༄༅།།མདོ་དབུས་མཐོ་སྒང་གི་འོག་ན་སྟོང་གནས་ཆེན་པོ་ཞིག་ཡོད་ཅེས་པ་བདེན་ནམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། སྤེལ་དུས། 07-22



        མདོ་དབུས་མཐོ་སྒང་ནི་འཛམ་གླིང་གི་ཡང་རྩེ་ཡིན་ལ། མིའི་རིགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་ས་ཆ་ཞིག་ཀྱང་ཡིན། གནས་འདི་ནས་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་ཞིག་བྱུང་ན། འཕྲལ་མར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པར་འགྱུར་ངེས། མདོ་དབུས་མཐོ་སྒང་འདི་སའི་གོ་ལའི་ཐོག་གི་ས་བབ་ཆེས་མཐོ་བའི་མཐོ་སྒང་ཡིན་ལ། འཚོལ་ཞིབ་པ་མང་པོ་ཞིག་གི་སེམས་ཁོངས་ཀྱི་གནས་མཆོག་དེ་ཡང་ཡིན།
        གླིང་དམག་འཁྲུག་ཆེན་མོ་ཐེངས་གཉིས་པའི་སྐབས། ནཱ་ཙི་འཇར་མན་གྱིས་འཚོལ་ཞིབ་རུ་དཔུང་གཉིས་མངགས་ཏེ་འཛམ་གླིང་ཡང་རྩེ་ནས“སའི་གོ་ལའི་འཁོར་ལྟེ”འཚོལ་ཞིབ་བྱས་ཡོད་ཀྱང་། ཁོ་ཚོས་ཅི་ཡང་རྙེད་མེད་པ་རེད།
        དེང་སྐབས། རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་ཚོགས་ཆུང་གིས་ཚན་རྩལ་འཕྲུལ་ཆས་ཀྱི་རོགས་འདེགས་ལ་བརྟེན་ནས་རི་བོ་ཧི་མ་ལ་ཡའི་འོག་ཏུ་སྟོང་གནས་ཆེན་པོ་ཞིག་ཡོད་པ་ར་སྤྲོད་བྱས།

        གལ་ཏེ། རི་བོ་ཧི་མ་ལ་ཡ་འདི་ཁོག་སྟོང་ཞིག་ཡིན་ན། མདོ་དབུས་མཐོ་སྒང་གི་འོག་ནི་འཇིག་རྟེན་ཇི་འདྲའི་རྒྱ་ཆེ་བ་ཞིག་ཡིན་ནམ།


        བྲག་ལེབ་རིག་པ་ནི་སའི་གོ་ལའི་ཚན་རིག་ཁྲོད་ཀྱི་སྐམ་ས་ཆགས་ཚུལ་གྱི་ལྟ་བ་བརྗོད་མཁན་གཙོ་བོ་ཡིན་ལ། རི་རྒྱུད་ནི་བྲག་ལེབ་ཆེན་པོ་གཉིས་ཕན་ཚུན་གདོང་ཐུག་བརྒྱབ་པ་ལས་བྱུང་བར་འདོད། མདོ་དབུས་མཐོ་སྒང་གི་ཆགས་ཚུལ་ལའང་བཤད་སྟངས་འདི་ཆེས་ཚད་ལྡན་ཡིན་པར་རྩི་བཞིན་ཡོད།
        ཡིན་ནའང་། ཚན་རིག་པས་ཡུལ་དངོས་ས་གཤིས་རྟོག་ཞིབ་མང་པོ་བྱས་མཐར། བློ་ཡུལ་ལས་འདས་པའི་དཔྱད་འབྲས་ཤིག་ཐོན་པ་སྟེ། ད་ཡོད་ཀྱི་དངོས་ལུགས་ཤེས་བྱའི་ཁྲོད་དུ། སྤུས་ཚད་བརྟན་སྲུང(质量守恒)ནི་འགྱུར་བ་ཀུན་གྱི་མཐའ་མའི་འགྲེལ་བ་ཞིག་ཡིན། འོན་ཀྱང་། ཚགས་དམ་པའི་འཚོལ་ཞིབ་འཕྲུལ་ཆས་དང་ཞིབ་ཅིང་ཕྲ་བའི་གྲངས་རྩིས་སྤྱད་པ་བརྒྱུད་མདོ་དབུས་མཐོ་སྒང་གདོང་ཐུག་བྱུང་བའི་སྔ་གཞུག་གི་དངོས་པོ་ནི་སྤུས་ཚད་བརྟན་སྲུང་དུ་གནས་མེད་ལ། དེང་རབས་ཚན་རིག་གིས་ཀྱང་འགྲེལ་བཤད་བྱ་མི་ཐུབ་པའི་སྣང་ཚུལ་བྱུང་།
        ས་ཤུན་གྱི་རྔམས་ཀ་འཕར་བར་བྱས་མཐར་ཤུལ་རྗེས་ཅི་ཡང་མེད་པའི་དངོས་པོ་འདི་གང་ཞིག་ཏུ་སོང་བ་ཡིན་ནམ། ཚན་རིག་པས་གསང་བ་འདིའི་མཐིལ་བརྟོལ་བར་བྱེད་ན། ངེས་པར་དུ་མདོ་དབུས་མཐོ་སྒང་གི་ཁོག་པ་ནང་མཐོང་ཐུབ་པའི་གནད་ཀ་ཞིག་འཚོལ་དགོས་པ་དང་། མདོ་དབུས་མཐོ་སྒང་གི་ཁོག་པ་ནང་དུ་སོང་ན་མ་གཏོགས། སྟོང་གནས་དེ་ཡི་རྣམ་པ་ཇི་འདྲ་བ་ཞིག་ཡིན་པ་རྟོགས་མི་ཐུབ་པ་རེད།

        དུས་རབས20བའི་ལོ་རབས་དགུ་བཅུའི་སྐབས་སུ་རྒྱལ་སྤྱིའི་མཉམ་འབྲེལ་ཚོ་ཆུང་ཞིག་གིས་མདོ་དབུས་མཐོ་སྒང་གི་ཁོག་སྟོང་གསང་བ་འདི་རིམ་པར་གསལ་བར་བྱས། ཁོང་ཚོས་གློག་སྡུད་རིག་པའི་འབྲེལ་ཡོད་ཤེས་བྱ་སྤྱད་དེ་གློག་རླབས་རིང་ཚད་ཧ་ཅང་ཡངས་པའི་ས་གཞིའི་གློག་སྡུད་འཚོལ་ཞིབ་ཀྱི་བཅད་ངོས་ལ་བརྟེན་ནས་མདོ་དབུས་མཐོ་སྒང་གི་ས་ཤུན་དང་ས་གུར་གྱི་གློག་སྡུད་བརྡ་རྟགས་འཚོལ་བཤེར་བྱས་ཏེ་བརྡ་རྟགས་བཏང་བའི་འགུལ་ཚད་ནས་ས་གཞི་ཆགས་རིམ་གྱི་ནང་ཁུལ་སྒྲིག་གཞི“ཕུག་བརྟོལ”བྱས་པ་རེད།


        བྱ་བ་དེ་བརྒྱུད་ནས་རྒྱུན་ལྡན་མ་ཡིན་པའི་ཆ་འཕྲིན་ཞིག་འཛིན་བཟུང་ཐུབ་པ་ལས་རྒྱལ་སྤྱིའི་མཉམ་འབྲེལ་ཚོ་ཆུང་ལ་དགའ་སྤྲོ་ཚད་མེད་ཅིག་སྐྱེས་པ་སྟེ། མདོ་དབུས་མཐོ་སྒང་གི་ས་འོག་གཏིང་ཚད་སྤྱི་ལེ་བརྒྱ་ལྷག་ཡོད་པ་ཞིག་ཏུ་གློག་འདྲེན་མཐོ་ཚད་ཞི་མེན་ཙི་ཁྲི0.35ནས2.1བར་བརྒལ་འདུག་ལ། དེ་ནི་རྒྱུན་ལྡན་གྱི་ས་ཤུན་ལས་ལྡབ་བརྒྱ་ལྷག་གི་མང་བ་རེད། དེ་བས་ངོ་མཚར་བ་ཞིག་ལ། མདོ་དབུས་མཐོ་སྒང་གི་ནུབ་ནས་ཤར་དུ་རིམ་པར་གློག་འདྲེན་རང་བཞིན་ཇེ་ཆེ་ཡིན་པས། ས་འོག་ན་གློག་འདྲེན་འགོག་ཤུགས་ཧ་ཅང་ཆུང་བའི་ལྐོག་གྱུར་གྱི་དངོས་པོ་ཞིག་ཡོད་པ་དང་ཤར་གནས་སུ་དེ་བས་མང་བ་མཚོན།


        ཕྱོགས་མང་པོ་ནས་དབྱེ་ཞིབ་དང་ཞིབ་འཇུག་བྱས་མཐར། ཚན་རིག་པ་ཚོས་དངོས་པོ་འདི་ནི་ཕལ་ཆེར་ཆུ་ལྟ་བུའི་གཤེར་གཟུགས་ཀྱི་དངོས་པོ་ཞིག་ཡིན་པ་དང་། དེ་ལ་ཚྭ་ཡི་གྲུབ་ཆ་ཧ་ཅང་མང་པོ་ཞིག་ཡོད་ཚུལ་བསྟན་པ་རེད། འོན་ཀྱང་། འདི་ནི་ཚོད་དཔག་ཙམ་ཞིག་ལས་དངོས་གནས་ཀྱི་བདེན་དཔང་ཐུབ་པ་ཞིག་མིན།

        དེར་བརྟེན། ཚན་རིག་པ་ཞིག་གིས་མདོ་དབུས་མཐོ་སྒང་གི་སྟོང་གནས་འཇིག་རྟེན་དེ་ལ་ཆུ་ཡིས་གང་བ་ཞིག་ཡིན་ནམ། དེ་ན་ཚེ་སྲོག་ཡོད་དམ། ས་འོག་གི་རྒྱལ་ཁམས་དེ་ན་རིགས་རྒྱུད་གཞན་པ་ཞིག་ཡོད་དམ། ས་འོག་ཤེས་དཔལ་ཞེས་པ་དངོས་སུ་ཡོད་དམ་ཞེས་ཚོད་དཔག་བྱས་འདུག

འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས་ཀྱིས་སྒྲིག་སྒྱུར་བྱས། མ་ཡིག་དང་པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1