་རིག་གནས་སེམས་ཁམས་ཤིག་མཚོན་བཞིན་ཡོད་པ་རེད། བོན་གྱི་ཡིག་ཆའི་ནང་སྐྱེ་མེད་དོན་ལས་མི་གཡོ་བས་ན་གཡུང་དང་། འགག་མེད་རྟགས་ལས་མི་འགྱུར་བས་ན་དྲུང་ཞེས་བསྟན་པ་དེ་བཞིན་ཡིན་ལ། ཞྭ་བཤད་པི་ཝང་དྲུག་འགྱུར་ལས“གསེར་གྱི་གཡུང་དྲུང་བཀའ་རྟགས་འདི། །བོན་ལ་འགྱུར་ནུབ་མེད་པའི་བརྡ། །གཡུང་དྲུང་སྙིང་པོ་ཐོབ་པའི་དོན། །བརྡ་དོན་བཅོ་བརྒྱད་ཚང་བ་ཡིན།”ཞེས་པ་བཞིན་ནོ། །གཡུང་དྲུང་གི་རི་མོ་འདི་རང་ཅག་བོད་ཀྱི་ཤེས་རིག་གི་ཁྱབ་ཁོངས་མ་ཟད། རྒྱ་རིགས་སོགས་མི་རིགས་གཞན་པའི་ཤེས་རིག་གི་ཁྱབ་ཁོངས་སུ་ཡང་དར་ཡོད་པ་རེད།
         གཡུང་དྲུང་གི་བོན་ནི་རྣམ་འདྲེན་བརྒྱད་པའམ། བོད་ཀྱི་མཁས་པ་དང་བོ་སྟོན་པ་གཤེན་རབ་མི་བོ་ཆེས་གསར་གཏོད་མཛད་པའི་རིག་པའི་གཞུད་ལུགས་དེ་ལ་ཟེར་བ་ཡིན་ལ། “སྡུག་བསྔལ་བྲལ་འདོད་དང་བདེ་བ་འདོད་ཀྱི་འགྲོ་བ་ཚང་མའི་གནས་སྐབས་དང། མཐར་ཐུག་གི་སྡུག་བསྔལ་ཀུན་སྐྱོབ་པར་བྱེད་པའི་ཕན་བདེའི་ཡོན་ཏན་བཟང་པོ”དེའི་རྒྱུན་དེ་ལ་ཟེར་དགོས་ཤིང་། འདི་དང་ཡ་ཐོག་སྲིད་པའི་བོན་ལ་ལྟ་སྤྱོད་ཀྱི་ཆ་ནས་མི་འདྲ་ས་མང་བས་རིག་གཞུད་གི་སྟེང་ནས་ཉོག་བསྲེ་མི་རུང་བར་རྒྱུན་དུ་གཡུང་དྲུང་བོན་གྱི་ཤེས་རིག་ཞེས་བརྗོད་དགོས། དེ་བཞིན་ད་ལྟ་བརྗོད་བཞིན་པའི་བོན་གྱི་བཀའ་བརྟེན་འདི་ཡང་གཙོ་བོ་གཡུང་དྲུང་བོན་གྱི་ལྟ་དགོངས་གཙོ་བོར་སྟོན་པའི་བསྟན་བཅོས་ཁོ་ན་ལ་ཟེར་བ་ཡིན།
         དེ་ན་སྟོན་པ་གཤེན་རབ་ཀྱིས་བཀའི་གསུང་རབ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་རྣམས་ཞང་ཞུང་ཡི་གེའི་སྟེང་ནས་བོད་ཡིག་ཏུ་བསྒྱུར་ཞིང་། དེ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་དེ་ལ་བོན་གྱི་བཀའ་འགྱུར་ཞེས་བརྗོད་བཞིན་ཡོད་པ་དང་། དེའི་ནང་དུ་བོན་གྱི་བརྟེན་འབྱུང་ངམ་བརྟེན་འགྱུར་གྱི་གླེགས་བམ་དག་མི་ཐེ། བོན་གྱི་ལུགས་ལ་དུས་རབས་བདུན་པ་ཡན་ཡང་ན་སྲོང་བཙན་ཡན་ལ་བོད་རང་གི་ཡི་གེ་ཡོད་པ་མ་ཟད། དུས་ཕྱིས་སུ་དར་བའི་བོད་ཡིག་དེ་ཞང་ཞུང་གི་སྨར་ཆེན་སྨར་ཆུང་སོགས་ལ་དཔེ་ལེན་བྱས་ནས་གསར་བཟོ་བྱས་པ་ཡིན་པས་ན། བོན་གྱི་བཀའ་འགྱུར་གྱི་ཡིག་ཚང་འདི་ཡང་དང་བོ་ཞང་ཞུང་གི་ཡི་གེའི་སྟེང་ནས་བྲིས། དེ་ནས་བོད་ཡིག་ཏུ་བསྒྱུར་བ་ལྟ་བུ་ཡིན་པས་ན། དེ་ལ་འགྱུར་མའི་མིང་བཏགས་ཆོག་ཆོག་ཡིན་པ་རེད། འོན་ཀྱང་བོན་གྱི་ལུགས་སུ་ཡོད་པའི་བརྟེན་འགྱུར་གྱི་གླེགས་བམ་དེ་དག་ལ་ནང་བསྟན་གྱི་ལུགས་ལྟར་བསྟན་འགྱུར་ཞེས་བརྗོད་ན་མ་དག་པའི་སྐྱོན་ཡོད་དེ། རྒྱུ་མཚན་ནི་བོན་གྱི་ལུགས་སུ་ཡོད་པའི་བསྟན་འགྱུར་དེ་སྟོན་པ་གཤེན་རབ་ཀྱི་དགོངས་པའི་འགྲེལ་བ་ཡང་འགྲེལ་ཡིན་པ་ཁས་ལེན་དགོས་ཀྱང་། དེ་འགྱུར་མ་ཡིན་པ་ཁས་ལེན་ཐབས་མེད་པ་རེད།“བོན་གྱི་བརྟེན་འབྱུང་ནི་བོད་རང་གི་མཁས་པ་དག་གི་གསུང་ཡིན་པས་ན་འགྱུར་མར་མི་འགྲོ་བར་བཀའ་བརྟེན་ཞེས་བརྗོད་ལ”བོན་པོ་རྣམས་ལྟར་ན། སྟོན་པ་གཤེན་རབ་ཀྱི་དངོས་སློབ་མུ་ཆོ་ལྡེམ་དྲུག་གི་རིང་ནས་བཟུང་བརྟེན་འགྱུར་ཟེར་བའི་བསྟན་བཅོས་བཞུགས་ཡོད་པར་མ་ཟད། “སྟག་གཟིག་མཁས་པ་དམུ་ཙ་ཏྲ་ཧེ་དང་། ཞང་ཞུང་གི་མཁས་པ་ཁྲི་ཐོག་སྤར་ཙ། བོད་ཀྱི་མཁས་པ་ཤ་རྩ་དབུ་ཅན། རྒྱ་གར་མཁས་པ་ལྷ་བདག་སྔགས་གྲོལ། རྒྱ་ནག་མཁས་པ་ལེགས་ཏང་རྨང་པོ། ཕྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་སོགས་ཀྱིས་བསྟན་བཅོས་དེ་དག་སོ་སོའི་སྐད་དུ་བསྒྱུར་ཞིང་རང་རང་གི་ཡུལ་དུ་སྤེལ་བར་གྲགས”མུ་ཆོ་ལྡེམ་དྲུག་ནི་སྟོན་པ་གཤེན་རབ་བྱུང་ནས་ལོ་བརྒྱ་དང་གཅིག་གི་མཚམས་སུ་བྱུང་བ་ཡིན་ལ། མུ་ཆོ་ལྡེམ་དྲུག་བྱུང་ནས་བསྟན་བཅོས་གསུང་འབུམ་དར་བའི་དབུ་བརྙེས་པ་བོན་གྱི་ཡིག་རྙིང་ཕལ་ཆེར་གཅིག་མཐུན་ཡིན། ཡིག་ཆ་ཁ་ཤས་ནང་མུ་ཆོ་ལྡེམ་དྲུག་ནི་སྟོན་པ་བྱོན་ནས་ལོ་བརྒྱ་སྐོར་འདས་རྗེས་བྱུང་ཞེས་བརྒྱ་སྐོར་གྱི་ཚིག་གིས་བཤད་ཅིང་། གཤེན་ལོ་ལྟར་བརྩི་དགོས་པ་ཡིན་ན་ཞིབ་ཕྲའི་ཚོད་ལེན་དཀའ།
         སྟོན་པ་གཤེན་རབ་ཀྱི་དངོས་སློབ་མུ་ཆོ་ལྡེམ་དྲུག་གིས་བསྟན་བཅོས་དེ་དག་ས་ཆ་སོ་སོར་བསྒྱུར་ཞིང་སྤེལ་བས། དེའི་མཛད་འཕྲིན་ལ་བརྟེན་ནས་གཡུང་དྲུང་བོན་གྱི་ཤེས་རིག་འདི་ཡང་རྒྱ་ཆེན་པོའི་སྟེང་ནས་ཕྱོགས་སོ་སོར་དར་བ་གསལ། ད་ལྟ་བོད་དུ་བཞུགས་པའི་བཀའ་བརྟེན་འདི་ལས་མི་རིགས་གཞན་པ་དང་སྐད་རིགས་གཞན་པའི་སྟེང་བོན་གྱི་བཀའ་འགྱུར་བཞུགས་ཡོད་པ་རྩ་ཆོད་ཤིན་ཏུ་དཀའ་ན་ཡང་། མི་རིགས་གཞན་ནམ་སྐད་རིགས་གཞན་གྱི་ཁྱབ་ཁོངས་སུ་བོན་གྱི་ཤེས་རིག་དར་ཁྱབ་ཆེན་པོ་བྱུང་ཡོད་པ་ནི་ད་ལྟའི་ཧི་མ་ལ་ཡའི་ཤེས་རིག་ཁྱབ་ཁོངས་སུ་ཞིབ་འཇུག་བྱས་པའི་འབྲས་བུ་དག་ལས་ཤིན་ཏུ་གསལ་ལོ།  “བོན་གྱི་རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོའི་རིང་ལ་བཀའ་བརྟེན་གྱི་གཞུང་ལུགས་ལས་ལྷ་བོན་སྒོ་བཞིའི་སྐོར་མ་གཏོགས་བརླགས་པ་ཡིན་ཟེར། དེའི་སྔོན་ལ་བོན་གྱི་བསྟན་པ་སྔ་དར་ཟེར། བོད་ཀྱི་རྒྱལ་རབས་འཐོར་ཞིག་བྱུང་རྗེས་ཀྱི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་ནང་གི་གཏེར་འདོན་པ་གཤེན་ཆེན་ཀླུ་དགས་བཏོན་པའི་“ཁམས་བརྒྱད་དང་། མཛོད་དང་གསང་སྔགས་ཕྱི་ནང་། སེམས་ཕྱོགས་ལ་སོགས་པ་ནི་གྲི་གུམ་གྱི་དུས་སུ་གཏེར་ཏུ་སོང་བའི་བསྟན་བཅོས”སུ་ངོས་འཛིན་བྱེད་བཞིན་ཡོད། དེ་དག་ནི་གཙོ་བོ་བཀའ་འགྱུར་གྱི་ནང་དོན་ཡིན་ལ། ཞང་ཞུང་གི་ཡུལ་དུ་བོན་གྱི་ཤེས་རིག་རྒྱ་ཆེན་པོ་དར་ནས་རེ་ཞིག་སྲིད་ལ་ཉམ་ཉེས་ཆེན་པོ་བྱུང་དེའི་ཤུགས་ལས་ཤེས་རིག་གི་རྒྱུ་ན་དེ་ལ་ཡང་གྱོན་གུད་ངེས་ཅན་ཐེབས་པས། བོན་གྱི་མཁས་པ་དག་གིས་ཤུགས་ཆེན་པོའི་སྒོ་ནས་མི་རིགས་གཞན་དང་ས་ཁོང་གཞན་གྱི་ཁྱབ་ཁོངས་སུ་གཡུང་དྲུང་གི་བོན་སྤེལ་བ་ལས། བོད་རང་གི་ས་ནས་ད་ལྟའི་བར་རྒྱུན་མ་ཆད་པར་འཕེལ་རྒྱས་བྱུང་བ་ལས། དུས་རབས་རིམ་བྱུང་གི་ནང་མཁས་དང་གྲུབ་པའི་དབང་པོ་གང་མང་བྱུང་སྟེ་བཀའ་དང་དགོངས་འགྲེལ་གྲངས་མི་ལོངས་པ་མཛད་པ་དེ་དག་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་བོན་གྱི་བཀའ་བརྟེན་ཟེར་ཞིང་། བོན་གྱི་བཀའ་བརྟེན་ཐོག་མ་ཕྱོགས་སྒྲིག་བྱེད་མཁན་ནི་སོག་སྡེ་ནོར་བུ་གླིང་གི་བླ་རབས་བཅུ་གསུམ་པའམ་གྲུབ་དབང་སྐུ་ཕྲེང་གསུམ་པ་བསྟན་པའི་ཉི་མ་མཆོག་ཡིན།
གཉིས། བོན་གྱི་བཀའ་བརྟེན་བྱུང་རབས་དང་དེའི་དག་སྒྲིག་གི་གལ་ཆེན་རང་བཞིན།
         བོན་དང་ཞང་ཞུང་གི་ཤེས་རིག་ཞིབ་འཇུག་གང་ལ་མཚོན་ན་ཡང་གནད་དོན་གཉིས་འདོར་ཐབས་མེད་པ་སྟེ། གཅིག་ནས་བོན་གྱི་གནའ་རབས་ཡིག་ཆ་སྔོགས་པ་དང་དག་སྒྲིག ཞིབ་འཇུག་བྱས་ནས་སྔ་རབས་ཀྱི་བྱུང་ཁུངས་འཚོལ་དགོས་པ་དང་། གཉིས་ནས་ས་གནས་དངོས་ལ་བརྟག་ཞིབ་དང་གནའ་རྫས་ཞིབ་འཇུག་གི་ལས་ཀ་དང་འབྲེལ་ཅི་ཐུབ་ཀྱིས་བོན་གྱི་ཤེས་རིག་གི་ངོ་བོ་འཚོལ་རྒྱུ་དེ་ཡིན། གཡུང་དྲུང་བོན་གྱི་ཡིག་རྙིང་རྩ་ཆེན་ཁག་བོན་གྱི་བཀའ་དང་བཀའ་བརྟེན་གྱི་གསུང་འབུམ་བསྡུས་ཡོད་པས་ན། བོན་གྱི་ཤེས་རིག་ལ་ཉམས་ཞིབ་བྱེད་མཁན་ཞིག་ཡིན་ཕྱིན་བཀའ་དང་བཀའ་བརྟེན་གྱི་ནང་དོན་ལ་སློབ་གཉེར་བྱེད་རྒྱུ་གལ་ཆེན་ཡིན། བོན་གྱི་ཤེས་རིག་དང་ཡིག་ཆ་གལ་ཆེན་དུ་མཐོང་ན་དེ་ལ་ཕྱོགས་སྟོན་གྱི་དཀར་ཆག་དང་རྒྱུ་ཆ་ཆེས་གལ་ཆེ་སྟེ། བོན་ལུགས་ལྟར་ན་དུས་རབས་བཅུ་བའི་མཇུག་སྟེ་སྤྱི་ལོ་996དུས་སུ་གཤེན་ཆེན་ཀླུ་དགས་ཁོང་གི་གཏེར་གྱི་ཐོ་ཡིག་སློབ་མ་རྣམས་ལ་སྤེལ་བར་གྲགས་པ་དེ་བོན་ལུགས་བསྟན་བཅོས་ཀྱི་དཀར་ཆག་ཐོག་མ་ཡིན་དགོས། འོན་ཀྱང་ཡིག་ཆ་དེ་ད་ལྟ་མཐོང་དུ་མེད་པས་ན་བདེན་དཔང་བྱེད་ཐབས་བྲལ། ད་ཡོད་མཐོང་དུ་ཡོད་པ་ནི་དུས་རབས་བཅུ་བཞི་བ་ཡས་མས་སུ་གདན་ས་གཡས་རུ་མཁར་སྣར་བྱུང་བའི་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་གཏེར་གྱི་ཁ་བྱང་ལེགས་སྒྲིག་བྱས་ཤིང་། དེ་ནས་མི་རིང་བར་བོན་རང་ཉིད་ཀྱི་བཀའ་བརྟེན་ལེགས་སྒྲིག་གི་དབུ་བརྩམས་པས་འདི་ནས་བོན་གྱི་ཡིག་ཆའི་དཀར་ཆག་རིག་པ་ལ་འཕེལ་རྒྱས་འབྱུང་འགོ་བརྩམས་ཟེར་འོས།
         མིང་དང་ཚིག་གི་གོ་དོན་བཀྲོལ་བ་ལ་མིང་མཛོད་དང་ཚིག་མཛོད་གལ་ཆེ་བ་བཞིན། སྔ་རབས་ཀྱི་གསུང་རབ་དང་དཔེ་དེབ་ཡིག་ཆ་སོགས་སྡེ་ཚན་དང་རྣམ་གྲངས་མ་འདྲེས་པ་གསལ་བར་སྟོན་པ་ལ་ཡིག་ཆའི་ཐོ་ཡིག་གམ་དཀར་ཆག་རིག་པ་འདི་གལ་ཆེ་བས་ན། མཚམས་འདིར་བྱུང་བའི་ཡིག་ཐོ་རྣམས་དབུ་ཁྱུད་ཙམ་དུ་ཟད་ཡོད་ན་ཡང་། དེས་བོན་གྱི་ཡིག་ཆ་ལེགས་སྒྲིག་ལ་ཕན་པ་རྒྱ་ཆེན་པོ་ཐོན་ཡོད་པ་སྨོས་མ་དགོས། དེའི་ཡར་སྔོན་གྱི་སྤྱི་ལོ་དུས་རབས་བརྒྱད་པའི་མཇུག་ཙམ་ལ་བྱུང་བའི་ཤཱཀྱའི་དགོངས་དོན་གྱི་དཀར་ཆག་ཐོག་མ《དཀར་ཆག་འཕང་ཐང་མ》དང《དཀར་ཆག་ལྡན་དཀར་མ》《དཀར་ཆག་མཆིམས་ཕུ་མ》སོགས་ལ་བལྟས་ན་བོན་གྱི་དཀར་ཆག་རིག་པའི་འཕེལ་རྒྱས་ཤིན་ཏུ་འགོར་འགྱངས་ཆེ་བས། ཡིག་སྔ་ཡང་དཀར་ཆག་རིག་པའི་འཕེལ་རྒྱས་དལ་བ་དེས་བོན་གྱི་ཤེས་རིག་ཁྱབ་སྤེལ་དང་། ལོ་རྒྱུས་ཀྱི་གནད་དོན་ཁག་ཅིག་ལ་ཡོད་ངེས་པའི་འགྲེལ་བཤད་བྱེད་མ་ཐུབ་པ་ཡང་དངོས་དོན་དུ་གྱུར་ཡོད། ལྷག་པར་དུ་བོན་གྱི་ཤེས་རིག་དང་འཚམས་པའི་བརྡ་ཐ་སྙད་ཀྱི་ཚིག་མཛོད་དང་མིང་མཛོད་སོགས་ད་ལྟའི་བར་མཐོང་དུ་མེད་པས་འདི་ནི་བོན་གྱི་ཤེས་རིག་འཕེལ་རྒྱས་སྟེང་གི་སྟོང་ཆ་ཆེན་པོ་ཞིག་ཡིན། བཤད་སྲོལ་ལ་ཤ་རུ་དབུ་ཆེན་ནས་བརྒྱུད་པའི་བོན་གྱི་ཚིག་མཛོད་ཆེན་མོ་ཤ་རུའི་སྒྲ་འགྲེལ་ཟེར་བ་ཞིག་ཡོད་ཀྱང་དུས་འགྱུར་ཁྲོད་ཉམས་ཟིན་པའམ་དམངས་ཁྲོད་དུ་འཁྱམས་པས་ད་ལྟ་བཞུགས་ཡོད་མེད་སྣ་ཆོགས་བསྒྲགས་བཞིན་ན་ཡང་། ཀློག་པ་པོ་རྣམས་ཀྱི་མིག་ཐོག་དུ་ཐོན་པའི་གནས་ཚུལ་མ་འདྲ་བ་ཁོན་ལས་མི་འདུག ཀུན་གྱིས་ཤེས་གསལ་ལྟར། གཡུང་དྲུང་པོན་གྱི་བཀའ་དང་བཀའ་བརྟེན་ཁྲོད་བོན་གྱི་མདོ་སྔགས་སེམས་གསུམ་གྱི་དགོངས་དོན་སྟོན་པའི་བསྟན་བཅོས་ལས་གཞན་ད་དུང་བསྟན་པའི་བྱུང་རབས་དང་རྒྱལ་རབས་ལོ་རྒྱུས་སོགས་བོད་ཀྱི་ལོ་རྒྱུས་རིག་གནས་ལ་སློབ་སྦྱོང་དང་། ཞིབ་འཇུག་བྱེད་སྐབས་འདོར་ཐབས་མེད་པའི་རྒྱུ་ཆ་རྩ་ཆེན་མང་པོ་ཡོད་པ་དེ་ལ་བོན་གྱི་བསྟན་པ་སྔ་དར་བར་དར་ཕྱི་དར་གསུམ་དུ་བྱས་ནས་བསྟན་ཡོད་པ་དེ་བཞིན་ཡིན། དེ་ན་བྱུང་འཕེལ་གྱི་ཆ་ནས་སྔ་བར་ཕྱི་གསུམ་དུ་དབྱེ་ནས་བལྟས་ཆོག་སྟེ།
         ﹙གཅིག﹚བོན་བསྟན་སྔ་དར་དང་བར་དར་སྐབས་ཀྱི་བསྟན་བཅོས།
         སྔ་དར་དང་བར་དར། ཕྱི་དར་བཅས་ཀྱི་བྱེ་བྲག་གི་ངོས་འཛིན་བྱེད་སྟངས་ལ། བོད་དུ་གཤེན་གྱི་བསྟན་པ་དར་བ་ནས་བཟུང་རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོས་བོན་བསྟན་བསྣུབས་པའི་བར་ལ་བོན་བསྟན་སྔ་དར་དང་། གྲི་གུམ་བཙན་པོའི་སྲས་སྤུ་དེ་གུང་རྒྱལ་གྱི་རིང་ལ་བོན་བསྟན་སླར་དར་ནས་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྟན་བསྣུབས་པའི་པར་ལ་བོན་བསྟན་བར་དར། དེ་ཕྱིན་གྱི་བོན་གྱི་གཏེར་མའི་རིག་གནས་གཞི་བྱས་པའི་བསྟན་བཅོས་སོགས་ནི་བོན་བསྟན་ཕྱི་དར་གྱི་ཁོངས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་ཡིན། བོན་བསྟན་སྔ་དར་གྱི་ཆ་དེ་ཞིབ་འཇུག་པ་མང་ཆེ་བས་བོད་གཅིག་པོ་མ་གཏོགས་ཞང་ཞུང་གི་རིག་གནས་དང་འབྲེལ་བ་མེད་པར་ངོས་འཛིན་བྱེད་བཞིན་ཡོད་ན་ཡང་། བཀའ་དང་བཀའ་བརྟེན་གྱི་བྱུང་ལུགས་ལྟར་ན་བོན་བསྟན་སྔ་དར་གྱི་ཆ་དེ་ལ་ནང་དོན་གཉིས་འདུ་རུང་སྟེ། ཞང་ཞུང་གི་བོན་དང་བོད་ཀྱི་བོན་ནོ། །ཞང་ཞུང་གི་ཡི་གེ་དེ་བོད་ཡིག་གི་མ་ཡུམ་ཡིན་པ་གཞིར་བཞག་ནས་བོན་གྱི་བཀའི་གསུང་རབ་རྣམས་ཀྱང་བོད་སྐད་དང་རྩ་བ་ནས་འབྲེལ་བ་མེད་པའི་སྐད་རིགས་གང་རུང་ཞིག་ནས་བསྒྱུར་བར་ངོས་འཛིན་རྒྱུ་མ་ཡིན་པར། བོད་སྐད་དང་འབྲེལ་བ་ངེས་ཅན་ཡོད་པའི་ཞང་ཞུང་གི་ཡུལ་སྐད་དམ་སྐད་ཡིག་ནས་བོད་ཀྱི་ཡུལ་སྐད་དམ་བོད་སྐད་ཡིག་ཏུ་བསྒྱུར་བ་ཡིན་དགོས། མ་ཟད་བོན་བསྟན་སྔ་དར་དེ་བསྟན་པ་གཞི་བྱས་ནས་ངོས་འཛིན་བྱས་པ་ལས་ཡི་གེ་ཁོ་ན་ལ་བལྟས་ཏེ་བགོས་པ་མ་ཡིན་པས་ན། བོན་བསྟན་སྔ་དར་གྱི་ཁོངས་སུ་ཞང་ཞུང་དང་བོན་གཉིས་ཀྱི་བསྟན་པའི་བྱུང་རབས་འདུ་རུང་བ་ཡིན། བོད་དང་ཞང་ཞུང་གཉིས་སུ་བོན་བསྟན་དར་བའི་དུས་ཚིགས་དེ་ལོ་རྒྱུས་ལྟར་ངོས་འཛིན་བྱས་ན་ཅུང་རིང་སྲིད་དེ། གཙོ་བོ་བོན་གྱི་བསྟན་རྩིས་སོགས་ཡིག་ཆ་རྙིང་བའི་དགོངས་པ་གཞིར་བཟུང་ན། བོན་གྱི་སྟོན་པ་གཤེན་རབས་མི་བོ་ཆེ་སྤྱི་ལོ་སྔོན་གྱི་ལོ་16016ལོ་ལ་འཁྲུངས་པ་ཡིན་ཟེར་བཞིན་ཡོད་པ་དང་། དེ་ད་ལྟའི་བར་དུ་བརྩིས་ན་18000ལྷག་སོང་ཡོད། སྤྱི་ལོ་སྔོན་གྱི་15916ལོ་ལ་སྟོན་པ་གཤེན་རབས་ཀྱིས་ཐེག་པ་རིམ་དགུའི་ནང་གི་སྣང་གཤེན་གྱི་ཐེག་པ་གཏན་ལ་ཕབ་པ་དང་། དེ་བཞིན་《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག》སོགས་སུ་བཤོས་ཀྱི་ལས་བོན་དང་གྲོང་གི་འདུར་བོན། ཡང་དག་པའི་སེམས་བོན་སོགས་དར་བར་བསྟན་ཡོད།  
         སྤྱི་ལོ་1998ལོར་ཆབ་མདོའི་ས་ཆ་ནས་མི་ཡི་རྐང་རྗེས་རྨི་ཁྲི་150ཡོད་པ་ཞིག་རྙེད་པ་དེ་དག་གི་སྟེང་ནས་བོད་ཀྱི་ས་ཆར་སྲོག་ཆགས་གནས་ནས་ལོ་དུང་ཕྱུར་གཅིག་སོང་འདུག ཞེས་བརྗོད་ཡོད་པ་རེད། དེ་དག་ལ་བལྟས་པས་བོན་གྱི་སྟོན་པའི་འཁྲུངས་རབས་དང་གཡུང་དྲུང་བོན་གྱི་ཤེས་རིག་གི་འབྱུང་དུས་སོགས་ཀྱང་མཐའ་གཅིག་ཏུ་ཐེ་ཚོམ་གྱི་གནས་སུ་འཇོག་ཐབས་མེད་པར་ཟད། གང་ལྟར་སྔ་རབས་ཀྱི་ལོ་ཚིགས་འདི་གཅིག་གཅིག་གཉིས་གཉིས་སུ་བདེན་དཔང་བྱེད་དཀའ་ན་ཡང་། ཞང་ཞུང་གི་བསྟན་པའི་བྱུང་འཕེལ་གྱི་ཆ་དེ་ལོ་རྒྱུས་སྟེང་གི་བོན་བསྟན་སྔ་དར་གྱི་ཁོངས་སུ་འདུ་རུང་ངོ་། །
         བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་དགུང་ལོ་སུམ་ཅུ་སོ་གཉིས་དུས་བོན་གྱི་བསྟན་པ་བསྣུབས་པ་ནས་གཏེར་མའི་ཡིག་ཆ་དང་བོ་འདོན་མཁན་ཨ་ཙ་ར་མི་གསུམ་བསམ་ཡས་སུ་མ་བྱུང་བར་ལ་ཕལ་ཆེར་ལོ་ངོ་ཉིས་བརྒྱ་དྲུག་ཅུ་རེ་བརྒྱད་སོང་ཞིང་། དེའི་རིང་ལ་བོན་བསྟན་མ་ཡལ་བ་ཙམ་དུ་ལུས་པ་དང་། ནང་བསྟན་གྱི་ལུགས་ལྟར་གྱི་བསྟན་པ་ཕྱི་དར་སྟེ་གླང་དར་མས་བསྟན་པ་བསྣུབས་རྗེས་ཀྱི་དུས་རབས་དགུ་བའམ་བཅུ་བའི་སྟོད་ཙམ་བསམ་ཡས་དགོན་པ་ནས་ཨ་ཙ་ར་མི་གསུམ་གྱིས་བོན་གྱི་གཏེར་མའི་ཡིག་ཆ་དང་བོ་བཏོན་ཏེ་བོན་བསྟན་སླར་ཡང་འཕེལ་རྒྱས་བྱུང་བ་ལ་བོན་བསྟན་ཕྱི་དར་ཟེར་བཞིན་ཡོད་པ་རེད། ལོ་རྒྱུས་འཕེལ་རིམ་འདི་གསུམ་སྤྱི་ཁྱབ་ནས་བོན་གྱི་བསྟན་པའི་འཕེལ་རིམ་བརྗོད་བཞིན་ཡོད་པ་ཞིག་ཡིན་ན་ཡང་། ང་ཚོས་བོན་གྱི་རིག་གནས་ཡིག་ཆ་བྱུང་འཕེལ་ལ་དཔྱད་པ་གཏོང་དུས་བོན་གྱི་ཡིག་ཚགས་ཀྱི་འཕེལ་རིམ་གསུམ་ཞེས་བརྗོད་ཀྱང་ཆོག རྒྱུ་མཚན་ནི་བོན་ལུགས་སུ་ཞང་ཞུང་སྐབས་ནས་བཟུང་བོན་གྱི་བསྟན་བཅོས་ཡོད་པར་ངོས་འཛིན་བྱས་ཡོད་པས་ཡིན། དེ་མིན་བོན་གྱི་རིག་གནས་མཁས་པ་ལ་ལས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྟན་བསྣུབས་པའི་ལོ་རྒྱུས་དེ་མཚམས་བྱས་ནས། དེ་ཡར་སྔོན་ལ་སྔ་དར་དང་། དེའི་ཕྱི་ལ་ཕྱི་དར་ཟེར་མཁན་ཡང་འདུག བསྟན་པའི་བྱུང་འཕེལ་སྔ་ཕྱི་གཉིས་དང་། སྔ་བར་ཕྱི་གསུམ་དུ་ཕྱེ་བའི་ལྟ་ལྟངས་འདི་ངས་བལྟས་ན་བོད་དང་ཞང་ཞུང་གཉིས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོན་གྱི་བསྟན་པའི་འཕེལ་འགྱུར་སྤྱི་ལ་དམིགས་ནས་བརྗོད་པ་ཞིག་ཡིན་དགོས། ལོ་རྒྱུས་ཡིག་ཆ་གལ་ཆེན་ཁག་གི་ནང་ཆབ་སྲིད་ཀྱི་གནས་བབས་ཞང་ཞུང་ཆེ་དུས་ཞང་ཞུང་གཙོ་བོ་བཞག་ནས་བཤད་པ་ཞིག་དང་། བོད་ཀྱི་ཆབ་སྲིད་གནས་བརྒྱུད་བསྒྲགས་མཐོ་དུས་བོད་གཙོ་བོ་བཞག་ནས་བཤད་པ་ཞིག་ལས། དེ་གཉིས་ལ་ཤེས་རིག་འཕེལ་རྒྱས་དང་ཉམས་རྒུད་སོགས་ཀྱི་འབྲེལ་བ་སོ་སོར་བཞག་ནས་ངོས་འཛིན་བྱས་ན་བོད་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་བྲལ་དུ་བཏང་བའི་སྐྱོན་ཡོད་པ་འདྲ། དེ་ལ་མུ་མཐུད་ནས་དཔྱད་ཞིབ་བྱེད་རྒྱུ་གལ་ཆེ།
         བཀའ་བརྟེན་གྱི་ནང་དོན་ཐད་ནས། མང་ཆེ་བ་དུས་རབས་བཅུ་བ་ཡས་མས་སུ་བྱུང་བའི་གཏེར་མ་རྐྱང་རྐྱང་ཡིན་ན་ཡང་། གཏེར་མའི་བསྟན་བཅོས་རྣམས་ལ་མཚོན་ན་གྲུབ་མཐའ་འདིའམ་ཤེས་རིག་གི་རྒྱུན་འདི་ལ་གོད་ཆག་འབྱུང་བཞིན་པའི་སྐབས་སུ་གཏེར་དུ་སྦས་པ་ཡིན་པ་དང་། དུས་ཕྱིས་སུ་གཏེར་རྣས་བཏོན་རྗེས་སུ་གཏེར་འདོན་ཡུལ་དང་། གཏེར་སྟོན་པ་སུ་ཡིན་པ། བསྟན་བཅོས་གང་དག་ཡིན་པ་ལ་སོགས་པར་ངོས་འཛིན་ཡང་གསལ་བོ་བྱས་ཡོད་པ་སྟེ། དཔེར་ན་གཏེར་སྟོན་པ་གཤེན་ཆེན་ཀླུ་དགས་ལྷོ་འབྲུ་མཚམས་མཐའ་དཀར་ནས་བཏོན་པའི་ལྷོ་གཏེར་དུ་འབོད་པའི་གཏེར་མའི་ཡིག་ཆ་རྣམས་གྲི་གུམ་བཙན་པོས་བོན་བསྣུབས་པའི་སྐབས་སུ་གཏེར་དུ་སྦས་པ་ཡིན་པ་དང་། སུམ་པ་དབང་ཚུལ་དང་། འབྲོ་ཚུལ་སེང་དང་། གཅེར་བུ་དབང་ཕྱུག་གསུམ་གྱིས་ཡེར་པ་ནས་རྙེད་པའི་དབུས་གཏེར་གྱི་ནང་ཚན་གཏེར་ཡེར་རྫོང་མ་བྱ་བ་དེ་ནི་དང་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་དྲན་པ་ནམ་མཁའ་དང་བྲེ་རོ་གཉིས་ཀྱིས་གཏེར་དུ་སྦས་པར་ངོས་འཛིན་བྱེད་བཞིན་པ་ཡིན། དེ་བཞིན་གཏེར་མ་གཞན་དག་གི་བྱུང་འཕེལ་གནས་ཚུལ་ཡང《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》སོགས་སུ་ཞིབ་ཏུ་གསུངས་ཡོད་པས་ན་འདིར་བསྐྱར་ཟློས་ཀྱི་དགོས་པ་མ་མཆིས།
         གྲི་གུམ་བཙན་པོའི་སྐབས་སུ་གཡུང་དྲུང་བོན་གྱི་ལྟ་སྤྱོད་ཁག་ཅིག་བསྣུབས་པའི་སྐོར་ལ། གཙོ་བོ་རྒྱལ་བོ་དང་གཤེན་པོའི་བར་དབང་ཚད་མཐོ་དམན་གྱི་ཁྱད་པར་ཤོར་ཏེ། སྲིད་དོན་ཁོ་ནའི་ཐོག་མི་མཐུན་པ་བྱུང་བའི་རྐྱེན་གྱིས་རྒྱལ་པོས་བོན་བསྣུབས་པ་སྟེ། དུས་ནམ་ཙམ་ལ་ནུབ་པ་དང་། ཡུལ་གང་ནས་ནུབ་པ། བོན་གང་དག་ནུབ་པ། རྒྱལ་གཤེན་གང་རིགས་ནུབ་པ། ཇི་ལྟར་ནུབ་པ་དང་། ནུབ་པའི་ཡུན་ཚད་སོགས་ཡིག་ཆའི་ནང་གསལ། ནུབ་པའི་སྐོར་ལ་སྣང་གཤེན་ཧྲིལ་བོ་ནུས་པ་དང་། སྲིད་གཤེན་ཕྱེད་ཀ་ནུབ་པ་དང་། འདུར་བོན་ཕྱེད་ཀ་དང་སེམས་བོན་ཨངས་སུ་ནུབ་པར་བཀོད་ཡོད་ཅིང་། ནུབ་པའི་ཡུལ་ནི་གཙང་ཕྱོགས་ཁོ་ན་ལས་དབུས་སུམ་ནུབ་པར་བཞེད་ལ། སྐབས་དེར་གཏེར་དུ་སོང་བའི་བསྟན་བཅོས་མང་ཆེ་བ་ནི་འདུལ་བའི་སྐོར་ཡིན་ཞེས་བརྗོད་ཡོད་པ་རེད།
         གྲི་གུམ་གྱི་རྗེས་སུ་སྤུ་དེ་གུང་རྒྱལ་གྱིས་ཞང་ཞུང་མཁས་པ་སྟོང་རྒྱུང་མཐུ་ཆེན་གདན་དྲངས་ཏེ་བོད་ལ་བོན་བསྟན་སྤེལ་བ་དང་། དེའི་རྗེས་སུ་ལོ་འཁོར་བརྒྱ་ཕྲག་གཅིག་ལྷག་འགོར་ཚེ་སྐུ་བོན་ལི་ཤུ་སྟག་རིང་གིས་སྟག་གཟིག་འོལ་མོ་ལུང་རིང་ནས་བོན་སྡེ་མང་བོ་ཞུས། དེའི་ཕྱིས་སུ་རྒྱལ་རབས་བཅུ་གསུམ་གྱི་རིང་སྟེ། བོན་གྱི་གདུང་རྒྱུད་བཅུ་གསུམ་བར་གྱི་ལེགས་དྲུག་སྟེ་ཨ་ཤོ་ལེགས། དེ་ཤོ་ལེགས། ཐི་ཤོ་ལེགས། གུ་རུ་ལེགས། འབྲོང་ཞི་ལེགས། ཨི་ཤོ་ལེགས་བཅས་དང་། ས་ལ་ལྡེ་བརྒྱད་དེ་ཟ་ནམ་ཟིན་ལྡེ་དང་ལྡེ་འཕྲུལ་ནམ་གཞུང་། སེ་སྣོལ་གནམ་ལྡེ། སེ་སྣོལ་པོ་ལྡེ། ལྡེ་སྣོལ་ནམ། ལྡེ་སྣོལ་པོ། ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན་སོགས་ཀྱི་རིང)སྐབས་སུའང་བོན་བསྟན་རྒྱ་ཆེན་པོ་དར་བ་བོན་གྱི་ལོ་རྒྱུས་ཡིག་རྙིང་བྱམས་མ་སོགས་སུ་གསལ་བོར་བཀོད་ཡོད། དེ་ནས་འོག་གི་བཙན་བཞི་སྟེ། བོན་ལུགས་སུ་བོན་རྒྱལ་བཞིའམ་རྫོགས་པའི་བོན་རྒྱལ་བཞི་ཟེར་བ་ལྷ་ཐོ་ཐོ་རི་ནས་གནམ་རུ་སྲོང་བཙན་གྱི་ཡབ་བར་ཏེ། རྒྱལ་རབས་འདི་བཞིའི་སྐུ་རིང་ལ་ལི་ཤུ་སྟག་རིང་སོགས་མཁས་པ་མང་པོས་བོན་སྡེ་རྒྱ་ཆེན་པོ་ཞང་ཞུང་སྐད་ནས་བོད་སྐད་དུ་བསྒྱུར། དེའི་རྗེས་སུ་བོད་ཀྱི་རྒྱལ་རབས་སུམ་ཅུ་སོ་གཉིས་པ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བོན་གྱི་རིག་གནས་ཅུང་བཤད་དཀའ་བའི་གནས་བབས་སུ་ཡོད་པ་རེད། 《སྟོང་ཐུན་སེམས་ཀྱི་སྒྲོན་མེ》ལས་སྲོང་བཙན་གྱི་སྐུ་ཚེའི་སྟོད་ལ་བོན་དར་བ་དང་། བར་དུ་ནུབ། ཚེ་སྨད་དུ་ཡང་དར་རོ་ཞེས་བཤད་མོད། ཞིབ་ཕྲའི་བསྟན་བཅོས་འདི་དང་གཞུང་འདི་དར་ཞེས་དཔྱད་གཞི་མཐོང་དཀའ། དུང་དཀར་ཚིག་མཛོད་སོགས་སུ་“སྲོང་བཙན་སྒམ་པོའི་སྐབས་ཞང་ཞུང་སྨེའུ་སྟོན་གྱི་གདུང་རྒྱུད་ནས་ཇི་སྲིད་བར་ལྷ་ས་གཙུག་ལག་ཁང་གི་སྟེང་དུ་སྲིད་པའི་རྒྱལ་མོའི་བསྐང་གསོལ་གཏོང་དགོས་པའི་བཀའ་གཏན་གསེར་ཡིག་བསྩལ་བ་སོགས་གཟིགས་མཐོང་ཚད་མེད་གནང་”ཟེར་བ་སོགས་ལ་བལྟས་ན་སྲོང་བཙན་དང་དེའི་རྗེས་ཀྱི་བཙན་པོ་རིམ་བྱུང་གིས་ཀྱང་བོན་བསྟན་ལ་ཡང་མཐོང་ཆེན་ཚད་མེད་བྱས་ཡོད་པ་ཡིད་ཆེས་བྱས་ཆོག བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བོན་གྱི་རིག་གནས་ཁྱོན་ཡོངས་ནས་བསྣུབས་པ་སྟེ། གཅིག་ནས་བོན་གྱི་ཆོས་ལུགས་དད་ཞེན་པ་རྣམས་ནང་བསྟན་གྱི་དད་ལྡན་དུ་བསྒྱུར་བ་དང་། གཉིས་ནས་བོན་གྱི་བསྟན་བཅོས་རྣམས་མེད་པར་བཟོ་བའི་བྱ་འགུལ་སྤེལ་ཡོད་ན་ཡང་། བོད་མི་རྣམས་ཀྱིས་ཤ་རྐང་རུས་རྐང་ལ་ཟུག་ཟིན་པའི་བོན་གྱི་ཤེས་རིག་གི་བསམ་བློ་དེ་དག་ནི་སྐད་ཅིག་ཙམ་ལ་མེད་པར་བཟོ་ཐབས་བྲལ་བར་གྱུར་བས་ཆོས་ལ་ཆོས་འདྲེས་བོད་ལ་བོན་འདྲེས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་གསར་བ་ཞིག་གྲུབ་འགོ་བརྩམས་པ་སྟེ། བོད་བརྒྱུད་ནང་བསྟན་གྱི་དབུ་བརྙེས་པར་གྱུར། དེའི་ཕྱིར་བོད་བརྒྱུད་ནང་བསྟན་གྱི་ནང་དུ་བོན་གྱི་ཤེས་རིག་ཀྱང་འདུ་ཆོག་པ་མཚམས་འདི་ནས་ངོས་འཛིན་འོས་པ་ཡིན། ཁྲི་སྲོང་གིས་བོན་བསྟན་བསྣུབས་དགོས་པའི་དམིགས་ཡུལ་ནི་གྲི་གུམ་བཙན་པོ་དང་མ་འདྲ་བར་གཙོ་བོ་ནང་བསྟན་སྤེལ་བ་ལ་བོན་པོ་རྣམས་ཀྱིས་འགལ་རྐྱེན་ཆེན་པོ་བཟོས་ཡོད་པ་ཤིན་ཏུ་གསལ། དུས་འགྱུར་དེའི་ནང་རྒྱལ་བློན་བར་འགལ་ཟླ་རབ་དང་རིམ་པ་བྱུང་བ་དང་། འཁོར་འབངས་བར་འཐབ་འཁྲུག་རབ་དང་རིམ་པ་བྱུང་བ་དེས་བོན་བསྟན་ཕྱི་དར་ལ་འགལ་རྐྱེན་ཆེན་པོ་བཟོས་པ་སྨོས་མ་དགོས། 《ལེགས་བཤད་མཛོད》ནང་དུ་སྐབས་དེར་གཏེར་ལ་སོང་བའི་བསྟན་བཅོས་ཁག་ཅིག་གིས་གནས་གསལ་བོར་བཤད་ཡོད་དེ། དེ་ནི་ཞུང་ཁྱུང་ལུང་དང་། སུམ་པ། གླང་གི་གྱིམ་ཤོད་སོགས་སུ་སྦས་པ་རེད་ཞེས་བཀོད་ཡོད། སྐབས་དེའི་གཏེར་དུ་སོང་བ་ལ་ཕྱིས་སུ་གཏེར་གྱི་རྒྱལ་བོ་བཞི་དང་གཏེར་བློན་སུམ་ཅུ་རྩ་བདུན་ཕྱེ་ཡོད་དེ། གཏེར་གྱི་རྒྱལ་པོ་བཞི་ནི་བསམ་ཡས་མཆོད་རྟེན་ནག་པོ་དང་། མཆིམས་ཀྱི་གད་པ་སྟག་འབྲིང་། ར་སའི་འཕྲུལ་སྣང་དང་གཙང་སྟོང་བྱེ་མ་གཡུང་དྲུང་བཅས་གཏེར་འཇོག་སའི་ས་ཁུལ་བཞི་སྟེ། དེ་ནས་བཟུང་གཏེར་གྱི་བློན་པོ་སུམ་ཅུ་རྩ་བདུན་དང་ཡང་བློན་གཅིག་ཀྱང་ཡོད་པར་བཤད་ཡོད། དེ་མ་ཟད་གསང་གཏེར་ལྔ་དང་། གཏེར་ཕྲན་སྟོང་དང་བདུན་བརྒྱ་སྦས་ཚུལ་འཁོད་པ་སོགས་གྲངས་ཀ་ཤིན་ཏུ་མང་།
         མདོར་ན་བོན་གྱི་བསྟན་པ་སྔ་དར་དང་བར་དར་གྱི་སྐབས་སུ་བོན་ལ་ཡིག་ཆ་མང་པོ་ཡོད་པ་གསལ་བོར་བཀོད་ཡོད་ཀྱང་། ཡིག་ཆའི་ནང་བཀོད་པ་ཙམ་གྱིས་ཡོད་ཐག་ཆོད་ཡིན་པར་ཡང་ཁས་ལེན་བྱེད་དཀའ་ལ། ཡིག་ཚང་ནང་བཀོད་མེད་པས་མ་ཡོད་པ་ཡང་རྩ་བ་ནས་མིན། ཀུན་གྱིས་ཤེས་གསལ་ལྟར། ད་སྔ་ས་ཆ་སོ་སོ་ནས་ཡིག་རྙིང་སྣ་ཚོགས་ལག་རྙེད་འབྱུང་བཞིན་པ་བཞིན། ཡིག་ཆ་རྙིང་པ་རྩ་ཆེན་རེ་ཐོན་ན་ལྟ་བ་རྙིང་བ་ཁག་ཅིག་འགྱུར་འགྲོ་ཀྱི་ཡོད་པ་འདི་ཡང་ཆོས་ཉིད་ཅིག་རེད། 2006ལོ་ལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་ཡིག་ཆ་འདི་དག་ནི་ང་ཚོས་གདོད་མའི་ཡིག་ཚགས་ཞིབ་འཇུག་གི་སྟེང་ནས་རིན་ཐང་ཆེན་པོ་ཆགས་ཡོད་པས། དེ་གསལ་འདོན་བྱེད་མཁན་ལ་ཡང་གཏེར་ཡིག་འདོན་མཁན་གྱི་ཆོ་ལོ་སྤྲད་ཆོག་པར་སྙམ་མོ། །
         (གཉིས)བོན་བསྟན་ཕྱི་དར་སྐབས་ཀྱི་གཏེར་ཡིག
         ཕྱི་དར་སྐབས་ཀྱི་གཏེར་མ་ལ་ས་གཏེར་དང་། ཆུ་གཏེར། བྲག་གཏེར་སོགས་ཡོད་པ་དང་། མི་རྣམས་ཀྱི་དྲན་པ་ཁོ་ནར་བཅོལ་བའི་དགོངས་གཏེར་ཟེར་བ་ཞིག་ཀྱང་ཡོད་པ་བོན་གྱི་བསྟན་བཅོས་ཁྲོ་གཉན་བསྐལ་བཟང་ལས་གསུངས། ལོ་རྒྱུས་ཐོག་ནས་བོན་དང་རྙིང་མ་གཉིས་ལ་གཏེར་ཡིག་ཡོད་པས་ན། དེ་གཉིས་ཀྱི་གང་ཞིག་སྔོན་དུ་བྱུང་མིན་དཔྱད་གཞིའི་གནད་གཙོ་བོ་ཞིག་ཡིན་ལ། “ད་ཆ་དཔྱད་གཞིའི་ཡིག་ཆ་ཡོད་པ་རྣམས་གཞིར་བཞག་སྟེ་ཞུས་ན། བོན་གྱི་གཏེར་མའི་སྲོལ་སྔོན་དུ་བྱུང་བ་ཡིན་པར་གསལ”རྙིང་མའི་ལུགས་སུ་བྱུང་བའི་གཏེར་ཡིག་ལ་བཤད་ཚུལ་མི་མཐུན་པ་ཡོད་དེ། དུས་རབས་བཅུ་པའི་མཇུག་ཏུ་བྱུང་བའི་བཤད་སྲོལ་གཅིག་དང་། བདུད་འཇོམས་རིན་པོ་ཆེ་དང་སྤྲུལ་སྐུ་དོན་གྲུབ་གཉིས་ཀས་དུས་རབས་བཅུ་གཅིག་པའི་ནང་བྱུང་བར་བཤད་ཡོད། བོན་གྱི་གཏེར་ལུགས་ལ་མཁན་ཆེན་ཉི་མ་བསྟན་འཛིན་གྱི་བསྟན་རྩིས་སུ་དུས་རབས་བཅུ་བའི་མགོར་བྱུང་བར་གསུངས་ཡོད་པས་ན་བོན་གྱི་གཏེར་ལུགས་འདི་རྙིང་མའི་ལུགས་ལས་སྔ་བ་གསལ། བོན་གྱི་གཏེར་ཐོན་སྔ་ཤོས་ནི་དུས་རབས་བཅུ་བའི(ཕལ་ཆེར913ལོ)ནང་ཨ་ཙར་དཀོན་མཆོག་གྲགས་པ་དང་། ཉ་མོ་མགོན་པོ། སད་ཀུན་རད་ན་གསུམ་གྱིས་བཏོན་པ་ཡིན་པ་སྤ་བསྟན་རྒྱལ་བཟང་པོ་སོགས་ཕྱིས་ཀྱི་མཁས་པ་རྣམ་པས་བཞེད་ཡོད། རྙིང་མའི་ལུགས་ལྟར་ན། གཏེར་ཡིག་མང་ཆེ་བ་རྫུ་འཕྲུལ་ལམ་གཏེར་འདོན་མཁན་དེ་ཉིད་ཀྱིས་མཐུ་རྩལ་ལ་བརྟེན་ནས་ཐོན་ཚུལ་གསུང་ཡོད་པ་དང། གཏེར་འདོན་མཁན་རྣམས་ནི་རིག་འཛིན་གོང་མ་གང་རུང་གི་རྣམ་སྤྲུལ་ཡིན་པར་བཤད་ཡོད། བོན་ལུགས་སུ་ཡང་ཕྱོགས་མཚུངས་ཀྱི་བཤད་སྟངས་ཡོད་ཀྱང་། ད་ཡོད་བོན་གྱི་བཀའ་འགྱུར་གྱི་ནང་དོན་མང་ཆེ་བ་ནི་ས་གནས་ངེས་ཅན་ནས་རྒྱུ་མེད་རྐྱེན་མེད་དུ་རྙེད་པའི་ལོ་རྒྱུས་བོན་གྱི་ཡིག་ཆ་དག་ཏུ་གསལ་བོར་བཀོད་ཡོད། འོན་ཀྱང་། མིག་སྔར་བོན་ལུགས་དང་རྙིང་མའི་ལུགས་གང་ཡིན་རུང་གཏེར་ཡིག་ཞིབ་འཇུག་གི་ཆུ་ཚད་མཐོན་པོར་མ་སླེབས་པ་དང་གཏེར་ཡིག་རང་ངོས་ནས་གསང་བའི་རྣམ་པ་ངེས་ཅན་ཞིག་ཡོད་པས་ན། གཏེར་ཡིག་ཡང་དག་ཡིན་མིན་འཕྲལ་དུ་ཐག་གཅོད་བྱེད་པ་ནི་མི་འགྲིག གཤམ་ནས་དར་རྒྱས་གསལ་སྒྲོན་གྱི་ལུགས་ལྟར་བོན་གྱི་གཏེར་ཆེན་ཁག་ལྔ་རགས་རིམ་དུ་ངོ་སྤྲོད་བྱེད་པ་ལ།
         བྱང་གཏེར། བྱང་གཏེར་ཟེར་བ་འདི་ཕལ་ཆེར་དུས་རབས་དགུ་བ་དང་བཅུ་བ་ཡས་མས་སུ་ཨ་ཙར་མི་གསུམ་གྱིས་ཐོག་མར་རྙེད་པ་སྟེ། ཨ་ཙར་མི་གསུམ་ནི་ལྷོ་བལ་གྱི་ས་ཆའི་མི་ཡིན་ལ། ཁོ་ཚོས་བོད་ནས་གསེར་ཅི་འདོད་གང་འདོད་དུ་བླངས་ན་ཆོག་པའི་སྐད་ཆ་ཞིག་གོ་བ་ལ་བརྟེན་ནས་བོད་དུ་ཡོང་། དང་བོ་ལ་སྟོད་ཕྱོགས་སུ་གསེར་བཙལ་ན་ཡང་མ་རྙེད་པས་བསམ་ཡས་སུ་ཕྱིན། བསམ་ཡས་དགོན་པའི་དཀོན་གཉེར་དང་འཕྲད་པས་དེས་ལྷོ་བལ་གྱི་དད་ལྡན་པ་གསུམ་དུ་མཐོང་ནས་ལྷ་ཁང་དུ་བཅུག་སྟེ་སོང། ཨ་ཙར་མི་གསུམ་གྱིས་ཁྲོ་ཆུས་རྒྱས་བཏབ་པའི་སྒྲོམ་ཞིག་འདུག་པ་གསེར་རེད་བསམ་ནས་བརྐུས་ཏེ་བྲོས་པ་དང་། ཉིན་མོ་ནག་གསེབ་ཏུ་ཡིབ། མཚན་མོ་ལམ་ལ་ཆས་པས་ལམ་རྒྱགས་ཟད་པ་དང་། ངན་ལམ་གྱི་ལུང་པ་སྲི་བྱ་བར་སླེབས་ཏེ་ཁྲོ་ཆུའི་རྒྱ་བཅག་ནས་བལྟས་པས། སྟག་སྒྲོ གཟིག་སྒྲོ དོམ་སྒྲོ་གསུམ་བྱུང་ངོ་། དེ་སྒམ་ཁ་ཕྱེ་ནས་བལྟས་པས་ཐམས་ཅད་བོན་གྱི་ཡིག་ཆ་ཡིན་པ་ཤེས་པ་དང་། སྐྱིད་ཤོད་ནས་སྟོད་ལུང་དུ་སླེབས་པ་ན། རྒྱགས་མ་རྙེད་པར་སྒྲོ་བ་དང་མི་གཅིག་གཉེར་ལ་བཞག མི་གཉིས་རྒྱགས་འཚོལ་དུ་བྱིན་པས་མཐའ་བཞི་འཕྲུལ་གསས་བྱ་བའི་བོན་པོ་ཞིག་དང་འཕྲད་དེ་དབལ་ཕུར་ནག་པོའི་སྒྲུབ་ཐབས་རྩ་འགྲེལ་དང་བཅས་རྒྱགས་དང་བརྗེས། ཕྱིས་སུ་མཐའ་བཞི་འཕྲུལ་གསས་ནས་བརྒྱུད་པའི་གཏེར་མའི་ཡིག་ཆ་རྣམས་ལ་བོན་གྱི་བྱང་གཏེར་སྨད་རྒྱུད་ཞེས་ཐོགས། དེ་ནས་ཨ་ཙ་ར་མི་གསུམ་མུ་མཐུད་དུ་ལམ་ལ་ཆས་པ་ལས་བྱང་ནམ་ར་བྱ་བར་སླེབས་པ་དང་། ལ་སྟོད་ནས་ཡོང་བའི་བན་དེ་འདར་བན་ཤྭཀྱ་མུ་ནེ། མཆིམས་ཤྭཀྱ་བྲ་བ། འོ་མ་བྱང་ཆུབ་སེང་གེ་གསུམ་གྱིས་རྟ་ཁལ་དང་བཅས་ཏེ་བསམ་ཡས་སུ་ཐུབ་པའི་དགོངས་དོན་གྱི་གཏེར་འཚོལ་ཏུ་འགྲོ་བ་དང་འཕྲད་པས། ཁ་ཚོས་གཡོ་སྒྱུལ་བརྟེན་ནས་ཆོས་གཏེར་ང་ཚོས་ལོན་ཡོད་པ་རེད་ཟེར་ནས་ཁོ་ཆོའི་རྟ་ཁལ་དང་བཅས་པ་བླངས་པ་རེད། རྗེས་སུ་བོན་གྱི་གཏེར་མ་དེ་གཟེ་སྒུར་བྱ་བའི་ལག་ཏུ་བྱུང་བ་དང་། དེ་ནས་བརྒྱུད་པ་ལ་བྱང་གཏེར་སྟོད་རྒྱུད་ཟེར་སྲོལ་ཆགས། དེ་ནས་ཨ་ཙར་མི་གསུམ་སྟོད་ལུང་བྱ་བའི་ས་ཆ་དེར་ཡོང་ནས་མཐའ་བཞི་འཕྲུལ་གསས་བྱ་བའི་བོན་པོ་ཞིག་ལ་དབལ་ཕུར་ནག་པོའི་སྒྲུབ་ཐབས་རྩ་འགྲེལ་དང་བཅས་པ་རྒྱགས་དང་བརྗེས། དེ་ནས་བརྒྱུད་པའི་གཏེར་མའི་ཡིག་ཆ་རྣམས་ལ་བོན་གྱི་བྱང་གཏེར་སྨད་རྒྱུད་ཟེར། སྟོད་སྨད་གཉིས་ནས་བྱུང་བའི་གཏེར་མ་རྣམས་བྱང་གཏེར་གྱི་ནང་དོན་གཙོ་བོ་ཡིན་ལ། ཁྱོན་བསྡོམས་བོན་སྟེ་མི་འདྲ་བ་སུམ་བརྒྱ་དང་བཞི་བཅུ་བྱུང་བར་བཤད། བསྟན་བཅོས་དེ་དག་བསམ་ཡས་སྐོར་ཁང་ནས་ཨ་ཙ་ར་མི་གསུམ་གྱིས་བཏོན་ཏེ་བྱང་བརྒྱུད་འགྲིམས་ནས་ལ་སྟོད་བྱང་དུ་བཀའ་བབ་པ་ཡིན་པས་ན་བྱང་གཏེར་ཞེས་གྲགས། བྱང་གཏེར་གྱི་ནང་དུ་ད་དུང་ཁྲོ་ཚང་འབྲུག་ལྷ་སོགས་ཀྱིས་བཏོན་པའི་གཏེར་མ་གཞན་པ་ཡང་ཡོད་ལ། ང་འཕྲང་ལྷའི་དབང་ཕྱུག་དང་། མར་པ་འཕན་བཟང་། ཁྲོ་འབྲུབ། ཆོས་ཀྱི་གཟེ་སྟོན་སྦུ་ཀུའི་གཏེར་བོན་སྐོར་དང་། གོ་ལྡེ་འཕགས་པས་གཡུང་དྲུང་སེང་མཆོང་བྲག་ནས་བཏོན་པ་སོགས་ཀྱང་བྱང་གཏེར་དུ་གཏོགས་ཞེས་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ནས་གསུངས་སོ། །
         ལྷོ་གཏེར། ལྷོ་གཏེར་ནི་གཤེན་ཆེན་ཀླུ་དགའ་ཉིད་ཀྱིས་ལྷོ་འབྲི་མཚམས་མཐའ་དཀར་ནས་བཏོན་པའི་གཏེར་ཡིག་རྣམས་གཞིར་བཞག་ནས་བརྩིས་ཡོད་པ་སྟེ། བོན་གྱི་བསྟན་འབྱུང་རྣམས་ལྟར་ན་དེ་དག་ནི་བོད་ཀྱི་རྒྱལ་པོ་གྲི་གུམ་བཙན་པོའི་རིང་ལ་གཏེར་དུ་སོང་བ་ཡིན། གཤེན་ཆེན་ཀླུ་དགའ་ནི་བོན་གྱི་ཤེས་རིག་འཕེལ་བའི་ལོ་རྒྱུས་སྟེང་མི་སྣ་གྲགས་ཅན་ཞིག་ཡིན་ལ། ཁོང་ལོ་ན་ཆུང་དུས་སུ་གྱང་རྩལ་འགྲན་ནས་རྨས་ཕོག་པས་སྐེད་པ་ནས་སྒུར་བས་གཤེན་སྒུར་ཡང་ཟེར། རྒྱུན་དུ་གཤེན་ཆེན་ཀླུ་དགའ་ཟེར་བའམ་གཤེན་སྒུར་ཅི་བརྗོད་ཀྱང་དེ་ནི་མི་གཅིག་གི་མིང་ཐ་དད་པ་རེད། གཤེན་ཆེན་ཀླུ་དགའ་ནི་གོང་གི་ཨ་ཙ་ར་མི་གསུམ་ལྟར་བོན་ལ་འབྲེལ་བ་མེད་པ་ཞིག་མ་ཡིན་པར་ཆུང་དུས་ནས་བོན་གྱི་ཤེས་རིག་ལ་སྦྱངས་བ་བྱས་ཤིང་། གཡུང་དྲུང་བོན་གྱི་ལྟ་སྤྱོད་ཀྱི་གཞུང་ལུགས་ལ་བག་ཆགས་ཟབ་མོ་བཞག་པ་མ་ཟད། ལྷོ་འབྲི་མཚམས་མཐའ་དཀར་སོགས་ནས་གཏེར་དུ་བཞེས་བསྟན་བཅོས་དག་བོན་གྱི་བསྟན་པ་འཕེལ་རྒྱས་མེད་ཐབས་མེད་པའི་ཡིག་ཆ་ཡིན་པ་དང་། གཡུང་དྲུང་བོན་གྱི་ལྷ་དགོངས་རྒྱུན་སྤེལ་བྱེད་མཁན་གྱི་སློབ་མ་ཡང་མང་དུ་གསོ་སྐྱོང་བྱས་ཡོད་པ་རེད། རྒྱལ་བོ་གྲི་གུམ་བཙན་པོས་བོན་བསྟན་བསྣུབས་པ་ནས་བླ་མ་གཤེན་ཆེན་ཀླུ་དགས་གཏེར་བཏོན་པའི་བར་ཕལ་ཆེར་ལོ་ཆིག་སྟོང་ལྷག་སོང་ཞིང་། རྒྱལ་བོ་ཁྲི་ལྡེ་བཙན་གྱིས་བོན་བསྟན་བསྣུབས་པ་ནས་གཤེན་ཆེན་བར་ཕལ་ཆེར་ལོ་ཉིས་བརྒྱ་དྲུག་ཅུ་རེ་བརྒྱད་སོང་ཡོད། ཤར་རྫའི་ལུགས་ལ་གཤེན་ཆེན་ཀླུ་དགའ་ཡར་སྔོན་དུ་བོན་ལུགས་སུ་གཏེར་ཆེན་བཅོ་ལྔ་ཙམ་བྱོན་པར་བཤད་ཡོད་ན་ཡང་། མཁན་ཆེན་ཉི་མ་བསྟན་འཛིན་གྱི་བསྟན་རྩིས་ལྟར་ན་གཤེན་ཆེན་ཡར་སྔོན་དུ་གཏེར་སྟོན་བཞི་ཙམ་ལས་མི་གསལ། གཤེན་ཆེན་ཀླུ་དགའ་དེ་ཉིད་ཀྱིས་གཏེར་དུ་བཞེས་པའི་ཡིག་ཆའི་ནང་ད་ལྟ་ཀུན་ལ་ཆ་རྒྱུས་ཡོད་པའི་ཡིག་ཆ་སྲིད་པའི་མཛོད་ཕུག་དང། ཁམས་ཆེན་སོགས་རྩ་ཆེ་བའི་གཏེར་ཡིག་མང་པོ་བཞུགས་ཡོད། སྲིད་པའི་མཛོད་ཕུགས་ནི་བོད་ཀྱི་ནང་བསྟན་གཞུང་ལུགས་ཁྲོད་དུ་ཡོངས་སུ་གྲགས་པའི་མཛོད་ལུགས་ཀྱི་བྱུང་ཁུངས་གཙོ་བོ་ཡིན་ལ། འདི་ནི་ཐོག་མར་སྟོན་པ་གཤེན་རབ་མི་བོ་ཉིད་ཀྱིས་གསུངས་པས་དང་། དེ་ནས་རིམ་བཞིན་ཞང་ཞུང་དང་། རྒྱ་གར་ཡུལ་དུ་ཡང་དར་འཕེལ་བྱུང་ཡོད་པ་རེད། དེའི་རྗེས་འབྲང་བོན་གྱི་མཁས་པ་དག་གིས་མཛོད་ཕུགས་ལ་འགྲེལ་བ་ཡང་འགྲེལ་གྲགས་ཆེ་བ་བཅུ་གཅིག་ཙམ་མཛད་ཡོད་པ་རེད། འདི་དང་ནང་བསྟན་གྱི་སློབ་དཔོན་དབྱིག་གཉེན་ཉིད་ཀྱི་མཛད་པའི་ཆོས་མངོན་པ་མཛོད་གཉིས་མི་འདྲ། གཤེན་ཆེན་གྱིས་གཏེར་ཡིག་གི་གྲངས་ཚད་ལ་བཤད་པ་ཅུང་མི་མཐུན་པ་ཡོད་ན་ཡང་། ཤར་རྫའི《ལེགས་བཤད་མཛོད》དུ“ཁ་ཅིག་གིས་སྒམ་སོ་བདུན་ཡོད་པ་ལ་གཉིས་མ་ཐོན་ཟེར་བ་ལུས་པ་དང་ཐོན་པ་ནོར་བར་ཟད་དོ། །ཡང་ཁ་ཅིག་གིས་སྒམ་གཉིས་ལས་མེད་ཟེར་བ་མ་ཡིན་ཏེ། གཤེན་ཉིད་ཀྱི་ཞལ་ནས། སྒམ་སུམ་ཅུ་རྩ་བདུན་ཡོད་ལས་ཁོ་བོས་གཉིས་ལས་མ་ཐོན་གསུངས་པ་ཤེས་སོ། སོ་ལྔ་ད་དུང་གཏེ་ཁང་དུ་ཡོད”པའི་ཐེམ་བྱང་སོགས་ཁ་བྱང་ལྟར་གསལ་བོར་བཀོད་ཡོད། ཕྱིས་སུ་གཤེན་ཆེ་ཀླུ་དགའ་རང་ཉིད་ཀྱིས་འཆད་རྩོད་རྩོམ་པའི་བྱ་བ་ཁུར་དུ་བཞེས་པས་ཁ་ཅིག་གིས་གཤེན་སྒུར་གྱིས་ཆོས་དཔེ་རྣམས་བོན་ལ་བསྒྱུར་བ་རེད་ཅེས་སྐྱོན་འཛུགས་བྱས་ཡོད་ལ། དེ་བཞིན་ཁོང་གི་བུ་སློབ་རྣམས་ཀྱིས་ཀྱང་བན་ཆོས་ནི་བོན་ནས་ཕར་བསྒྱུར་བ་རེད་ཅེས་རྩོད་པ་གསར་བ་ཞིག་བྱུང་ཡོད་པ་རེད།
         ལྷོ་གཏེར་གྱི་ནང་དུ་ད་དུང་གཏེར་འདོན་པ་གཞན་གྱི་གཏེར་ཡིག་ཡང་ཡོད་པ་ཁུ་ཚ་ཟླ་འོད་འབར་སོགས་ཀྱིས་གཏེར་ཡིག་ལྟ་བུ་ཡིན། ནང་དོན་གྱི་ཕྱོགས་ནས་ཀྱང་སྨན་གཞུང་དང་། གཏོ་མདོས། ཀླུད་ཆོག འདུར་གྱི་སྐོར་སོགས་རྒྱུ་བོན་གྱི་ཁོངས་སུ་གཏོགས་པའི་ནང་དོན་ཕུན་སུམ་ཚོགས་པ་འདུས་ཡོད་པ་རེད། ལེགས་བཤད་མཛོད་དུ་གསུང་པ་ལྟར་ན། སྤ་གྲོ་མ། ཤེལ་བྲག་མ། ལྷོ་བྲག་ཁོམ་མཐིང་མ་སོགས་དང་གཞན་ཡང་ས་སྟོང་འབྲུག་ལྷ། ར་ལྗགས་ཀྱི་བོན་སྐོར། བ་ཅོ་སྤོམ་ཆེན། འཇིང་སྟོན་མུ་ལྟོ་བ། བུ་མཚོ་སྲིད་པའི་རྒྱལ་པོ མཚེ་མི་གསས་ཁྱུང་། ཁུ་འཛིན་འཇིང་ནག་སོགས་ཀྱིས་བཏོན་པའི་བོན་སྡེ་རྣམས་ཀྱང་ལྷོ་གཏེར་དུ་གཏོགས་སོ། །
         དབུས་གཏེར། དབུས་གཏེར་གཙོ་བོ་ནི་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བླ་ཆེན་དྲན་པ་ནམ་མཁའ་དང་པེེ་རོ་ཙ་ན་གཉིས་ཀྱིས་ལྷ་སའི་ཡེར་པའི་རྫོང་ལ་སྦས་པའི་བོན་སྡེ་རྣམས་ཕྱིས་སུ་བཏོན་པའི་ཡེར་བའི་གཏེར་ཡིག་ཁག་དང་། རྐ་ལི་ཤུ་སྟག་རིང་དང་པེེ་རོ་ཙ་ན་གཉིས་ཀྱིས་བསམ་ཡས་གླིང་གི་ལྷོ་ནུབ་ཀྱི་ཅ་ཏི་སྒོ་མང་མཆོད་རྟེན་དམར་པོར་སྦས་པའི་གཏེར་ཡིག་རྣམས་ཕྱིས་སུ་ཐོན་པའི་བསམ་ཡས་གཏེར་ཡིག་རྣམས་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། བསམ་ཡས་ཅ་ཏི་སྒོ་མང་མཆོད་རྟེན་ནས་ཐོན་པའི་བོན་གྱི་གཏེར་ཡིག་རྣམས་ལ་བསམ་ཡས་ཅ་ཏི་མའི་གཏེར་ཡིག་ཡང་ཟེར་སྲོལ་ཡོད། ཨ་ཙ་ར་མི་གསུམ་གྱིས་བསམ་ཡས་ནས་བཏོན་པའི་གཏེར་ཡིག་རྣམས་བྱང་ལམ་བརྒྱུད་ནས་དར་བས་གོང་དུ་བྱང་གཏེར་དུ་ངོས་འཛིན་བྱས་ཡོད་ལ། དབུས་གཏེར་ལ་ཡེར་རྫོང་མ་ཞེས་པ་ལྷ་སའི་ཡེར་པ་ནས་རྙེད་པ་སྟེ། བཎ་ཌྷེ་མི་གསུམ་གྱིས་བསམ་ཡས་ནས་ཆོས་གཏེར་བཙལ་བས་མ་རྙེད་པར་ལོ་ཤས་སོང་རྗེས་ཡེར་པ་ནས་བོན་གཏེར་རྙེད་པ་སོགས་ལ་ཟེར། བཤད་སྲོལ་ལ་བཎ་ཌྷེ་གསུམ་པོས་གཏེར་རྙེད་ན་ཡང་གཏེར་བདག་མ་མཆོད་པས་རྐྱེན་གྱིས་དེ་གསུམ་གྲོངས་ཟེར། གཏེར་མ་འདི་རྣམས་དང་པོ་རྒྱ་གར་ནས་བྱུང་བར་གྲགས་པས་རྒྱ་གར་གྱི་བོན་སྐོར་ཞེས་ཀྱང་བྱ། དེ་ལས་གཞན་བསམ་ཡས་ཅ་ཏི་མ་དང་དྲང་ང་མའི་སྐོར། བསམ་ཡས་ཀ་ཁོལ་མ། ར་སྟོན་འབུམ་རྗེས་ཐོན་པ་རྣམས་ཀྱང་དབུས་གཏེར་གྱི་ཁོངས་སུ་འདུ།
         དབུས་གཏེར་ཐོག་མར་འདོན་མཁན་ནི་བོན་གྱི་བསྟན་པ་ལ་དད་མོས་བྱེད་མཁན་མ་ཡིན་པ་ཡིག་ཚང་དུ་གསལ་ལ། གཏེར་ནས་བཏོན་པའི་རྗེས་སུ་རིམ་གྱིས་བོན་གྱི་ཆོས་སྤྱོད་པ་དག་གི་ལག་བརྒྱུད་དེ་དར་བ་ཡིན་ནོ། །
         ཁམས་གཏེར། ཁམས་གཏེར་བྱ་བ་ནི་མཁས་པ་བོན་ཁྱུང་སོགས་ཀྱིས་གཏེར་ནས་བཏོན་པའི་ཡིག་ཆ་རྣམས་ལ་ཟེར་བ་སྟེ། དེའི་ནང་གུ་རུ་བཎ་ཆུང་དང་། ཁོད་པོ་བློ་གྲོས། སྤྲུལ་སྐུ་སྤྱང་འཕགས། དབང་ལྡན་གཤེན་གསས། བྲ་བོ་སྤོམ་ནག ཀྱུ་ར་རྣལ་འབྱོར། རྐོ་བོ་གཏེར་སྟོན། སེ་གཉེན་ཞིག་པོ། ཚིལ་པོ་གཏེར་སྟོན། འཚོ་སྤྲུལ། ཨུ་གོ་གཡུང་དྲུང་འབུམ། ཕོ་ཆེན་ནམ་མཁའ་འོས་ཟེར་སོགས་ཀྱིས་བཏོན་པའི་གཏེར་ཡིག་རྣམས་འདུ་ལ། གཏེར་འདོན་ཡུལ་གཙོ་བོ་མདོ་ཁམས་ཀྱི་ཕྱོགས་ཡིན་པས་ན་ཁམས་གཏེར་ཞེས་གྲགས་པ་ཡིན། ཁམས་གཏེར་གྱི་གྲངས་ཚད་དང་ཞིབ་ཕྲའི་ངོ་སྤྲོད་ཡིག་ཚང་གསལ་བོ་མ་མཐོང་།
         གཏེར་གསར། གཏེར་གསར་ནི་གཏེར་ཕྲན་མང་ཞིང་། གཏེར་ནས་ཐོན་ཡུན་ཡང་ཆེས་རིང་བའི་གཏེར་ཚོགས་རྣམས་ལ་ཟེར་བ་སྟེ། གོང་དུ་བརྗོད་པའི་གཏེར་ཆེན་བཞིའི་རྗེས་ནས་བཟུང་ད་ལྟའི་བར་གྱི་གཏེར་ཡིག་རྣམས་ལ་ཟེར་བཞིན་ཡོད། གཏེར་གསར་གྱི་མཚོན་བྱེད་དུ་རྨ་སྟོན་སྲོལ་འཛིན་དང་། རྨ་ལྕམ་མེད། རྨ་ཤེར་སེང་། སྦ་བོན་ཁྱུང་ཐོག གུ་རུ་རྣོན་རྩེ། དཔོན་གསས་ཁྱུང་རྒོད། གཡུང་དྲུང་གླིང་པ་སོགས་ཀྱིས་བཏོན་པའི་གཏེར་ཡིག་རྣམས་ཡོད།
         གཏེར་གསར་འདིའི་ཁོངས་སུ་བན་དེའི་ཡིག་ཆ་ཡང་མང་པོ་ཞིག་སྣང་བ་དཔེར་ན། རྡོ་རྗེ་སེམས་དཔའི་མངོན་རྟོགས་དང་ཕྱག་རྡོར་གྱི་སྒྲུབ་སྐོར་དང་། དྲོ་ནད་གསོ་ཐབས། གུ་རུའི་དྲག་སྒྲུབ་དང་། ཕྱག་ཕུར་གྱི་སྐོར། རྟ་མགྲིན་གྱི་སྒྲུབ་སྐོར་དང་པད་ས་མཛད་པའི་གཟའ་བཅོས་སོགས་ཡོད་པར་བཤད་ལ། དེ་ཡི་ནང་ནས་གཏེར་ཆོས་འགའ་ཞིག་ནི་བན་ཌྷེ་མི་བཞིས་ཕྲོགས་ཏེ། གུ་རུ་ཆོས་དབང་ལ་བཀའ་བབས་པར་བཤད་དོ། །
         གསུམ། གཡུང་དྲུང་བོན་ལུགས་སུ་བྱུང་བའི་དཀར་ཆག་རིག་པ།
         གཡུང་དྲུང་བོན་གྱི་དཀར་ཆག་གི་རིག་པ་འདིའི་ལོ་རྒྱུས་ད་སྔ་ཞིབ་འཇུག་བྱས་པ་ཅུང་ཉུང་ལ། ཕལ་ཆེར་དུས་རབས་བཅུ་གཅིག་པའི་འགོ་ཙམ་ལ་གཤེན་ཆེན་ཀླུ་དགས་རང་གི་གཏེར་གྱི་ཁ་བྱང་སློབ་མ་རྣམས་ལ་བསྒྲགས་པར་གྲགས་པ་དེ་གཡུང་དྲུང་བོན་ལུགས་སུ་བྱུང་བའི་དཀར་ཆག་རིག་པའི་ཐོག་མ་ཡིན་དགོས་ཀྱང་། ད་ལྟ་ཡིག་ཆ་དེ་མཐོང་ལམ་དུ་རྙེད་ཐབས་བྲལ། དེའི་རྗེས་ཀྱི་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་དང་དུས་རབས་བཅོ་བརྒྱད་པའི་ནང་རྒྱལ་རོང་ཁྲོ་སྐྱབས་ཕྱོགས་སུ་འཁྲུངས་པའི་རིག་འཛིན་ཀུན་གྲོལ་གྲགས་པ་གཉིས་ཀྱིས་བོན་གྱི་དཀར་ཆག་རིག་པའི་འཕེལ་རྒྱས་ལ་མཛད་རྗེས་ཆེན་པོ་བཞག་ཡོད་པ་དང་། དེའི་རྗེས་ཀྱི་གཡུང་དྲུང་གླིང་གི་མཁན་པོ་ཉི་མ་བསྟན་འཛིན་གྱིས་ཀྱང་བོན་གྱི་དཀར་ཆག་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་བཞག་ཡོད།  
         སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་ནི་གཡས་རུ་དབེན་ས་ཁར་བྱུང་བའི་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་དུ་ངོས་འཛིན་བྱེད་བཞེན་ཡོད་ལ། ཁོང་ཕལ་ཆེར་སྤྱི་ལོ་144ལོ་ཡས་མས་ལ་འཁྲུངས་པ་སྟེ། ས་ལམ་གཞུང་དང་གབ་པ་དང་མཛོད་ཀྱི་འགྲེལ་བ་སྣོད་བཅུད་འགྲེལ་བ་མཆོང་དགུའི་གསལ་བྱེད་སོགས་བསྟན་བཅོས་རྒྱ་ཆེར་མཛད། ཁོང་གིས་བསྒྲིགས་པའི་གཏེར་གྱི་ཁ་བྱང་དེ་དཀར་ཆག་རིག་པའི་ཆ་ནས་རིན་ཐང་ཆེན་པོ་ཆགས་ཡོད་པ་ཤིན་ཏུ་གསལ།
         རིག་འཛིན་ཀུན་གྲོལ་གྲགས་པ་ནི་བོད་གྱི་དཀར་ཆག་རིག་པའམ་དཀར་ཆག་འགོད་པའི་བྱ་བ་འདི་ལ་མཛད་རྗེས་ཆེ་ཤོས་ཀྱི་མི་སྣ་ཞེག་སྟེ། ཁོང་རྒྱལ་རོང་ཆུ་ཆེན་རབ་བརྟན་རྒྱལ་བོའི་དབུ་བླར་བཞུགས་ཤིང་། མི་དབང་དེ་ཉིད་ཀྱི་རོགས་སྐྱོར་ལ་བརྟེན་ནས་ཆུ་ཆེན་པར་མའི་བཀའ་འགྱུར་གྱི་དཔར་བཞེངས་པ་དང་། ཀུན་གྲོལ་རང་ཉིད་ཀྱིས《ཟབ་དང་རྒྱ་ཚེ་གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར》ཞེས་བྱ་བ་བརྩམས། དཔེ་ཆ་འདི་ནི་བོན་གཅིག་པོ་མ་ཡིན་པར་བོད་ཀྱི་དཀར་ཆག་རིག་པའི་སྟེང་ནས་རིན་ཐང་ཆེན་པོ་ཡོད་པ་ཞིག་ཡིན། དཀར་ཆག་དེ་ཕལ་ཆེར་1751ལོ་ཙམ་ལ་བརྩམས་ཟིན་པ་རེད། དེའི་ནང་དོན་དེ་མདོ་འབུམ་སྔགས་གསུམ་དུ་ཕྱེ་ནས་བསྒྲིགས་ཡོད་ལ། ཕུན་སུམ་ཚོགས་པའི་མདོ་སྡེ་ལ་པོ་ཏི་ལྔ་བཅུ་ང་ལྔ་དང་། རྣམ་པར་དག་པའི་འབུམ་སྡེ་ལ་པོ་ཏི་བརྒྱ་དང་བརྒྱད། བླ་ན་མེད་པའི་སེམས་སྡེ་ལ་སུམ་ཅུ། ཟབ་ལམ་གསང་སྔགས་ཀྱི་སྡེ་ལ་པོ་ཏི་བརྒྱད་ཅུ་གྱ་བརྒྱད་བཅས་བསྡོམས་པའི་པོ་ཏི་ཉིས་བརྒྱ་དང་བརྒྱད་ཅུ་གྱ་གཅིག་ཡོད་པར་གསུང་ཡོད། གཞུང་དུ་བཀའ་དང་བཀའ་བརྟེན་གྱི་རྣམ་པ་ལྟར་དབྱེ་ཡོད་ན་ཡང་སྤྱི་ཁྱབ་ནས་བཀའ་དང་བཀའ་བརྟེན་གཉིས་སོ་སོར་དབྱེ་ཞིབ་བྱས་མེད་པས་མཁན་ཆེན་ཉི་མ་བསྟན་འཇིན་གྱིས་བཀའ་བཀྱོན་ཡང་བྱས་ཡོད་པ་རེད། ཞིབ་འཇུག་པ་ཁ་ཤས་ཀྱིས་ཀུན་གྲོལ་གྱི་དཀར་ཆག་ནི་ཁྲོ་སྐྱབས་རྒྱལ་པོའི་མཆོད་ཁང་རྩ་བཞུགས་པའི་ཡིག་ཆའི་དཀར་ཆག་ཡིན་ཟེར་མཁན་དང་། ཀུན་གྲོལ་རང་ཉིད་ཀྱི་ཡིག་ཚང་དཀར་ཆག་རེད་ཟེར་མཁན་གྱི་དོགས་སློང་ཡོད་ན་ཡང་། དཀར་ཆག་དེ་ཉིད་ཀྱི་གཞུང་དུ་ཞིབ་བལྟས་བྱས་པས་དོགས་སློང་བྱེད་དགོས་མི་འདུག ཀུན་གྲོལ་གྱི་དཀར་ཆག་དེ་1993ལོར་ཚེ་རིང་ཐར་ལགས་ཀྱིས་སྣེ་ཁྲིད་ལ་བརྟེན་ནས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་དཔར་དུ་བསྐྲུན་ཏེ་ཀུན་གྱི་གཟིགས་མོར་བཀྲམས་ཡོད།
         མཁན་ཆེན་ཉི་མ་བསྟན་འཛིན་ནི་ཐོབ་རྒྱལ་སྨན་རི་དགོན་གྱི་མཁན་རབས་ཉེར་གསུམ་པ་ཡིན་ལ།  སྤྱི་ལོ་1838ཙམ་ལ་རུ་ལག་གཡུང་དྲུང་གླིང་དུ་ཕེབས་ནས་མཚན་ཉིད་གྲྭ་ཚང་གསར་འཛུགས་བྱས་ཤིང་། གཡུང་དྲུང་གླིང་གི་མདོ་སྔགས་རིག་གནས་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག ཁོང་གིས《གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་བསྒྲིགས་ཚུལ་གྱི་དཀར་ཆག་ཉུང་ཐུས་གཤེན་བསྟན་པད་མོ་རྒྱས་པའི་ཉིན་བྱེད》ཞེས་བྱ་བ་བརྩམས་ཏེ། བཀའ་འགྱུར་ལ་ཁྱོན་པོ་ཏི་བརྒྱ་དང་བཅུ་གསུམ་ཡོད་པར་གསུངས་ལ། བརྟེན་འགྱུར་ལ་པོ་ཏི་ཉིས་བརྒྱ་དང་དགུ་བཅུ་གོ་གསུམ་སྟེ་བསྡོམས་པས་པོ་ཏི་བཞི་བརྒྱ་དང་དྲུག་ཏུ་བསྟན་ཡོད།  
         དེ་རྗེས་གཡུང་དྲུང་ཚུལ་ཁྲིམས་གྲགས་པ་སོགས་ཀྱིས་ཀྱང་བོན་གྱི་བཀའ་བརྟེན་གྱི་དཀར་ཆག་བསྒྲིགས་ཏེ་ཀུན་གྲོལ་དཀར་ཆག་ལ་ཁ་སྣོན་དང་ནོར་བཅོས་བྱས་ཡོད་ལ། རྗེས་སུ་སི་ཁྲོན་ཉག་རོང་རྫོང་གི་དབལ་ཁྱུང་དགོན་པར་བདག་ཉར་བྱས་པའི་བཀའ་འགྱུར་བྲིས་མ་ཆ་ཚང་ཞིག་བཞུགས་པ་གོང་གི་དཀར་ཆག་ཁག་གི་ཉིང་བཅུད་གཞིར་བཟུང་ནས་བསྒྲིགས་པ་ཡིན་ཞིང་། ཆབ་སྲིད་ཀྱི་དུས་འགྱུར་ཁྲོད་མ་འཇིག་པར་ད་ལྟའི་མི་རྣམས་ཀྱི་མཇལ་ཡུལ་དུ་བཞུགས་ཡོད་པ་དང་། རྗེས་སུ་གློག་པར་བརྒྱབ་ནས་ཕྱོགས་སོ་སོར་བཀྲམས་ཡོད་པ་སོགས་ལས་དེའི་འགན་ལེན་པ་རྣམས་བོན་གྱི་ཤེས་རིག་ཡང་དར་ལ་མཛད་རྗེས་ཤིན་ཏུ་ཆེའོ། །
བཞི། བོན་གྱི་བཀའ་དང་བཀའ་བརྟེན་གྱི་ནང་དོན་དབྱེ་བསྡུ་བྱེད་སྟངས།
         སྤྱིར་བོན་ལུགས་སུ་བྱུང་བའི་རྒྱལ་བའི་བཀའ་ལ་ཐེག་པ་རིམ་པ་དགུ་དང་། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ། བཀའ་གསུམ་ལ་སོགས་པའི་དབྱེ་སྟངས་མི་འདྲ་བ་ཡོད་ན་ཡང་། ཀུན་གྲོལ་གྲགས་པ་ཉིད་ཀྱིས་མཛད་པའི་དཀར་ཆག་དེ་ནི་མདོ་འབུམ་སྔགས་སེམས་བཞི་རུ་བགོས་ནས་བསྒྲིགས་པ་དང་། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་བཀའ་དང་བཀའ་བརྟེན་སོ་སོ་བྱས་ནས་བསྒྲིགས་ཡོད་པ་རེད། ཀུན་གྲོལ་གྲགས་པའི་མཛད་རྗེས་ཆེ་ཤོས་ནི་དཀར་ཆག་སྔར་ཡོད་ལེགས་སྒྲིག་བྱས་ཤིང་། གཏེར་གསར་ཁ་སྣོན་བྱས་པ་དང་། བོན་གྱི་དཀར་ཆག་ཐེངས་དང་པོར་ཤིང་དཔར་དུ་བརྐོ་བར་འབད་པ་ཆེན་པོ་བྱས་པ་དེ་ཡིན། ཀུན་གྲོལ་གྱི་རྗེས་སུ་མཁན་ཆེན་ཉི་མ་བསྟན་འཛིན་དང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་སོགས་ཀྱིས་ཀྱང་བོན་གྱི་བཀའ་དང་བཀའ་བརྟེན་གྱི་དབྱེ་བསྡུ་བྱེད་སྟངས་ལ་ཁ་སྣོན་བྱས་ཡོད་དེ། བཀའི་བསྟན་བཅོས་ལ་བཀའ་ཕུན་སུམ་ཚོགས་པ་མདོ་ཡི་ཡི་སྡེ་དང་། རྣམ་དག་རྒྱས་པ་འབུམ་གྱི་སྡེ། ཟབ་ལམ་གསང་སྔགས་ཀྱི་སྡེ་དང་། བླ་མེད་སེམས་ཕྱོགས་ཀྱི་སྡེ་དང་བཞིར་ཕྱེ་བ་དང་། བཀའ་བརྟེན་ལ་བཀའ་རྒྱུད་སོ་སོའི་དགོངས་པ་འགྲེལ་བའི་བཀའ་བརྟེན་དང་། བཀའ་སྤྱི་ཡི་དགོངས་པ་འགྲེལ་བའི་བཀའ་བརྟེན་གཉིས་སུ་བསྟན་ཡོད།
         ད་ལྟའི་དུས་སུ་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས་ཉི་ཧོང་རྒྱལ་ཁབ་ཀྱི་ཤར་རྒྱ་མཚོའི་དཔེ་མཛོད་ཁང་བྱ་བར་བྱ་བ་སྒྲུབ་སྐབས《བོན་གྱི་བསྟན་བཅོས་ཀྱི་མིང་འགྲེལ》ཞེས་པ་ཞིག་བརྩམས་ཡོད་པའི་ནང་། བོན་གྱི་བསྟན་བཅོས་རྣམས་མདོ་དང་། སྒྲུབ་ཐབས། གཅོད། རྫོགས་ཆེན། བཀའ་སྐྱོང་། ལམ་རིམ། རབ་གནས། ཤར་རྫའི་གསུང་འབུམ་གྱི་དཀར་ཆག་སོགས་ལེ་ཚན་བཅོ་བརྒྱད་དུ་ཕྱེ་ནས་བཀོད་ཡོད་ལ། བསྟན་བཅོས་རྣམས་གཏེར་མ་ཡིན་མིན་དང་། གཏེར་སྟོན་དང་ཡང་ན་རྩོམ་པ་པོ་སུ་ཡིན་དང་། དུས་ནམ་ཞིག་ཡིན་པ་སོགས་ཞིབ་ཏུ་བཀོད་ཡོད་པས་ན། རིག་གཞུང་ཞིབ་འཇུག་གི་ཕྱོགས་ནས་རིན་ཐང་ཆེན་པོ་ཡོད་པ་རེད། དེ་མིན་ནོར་ཝེ( Norway)རྒྱལ་ཁབ་ཀྱི་བོན་རིག་གནས་མཁས་ཆེན་ཕེར་ཁི་ཝེར་ནེ་དང་རྒྱལ་ནང་གི་བོན་རིག་པའི་ཆེད་མཁས་པ་ཚེ་རིང་ཐར་སོགས་ཀྱིས་ཀྱང་དུས་རབས་རིམ་བྱུང་གི་བོན་གྱི་དཀར་ཆག་རིག་པའི་སྐོར་ལ་ཞིབ་འཇུག་བྱས་ནས་མཛད་རྗེས་ཆེན་པོ་བཞག་འདུག
         དེ་མིན་བོན་གྱི་བསྟན་འབྱུང་དང་། དགོན་པའི་དཀར་ཆག བྱེ་བྲག་ཡུལ་ཕྱོགས་མི་འདྲ་བའི་དར་རྒྱས་ཀྱི་ལོ་རྒྱུས། གནས་ཡིག་དང་རྣམ་ཐར་སོགས་བོན་ཕྱོགས་ཀྱི་བསྟན་བཅོས་མང་དུ་བཞུགས་ལ། ཁག་ཅིག་ལོ་རྒྱུས་ཀྱི་དུས་འགྱུར་ནང་ཉམས་ཟིན་པ་དེ་དག་བསྐལ་བའི་བར་དུ་ཕངས་པའི་གནས་སོ། །
ལྔ། བོན་གྱི་བཀའ་བརྟེན་གྱི་ད་ལྟའི་གནས་བབས།
         ལོ་རྒྱུས་རིང་མོའི་བརྒྱུད་རིམ་ཁྲོད་བོན་བསྟན་ལ་དར་ནུབ་སྔ་ཕྱི་ལྟར་བྱུང་ཞིང་། ཆབ་སྲིད་འཕོ་འགྱུར་གྱི་དབང་གིས་རིག་གཞུང་དང་བསྟན་བཅོས་ལ་གནོད་པའི་ཡོ་ལང་རབ་དང་རིམ་པ་བརྒྱུད་པ་དེས་བོན་གྱི་བསྟན་བཅོས་རྩ་ཆེན་ཁག་ཅིག་མཐོང་ལམ་ནས་མེད་པར་གྱུར་བ་རེད། ཞིབ་འཇུག་ཆེད་མཁས་པ་ཚེ་རིང་ཐར་སོགས་ཀྱིས་བརྟག་ཞིབ་བྱས་པ་ལྟར་ན། “1948ལོའི་སྔོན་ལ་བོད་ཁམས་སུ་མ་མཐའ་ཡང་བཀའ་འགྱུར་བྲིས་མ་ཚར་སུམ་ཅུ་ཡས་མས་བཞུགས་ཡོད་པར་ཁ་ཚོན་གཅོད་ཆོག”ཞེས་གསུངས་ཡོད་པ་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཉག་རོང་རྫོང་དབལ་ཁྱུང་དགོན་པར་བོན་གྱི་བཀའ་འགྱུར་ལག་བྲིས་ཆ་ཚང་ཞིག་ཉར་ཚགས་གནང་བ་དུས་འགྱུར་གྱི་གནོད་པ་ཀུན་ལས་ཐར་བ་དང། པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོའི་གཟིགས་རྟོགས་ཆེན་པོ་ཐོབ་པ་དང་དེ་སྐབས་ཀྱི་དཀར་མཛེས་ཁུལ་སྲིད་གྲོས་སུ་བཞུགས་པའི་ཨ་གཡུང་རིན་པོ་ཆེ་གཡུང་དྲུང་བསྟན་པའི་རྒྱལ་མཚན་གྱི་གཙོ་འགན་འོག་གློག་པར་དུ་བསྐྲུན་ཐུབ་པ་བྱུང་བ་དང་། ཁོང་གི་དཔར་གཞི་དེ་ལ་མདོ་སྡེ་པོ་ཏི་དྲུག་ཅུ་རེ་གསུམ་དང་། འབུམ་སྡེ་ལ་དྲུག་ཅུ་རེ་བདུན། སྔགས་སྡེ་ལ་པོ་ཏི་ཉི་ཤུ སེམས་སྡེ་ལ་པོ་ཏི་བདུན་བཅས་ཁྱོན་སྡོམ་པོ་ཏི་བརྒྱ་དང་ལྔ་བཅུ་ང་བདུན་བཞུགས། དེའི་ནང་གི་“མདོ་སྡེའི་པོ་ཏི་བཞི་བཅུ་ཐམ་པ་དང་འབུམ་སྡེའི་པོ་ཏི་དྲུག་ཅུ་རེ་གཉིས་ཀྱི་མ་ཡིག་དབལ་ཁྱུང་བྲིས་མ་ཡིན་པ་ལས་དེའི་འཕྲོ་མ་རྣམས་ཀྱི་མ་ཡིག་ནི་ཁོ་རང་གིས་མདོ་ཁམས་ཀྱི་དགོན་པ་རྣམས་འགྲིམས་ནས་གསར་དུ་གཡར་ཏེ་ཁ་བསྐངས”པ་ཡིན། པར་གཞི་འདི་གཙོ་བོ་དཔེ་རྒྱུན་སྤེལ་བ་ལ་དམིགས་པས་ཚར་བརྒྱ་དང་སུམ་ཅུ་ཙམ་མ་གཏོགས་པར་དུ་བསྐྲུན་མེད་པས། དེས་བོན་གྱི་ཤེས་རིག་ཉམས་ཞིབ་མཁན་རྣམ་པ་དང་ཆོས་དད་མང་ཚོགས་ཀྱི་འདོད་མོས་སྐོང་ཐབས་མ་བྱུང་བས། པར་མ་དེ་གཞི་བྱས་ནས་ཁ་སྣོན་ཞིབ་རྒྱས་དང་། པར་གྲངས་བཟོ་བཅོས་སོགས་བྱས་པའི་པར་མ་མི་འདྲ་བ་ལྔ་ཙམ་ཐོན་ཡོད་ལ། ཕྱིས་སུ་བྱུང་བའི་བཀའ་འགྱུར་གྱི་པར་མ་རྣམས་ནི་ཨ་གཡུང་རིང་པོ་ཆེའི་བཀའ་འགྱུར་གྱི་པར་གཞི་མ་དཔེ་བྱས་ནས་བརྒྱུད་པ་ཡིན་པས་ན། རྩ་བའི་ནང་དོན་གྱི་ཆ་ནས་ཁྱད་པར་ཆེན་པོ་མེད།
         བཀའ་བརྟེན་ལ་མཚོན་ན། ཐ་སྙད་དེ་བྱུང་སྔ་ཡང་དེའི་ནང་དོན་བསྡུ་སྒྲིག་བྱས་པ་གསལ་ཆ་མི་འདུག 1993ལོ་ནས་བོད་ལྗོངས་ནག་ཆུ་ཆ་སྙེ་རོང་རྫོང་ནོར་བུ་གླིང་གི་བླ་རབས་བཅུ་གསུམ་པའམ་གྲུབ་དབང་སྐུ་ཕྲེང་གསུམ་པ་བསྟན་པའི་ཉི་མ་མཆོག་གིས་ཤེས་རིག་རྒྱུན་སྤེལ་གྱི་ལྷག་བསམ་ཆེན་པོའི་སྐུལ་སློང་ལ་བརྟེན་ནས་ལོ་གཉིས་ཙམ་ལ་བོད་ཁམས་ཡོངས་སུ་འགྲིམས་ཏེ་དཔེ་ཚོགས་བསྡུ་སྒྲིག་བྱས་པ་དང། 1997ལོར་བོན་གྱི་བཀའ་བརྟེན་པོ་ཏི་སུམ་བརྒྱ་ལོངས་པ་ལྷ་ས་ནས་པར་དུ་བསྐྲུན་པས་ཁོང་གིས་བོན་གྱི་ཡིག་ཆ་འཕེལ་རྒྱས་ལ་མཛད་རྗེས་ཆེན་པོ་བཞག དེའི་ནང་མང་ཆེ་བ་བོད་རང་ཉིད་ཀྱི་མཁས་པའི་མཛད་པ་ཡིན་ལ། གཏེར་མ་ཁག་ཅིག་ཀྱང་ཡོད། དེ་ནས་བརྒྱུད་པའི་གསར་བཟོས་བཀའ་བརྟེན་པར་མ་མི་འདྲ་བ་ཡང་ཕྱིས་ནས་བྱུང་ཡོད་པ་དེ་ཡང་པར་གཞི་འདི་གཞིར་བཟུང་ནས་པོ་ཏི་གསར་པ་ཁ་ཤས་ཁ་སྣོན་བྱས་པ་ཙམ་མོ། །
         གོང་གི་བཀའ་དང་བཀའ་བརྟེན་གཉིས་བསྡོམས་པས་ཁྱོན་པོ་ཏི་457ཡོད་ལ། ཕྱིས་ཙམ་ལ་རྔ་བ་རྟོགས་ལྡན་དགོན་གྱི་བོན་བློན་ནམ་མཁའ་བསྟན་འཛིན་གྱིས་གཙོ་འགན་བཞེས་ནས་བསྒྲིགས་པའི་བཀའ་འགྱུར་ལ་པོ་ཏི་192ཡོད་པ་དེ་དང་བཀའ་བརྟེན་བསྡོམས་པས་པོ་ཏི་492བཞུགས། དེ་བཞིན་སི་ཁྲོན་ཉག་རོང་རྫོང་གི་ཀུན་གྲོལ་སྨོན་རྒྱལ་ལྷ་སྲས་མཆོག་གིས་1998ལོར་བསྒྲིགས་ཟིན་པའི་བཀའ་འགྱུར་ལ་པོ་ཏི་178བཞུགས་པ་དབལ་ཁྱུང་བྲིས་མའི་བཀའ་འགྱུར་གཞི་བྱས་ཡོད་པ་དང་། གཞན་ཡང་བོན་གྱི་མཁས་དབང་རིན་བྱོན་གྱི་ཐོར་རྩོམ་དང་གསུང་འབུམ། ཆོ་གའི་གླེགས་བམ་སོགས་མང་དུ་བཞུགས་མོད། དེ་དག་ཐམས་ཅད་ད་སྔའི་བར་བེད་སྤྱོད་བྱས་པ་མི་འདངས་བས་ན། ང་ཚོས་ཡང་དག་པའི་སློབ་གཉེར་བ་ཞིག་གི་འདུ་ཤེས་དང་། ཡང་དག་པའི་ཞིབ་འཇུག་པ་ཞིག་གི་འདུ་ཤེས་བཟུང་ནས་རྩ་ཆེའི་ཡིག་ཆ་འདི་དག་ཀྱང་ལྟ་ཀློག་བྱེད་རྒྱུ་གལ་ཆེན་པོར་ཆགས་ཡོད།
         བཀའ་དང་བཀའ་བརྟེན་གྱི་ཞིབ་འཇུག་གི་ཕྱོགས་ནས་རྒྱལ་ནང་དུ་རྒན་ཚེ་རིང་ཐར་གྱིས་དབུ་ཁྲིད་བྱས་པའི་ཞིབ་འཇུག་གནས་ཚུལ་ལས་གཞན། རྒྱ་ཆེ་བའི་ལས་ཀ་སྤེལ་བ་ཅུང་ཉུང་འདུག་ལ། ཕྱིའི་རྒྱལ་ཁག་ལ་མཚོན་ན། 1996ལོར་ནོར་ཝེ་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་ཁང་གི་ཁོངས་གཏོགས་མཐོ་རིམ་ཞིབ་འཇུག་ལྟེ་གནས་ཀྱི་རྒྱལ་ཁབ་དྲུག་གི་ཞིབ་འཇུག་མི་སྣ་བརྒྱད་གདན་དྲངས་ཏེ་རྔ་བ་རྟོགས་ལྡན་དགོན་པའི་བོན་བློན་ནམ་མཁའ་བསྟན་འཛིན་གྱི་བཀའ་འགྱུར་པར་གཞི་གཞིར་བཟུང་ནས་ཞིབ་འཇུག་བྱས་ཤིང་། 2003ལོར་ཞིབ་འཇུག་གི་འབྲས་བུ་གསལ་བསྒྲགས་བྱས། དེའི་རྗེས་སུ་འཇར་པན་རྒྱལ་ཁབ་ཀྱི་རྒྱལ་གཉེར་མི་རིགས་རིག་པའི་བཤམས་སྟོན་ཁང་གིས་བོན་གྱི་ཤེས་རིག་ཞིབ་འཇུག་ལས་ཚན་བཙུགས་པ་ལས། བོན་གྱི་དགོན་པའི་ལོ་རྒྱུས་དང་། ཞང་ཞུང་སྐད་ཡིག་ཞིབ་འཇུག བོན་གྱི་དཀྱིལ་འཁོར། བོན་གྱི་ཐང་ཀ བཀའ་བརྟེན་གྱི་དཀར་ཆག་སོགས་ལ་ཞིབ་འཇུག་བྱས་ཤིང་། དེའི་ཞིབ་འཇུག་གི་འབྲས་བུར་དེབ་ཕྲེང་བཅུ་དཔར་སྐྲུན་འགྲེམས་སྤེལ་བྱས། མདོར་ན་བོན་གྱི་ཤེས་རིག་ལ་ཞིབ་འཇུག་བྱས་པ་དེས་བོད་ཀྱི་ཤེས་རིག་ཕུན་སུམ་ཚོགས་པོར་གཏོང་བ་ལ་བྱས་རྗེས་ཆེན་པོ་འཇོག་བཞིན་པ་བསྐྱར་དུ་གླེང་མ་དགོས་པའི་མིག་མཐོང་ལག་ཟིན་གྱི་གནད་དོན་ཞིག་གོ །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1