༄༅།།གངས་ཀྱི་སྙིང་བོར་གྱུར་བའི་གཡག་རྒོད།

ནུབ་རླུང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-22



ནུབ་རླུང་།
ཡངས་པའི་མཁའ་ནི་སྟོང་པའི་རང་གཟུགས་ཐོགས་རེག་མེད་པ་ཆོས་ཉིད་དེ། །
སུ་ཡིས་མ་བྱས་ངོ་བོར་གྲུབ་པས་རི་ཆུའི་ཀ་བ་བརྩིགས་པ་མེད། །
རླུང་དང་སྤྲིན་པས་འགྲུལ་བཞུད་དེ་ཡང་རང་བྱུང་འབྱུང་བ་འཐབ་པ་ལས། །
རྟོག་པའི་གཡོ་བ་འགྱུ་ཚུལ་མིན་པ་གསལ་རིག་སེམས་ཀྱི་ངོ་བོས་འགྲེལ། །
གངས་དང་རྫ་རི་ཆུ་དང་གཙང་པོ་གོང་བཞིན་འགྲེལ་བ་མ་བྱུང་ཚུལ། །
ཆོས་ཉིད་རིག་པའི་དབྱངས་སུ་བརྒྱུས་ནས་ཛ་ཛོར་རྒྱན་ཏུ་འདོགས་དགོས་སམ། །
དེ་དང་འབྲེལ་བ་བཅུད་ཀྱི་སེམས་ཅན་གཡོ་བའི་དངོས་རྣམས་གང་ཡིན་པ། །
མ་ངེས་སེམས་ཀྱི་འཆར་སྒོར་འདྲུད་དམ་ཐེ་ཚོམ་འཕྱང་རྒྱར་ཐེབས་དགོས་ཡོད། །
ཡིན་ཡང་བླུན་པོའི་བློ་སྐྱོན་མ་ཞུགས་སྲིད་པའི་རྟེན་དུ་གྱུར་བ་དེ། །
ཧ་ཅང་གྲང་བའི་གངས་ཀྱི་རི་ན་ཤོམ་ཆེན་རྩིད་པས་ས་གཤེགས་པ། །
སྲ་མོ་ལྕགས་ལ་འཕལ་ཁ་སྤྲད་འདྲ་རྨིག་ཆེན་གཤིབས་མས་རྡོ་འགད་པ། །
གངས་ཀྱི་རི་བོའི་སྙིང་པོར་གྱུར་བ་གཡག་རྒོད་ཅེས་པ་གཅིག་པུ་ཡིན། །
གནམ་གྱི་ཨ་ལོང་སྐེ་རུ་བསྐོན་བྱེད་ཤིན་ཏུ་རྣོ་བའི་རྭ་ཅོ་ཟུང་། །
བཙན་ལ་ཚོད་མེད་དགྲ་ཡི་རུ་དཔུང་ཆམ་དུ་འབེབས་བྱེད་ལྕགས་ཀྱུ་སྟེ། །
སུ་ལ་སྣུན་ཡང་སྲོག་གི་གཤེད་དུ་ལས་དང་བསགས་པས་བསྐྲུན་པ་བཞིན། །
འཆོར་བར་མི་སྲིད་ཁྱད་ཆོས་འདིས་ཀྱང་སྲིད་གསུམ་དབང་དུ་བསྡུ་བར་བྱེད། །
ལྷུན་ཆགས་རྫ་ཡི་བརྗིད་ཉམས་བཅོམ་བྱེད་ཡོམ་ཡོམ་འགུལ་བའི་ཟེ་བ་དེ། །
སྟོབས་ཀྱི་རུ་མ་ལུས་སུ་འཆང་བའི་རྟགས་དང་དཔང་པོ་གསལ་བྱེད་དེ། །
སྤྲུགས་སྤྲུགས་ཙམ་གྱིས་ཕ་རོལ་ཟིལ་གནོན་ལུས་ཀྱི་རྐང་ལག་འཁུམས་པ་ཡི། །
ཤིན་ཏུ་བརྗིད་པའི་ཁྱད་ཆོས་འདིས་ཀྱང་སྲིད་པའི་གནས་ཀུན་དབང་དུ་བསྡུ། །
དབེན་པའི་རི་ཡི་ལྷིང་འཇགས་དཀྲོགས་བྱེད་ཁྲོས་པའི་ངར་སྒྲ་སྐན་ལ་རྒྱུན། །
དྲགས་པོའི་སྣ་ཕུ་ཤུགས་ཀྱི་བཏང་ན་རྩྭ་ལྗང་ཟིལ་བ་ཁྲོམ་མེར་གཏོར། །
འཇམ་གཉེན་ལྕེ་ཡིས་སྤང་རྒོད་ཀོག་པའི་གཏམ་རྒྱུད་གནའ་རབས་མི་ཡིས་འཆད། །
རྒོད་ཀྱང་གྲུང་པའི་ཁྱད་ཆོས་འདིས་ཀྱང་འཇིག་རྟེན་རྨིག་པའི་ཞབས་སུ་བརྫངས། །
མགྱོགས་དང་བུལ་གྱི་ས་མཚམས་དབྱེ་ན་རླུང་གི་གཤོག་ཡ་མ་གྱུར་ཅིང་། །
བརྒལ་དཀའི་གངས་དང་རྫ་རིའི་ཕྲང་ལམ་སྦོམ་ལ་བརྟན་པའི་སུག་བཞིས་གཏུབ། །
གྲང་ཞིང་འཁྱག་པའི་ཁ་ཆར་བུ་ཡུག་སྣང་བའི་ཁམས་སུ་མི་འདྲེན་པ། །
སུ་ཡིས་མ་གནང་ལྷན་སྐྱེས་གཤིས་འདིས་འཁོར་བ་བརྡབ་གསིག་གཏོང་གྲབས་བྱེད། །
འགྲོགས་ཤིང་འདྲེས་པའི་བརྩེ་བ་དཀར་པོ་རླུང་གི་གཟུགས་སུ་མ་གྲུབ་སྟེ། །
ཤ་དང་ཁྲག་གི་བུ་ལོན་དགོས་ཀྱང་ཕངས་མེད་འཇལ་བའི་སྙིང་སྟོབས་མངའ། །
བསླུ་བར་འདོད་པའི་སེམས་གཤིས་ངན་པ་རྩ་ལག་མ་ལུས་སྤངས་པ་ཡི། །
བཀུར་བར་འདོད་པས་ཁྲེལ་གཞུང་འདིས་ཀྱང་མི་ཡི་རིགས་ལ་ངོ་འཚང་འདྲི། །
ཡར་དེད་བཙན་པོའི་མཐའ་མཚམས་སྲུང་ཉིན་གོ་མཚོན་སྐྱེལ་བའི་དཔུང་རོགས་ཡིན། །
མར་དེད་ཅོལ་ཆུང་རི་ལ་འགྲོ་ཉིན་རྐང་ཚེགས་ལེན་པའི་གྲོགས་པོ་ཡིན། །
ཉམ་ཆུང་བུ་མོ་གནས་ལ་འགྲོ་ཉིན་བརྫོངས་པའི་གོས་ཆེན་ཁུར་རོགས་ཡིན། །
བླ་མེད་གཞན་ཕན་ལྷག་བསམ་འདིས་ཀྱང་ཅོ་འདྲིའི་བསྟིང་ཚིག་ཡང་ཡང་བྱེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1