ཕུའུ་ཅིང་གིས་ཙུང་ཐུང་གི་བཀའ་རྒྱར་མིང་རྟགས་བཀོད་ནས་2030ལོའི་གོང་གི་ཨུ་རུ་སུའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དམིགས་ཚད་གཏན་འཁེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-23



 
    ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཙུང་ཐུང་གི་བཀའ་རྒྱར་མིང་རྟགས་བཀོད་དེ། 2030ལོའི་གོང་གི་ཨུ་རུ་སུའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དམིགས་ཚད་གཏན་འཁེལ་བྱས་ཏེ་ཨུ་རུ་སུའི་དཔལ་འབྱོར་དང་། སློབ་གསོ། གྲོང་ཁྱེར་འཛུགས་སྐྲུན། གྲངས་གཞི་ཅན་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་ཞིབ་ཕྲའི་དམིགས་ཚད་བཏོན་ཡོད།
     ཨུ་རུ་སུའི་ཙུང་ཐུང་དྲ་ཚིགས་ཐོག་ཚེས་21ཉིན་ཁྱབ་བསྒྲགས་བྱས་པའི་ཙུང་ཐུང་གི་བཀའ་རྒྱར་གཞིགས་ན། ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་པ་དང་། མི་འབོར་མང་དུ་གཏོང་བ། དམངས་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་ཆེད་ཨུ་རུ་སུས་2030ལོའི་གོང་དུ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དམིགས་ཚད་རབ་དང་རིམ་པ་སྒྲུབ་ཟིན་པ་བྱེད་དགོས།
     དཔལ་འབྱོར་ཁྱབ་ཁོངས་སུ། 2030ལོའི་གོང་དུ་ཨུ་རུ་སུས་སྤྱི་ཁོག་དཔལ་འབྱོར་བརྟན་པོ་རྒྱུན་འཁྱོངས་བྱེད་པ་དང་དུས་མཚུངས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་དེ་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོང་བ་བྱ་རྒྱུ་དང་། ཨུ་རུ་སུའི་ཐོན་ཁུངས་མིན་པ་དང་ནུས་རྒྱུ་མིན་པའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་དེ་2020ལོ་ལས་70%ལས་མི་ཉུང་བ་འཕར་བ་བྱ་རྒྱུ། ཨུ་རུ་སུའི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་པའི་གཞི་ཁྱོན་དེ་2020ལོ་ལས་འཕར་ཚད་དངོས་70%ཟིན་པ་བྱ་རྒྱུ་བཅས་རེད།
     སློབ་གསོ་དང་དམངས་འཚོའི་ཐད་2030ལོའི་གོང་དུ་ཨུ་རུ་སུའི་སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་སྤུས་ཚད་འཛམ་གླིང་གི་ཨང་བཅུ་པའི་ནང་སླེབས་པ་བྱ་རྒྱུ། ནུས་ལྡན་གྱི་མཐོ་རིམ་སློབ་གསོའི་མ་ལག་འཛུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་ཨུ་རུ་སུའི་ཚན་ཞིབ་གསར་སྤེལ་ལས་དོན་གྱི་སྤྱིའི་གཞི་ཁྱོན་འཛམ་གླིང་གི་ཨང་བཅུ་པའི་ནང་སླེབས་པ་བྱ་རྒྱུ། 2017ལོ་དང་བསྡུར་ན་མི་འབོར་དབུལ་པོའི་བསྡུར་ཚད་50%ཉུང་དུ་གཏོང་རྒྱུ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་78བར་མཐོ་རུ་གཏོང་ཐུབ་པ་བྱ་རྒྱུ། བརྒྱུད་རིམ་རང་བཞིན་གྱི་ལུས་རྩལ་སྦྱོང་བརྡར་ནང་ཞུགས་མཁན་མི་འབོར་གྱི་བསྡུར་ཚད་70%བར་མཐོ་རུ་གཏོང་རྒྱུ་བཅས་རེད།
     གྲོང་ཁྱེར་འཛུགས་སྐྲུན་ཐད་2030ལོའི་གོང་དུ་སླེབས་སྐབས་ཨུ་རུ་སུའི་གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་ཀྱི་སྟོན་གྲངས་མིག་སྔ་ལས་སྤྱི་ཡོངས་ནས་50%མཐོ་རུ་གཏོང་བ་དང་། ཨུ་རུ་སུའི་གྲོང་ཁྱེར་ཁྱུ་ཚོགས་ཁུལ་དུ་ཚད་ལྡན་གྱི་སྤུས་ཚད་མཐོ་བའི་འགྲོ་ལམ་གྱིས་བཟུང་བའི་བསྡུར་ཚད་85%ལས་མི་དམའ་བ་བྱ་རྒྱུ། སྲ་གཟུགས་གད་སྙིགས་ཚང་མ་རིགས་དབྱེ་བྱེད་པའི་གད་སྙིགས་གཙང་སེལ་མ་ལག་བཙུགས་ནས་གད་སྙིགས་སྤུངས་སར་དབོར་འདྲེན་བྱས་པའི་གད་སྙིགས་ཀྱི་འབོར་ཚད་དེ་མིག་སྔ་ལས་50%ཉུང་དུ་གཏོང་རྒྱུ་བཅས་རེད།
     གྲངས་གཞི་ཅན་གྱི་ཐད་2030ལོའི་གོང་སྤྱི་ཚོགས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་གློག་རྡུལ་ཅན་གྱི་ཞབས་ཞུ་95%ཟིན་པ་བྱ་རྒྱུ་དང་། དྲ་ཆེན་བརྒྱུད་འཕྲིན་སྦྲེལ་དྲ་བར་ཞུགས་པའི་ཨུ་རུ་སུའི་ཁྱིམ་ཚང་གིས་བཟུང་བའི་བསྡུར་ཚད་97%ཟིན་པ་བྱ་རྒྱུ། ཆ་འཕྲིན་ལག་རྩལ་ཁྱབ་ཁོངས་སུ་2019ལོ་ལས་མ་རྩ་གཏོང་ཚད་ལྡབ་3མང་དུ་བཏང་ནས་ཨུ་རུ་སུའི་ཐོན་རྫས་ཐག་གཅོད་ཀྱི་ཇུས་གཞི་སྤྱོད་རྒྱུ་བཅས་རེད།
     ཙུང་ཐུང་གི་བཀའ་རྒྱར་གཞིགས་ན། གོང་གསལ་གྱི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱ་ཆེད། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་འདི་ལོའི་ཟླ་10ཚེས་30ཉིན་གྱི་གོང་དུ་འབྲེལ་ཡོད་རྒྱལ་ཁབ་ཀྱི་རྣམ་གྲངས་བཀོད་སྒྲིག་ལེགས་སྒྲིག་བྱེད་དགོས་པ་དང་འབྲེལ། ལེགས་སྒྲིག་བྱས་འབྲས་ཨུ་རུ་སུའི་ཙུང་ཐུང་གི་འཐབ་ཇུས་འཕེལ་རྒྱས་དང་རྒྱལ་ཁབ་ཆེད་དོན་འཆར་འགོད་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་དགོས་ཀྱི་ཡོད་པ་རེད།
     ཐ་སི་གསར་འགྱུར་ཁང་གིས་ཚེས་21ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཕུའུ་ཅིང་གིས་2018ལོའི་ཟླ་5པར་ཙུང་ཐུང་གི་བཀའ་རྒྱར་མིང་རྟགས་བཀོད་ནས་2024ལོའི་གོང་གི་ཨུ་རུ་སུའི་སྤྱི་ཚོགས་དང་། དཔལ་འབྱོར། སློབ་གསོ། ཚན་རིག་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་འཕེལ་རྒྱས་ཀྱི་དམིགས་ཚད་དང་འཐབ་ཇུས་ལས་འགན་གཏན་འཁེལ་བྱས་པ་རེད། དེ་ཉིན་མིང་རྟགས་བཀོད་པའི་ཙུང་ཐུང་གི་བཀའ་རྒྱ་གསར་པའི་ནང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དམིགས་ཚད་ཁག་གཅིག་གི་དོན་འཁྱོལ་དུས་ཚད་2024ལོའི་གོང་ནས་2030ལོའི་གོང་དུ་ནར་འགྱངས་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1