གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

དགྲ་འདུལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་སློབ་ཆེན་རིག་གཞུང་དུས་དེབ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༢༤ཉིན།

༄༅།།བོད་ཀྱི་རུས་མིང་ཐོག་མའི་ཁྱད་ཆོས་དང་དེའི་རིན་ཐང་སྐོར་གྱི་དཔྱད་པ།


དགྲ་འདུལ།
གནད་བསྡུས། དཔྱད་རྩོམ་འདིར་རྩོམ་པ་པོས་ལོ་རྒྱུས་ཡིག་ཚང་མང་པོ་དང་དེང་སྐབས་མིའི་རིག་པ། ཆོས་ལུགས་རིག་པའི་རིག་གཞུང་སོགས་ལུང་གི་རྒྱབ་རྟེན་དང་རང་བློའི་རིག་པའི་ཞིབ་དཔྱད་ལ་བརྟེན་ནས་བོད་ཀྱི་རུས་མིང་ཐོག་མ་ནི་ཡུལ་ཡར་ལུང་དུ་བོད་ཀྱི་མ་རྒྱུད་སྤྱི་ཚོགས་སྐབས་བྱུང་བའི་རྒྱུ་རྐྱེན་དང་དེ་ནས་རིམ་བཞིན་བོད་གྱི་ཡུལ་ཁམས་གཞན་དུ་གྱེས་པའི་སྐོར་ལ་དཔྱད་པ་བྱས་འདུག
གནད་ཚིག   བོད།   རུས་མིང་།  ཁྱད་ཆོས།  རིན་ཐང་།
གླེང་གཞི།
         བོད་པའི་གནའ་བོའི་རུས་མིང་གིས་བོད་པའི་གནའ་བོའི་སྤྱི་ཚོགས་ལམ་ལུགས་དང་ཆབ་སྲིད་སྐྱོང་ཚུལ། དཔལ་འབྱོར་འཚོ་རྟེན། བསམ་བློ་མཚན་ཉིད་རིག་པ་སོགས་གང་འདྲ་ཡོད་མིན་གསལ་བར་མཚོན་པར་བྱེད་ཀྱི་ཡོད་པས་ན་བོད་ཀྱི་རུས་མིང་ནི་བོད་ཀྱི་གནའ་བོའི་ཤེས་རིག་གི་མཚོན་ཚུལ་ཞིག་དང་བོད་པའི་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཆགས་ཡོད། དེས་ན་བོད་ཀྱི་གནའ་བོའི་རུས་མིང་ལ་ཕྱོགས་ཡོངས་དང་ཡང་དག་པའི་ཤེས་རྟོགས་དགོས་ན་ནི་བོད་པའི་རུས་མིང་ཐོག་མའི་འབྱུང་རྐྱེན་ཤེས་རྟོགས་བྱ་རྒྱུ་ནི་ཨ་ཏིག་ནང་གི་ཡང་ཏིག་དང་སྒོང་ངའི་ནང་ནི་སེར་རིལ་ལྟ་བུར་སོང་བས་གཤམ་དུ་བོད་པའི་ལོ་རྒྱུས་ཀྱི་ཡིག་ཚང་དུ་མ་དང་དེང་སྐབས་མིའི་རིག་པ། ཆོས་ལུགས་རིག་པའི་རིག་གཞུང་སོགས་ལ་བརྟེན་ནས་བོད་པའི་རུས་མིང་ཐོག་མ་འབྱུང་དུས་དང་འབྱུང་རྐྱེན། འབྱུང་ཡུལ་བཅས་ལ་རང་བློས་དཔོག་ཚོད་ཀྱིས་དཔྱད་པ་ཅུང་ཙམ་བྱེད་པར་འདོད་དོ།
དང་པོ། བོད་ཀྱི་རུས་མིང་ཐོག་མའི་ཁྱད་ཆོས་ལ་བརྟག་པ།
         བོད་ཀྱི་ལོ་རྒྱུས་སྨྲ་བ་མཁན་འགོས་ལོ་གཞོན་ནུ་དཔལ་གྱིས་“བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར་ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་། ལུང་དང་རིག་པའི་གནོད་པ་མེད་ཅིང་། ”① ཞེས་གསུངས་པ་ལྟར་བོད་གངས་ཅན་ལྗོངས་འདིར་ཁ་བ་རི་པའི་ཡང་མེས་ཀྱི་ཡང་མེས་བོད་མིའི་ཐོག་མའི་རིགས་རྒྱུད་བྱུང་ཚུལ་ལ་བསམ་ན་མི་ལོ་ཁྲི་ཕྲག་མང་པོའི་ལོ་རྒྱུས་ཡོད་པར་ངེས་ལ། དུས་མཚུངས་བོད་མིའི་རུས་མིང་བྱུང་ཚུལ་གྱི་ངོས་ནས་བརྗོད་ནའང་བསྐལ་པ་ཡ་ཐོག་གི་ཡུན་རིང་གི་ལོ་རྒྱུས་ལྡན་པ་ཞིག་ཡིན། དེ་ཡང་བོད་ཀྱི་རིགས་རུས་ཆེས་ཐོག་མ་ནི་བསྐལ་པ་ཡ་ཐོག་གི་མ་རྒྱུད་སྤྱི་ཚོགས་ཀྱི་དུས་སུ་བྱུང་བ་ཞིག་ཡིན་ཏེ། བསྐལ་པ་ཡ་ཐོག་གི་བོད་མིས་རང་བྱུང་ཁམས་ལས་མེ་བཏོན་པ་དང་བེད་སྤྱད་དེ་བཟའ་བཏུང་བཙོས་མ་སྤྱོད་པར་ཤེས་པས་འཇུ་ནུས་ཇེ་དྲགས་ལ་སོང་ནས་ལུས་ཁམས་སྐྱེ་འཕེལ་ལ་ཡར་སྐུལ་ཐེབས་པ་དང་། མུན་པ་སེལ་ཞིང་འཁྱག་གྲང་འགོག་པ། གཅན་གཟན་ལ་འཇིགས་སྣང་སྐུལ་བ་སོགས་རང་བྱུང་ཁམས་འདུལ་བའི་ཐབས་དམ་པ་རྙེད་པ་ཡིན་ལ། ཡུན་རིང་པོའི་ངལ་རྩོལ་དང་འཐབ་རྩོད་བརྒྱུད་དེ་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་ཕྱིའི་རང་བྱུང་ཁམས་བསྒྱུར་བཀོད་བྱས་པ་དང་། རང་ལུས་ཀྱི་གཟུགས་བྱད་དང་། བློ་སྟོབས་ལ་འགྱུར་ལྡོག་ཆེན་པོ་བྱུང་ལ་བསྐལ་པ་ཡ་ཐོག་གི་བོད་མིའི་སྐོར་ཚོགས་ཀྱང་གོང་དུ་འཕེལ་བར་སྐུལ་འདེད་བྱས་ཤིང་། རིགས་རྒྱུད་ཀྱི་མྱུ་གུ་འབུས་པ་དང་ཞིང་ལས་ནས་ལག་ཤེས་བཟོ་ལས་གྱེས་ཏེ་གཏེར་ཁ་སྔོག་འདོན་བྱས་ནས། ལྕགས་རིགས་སོགས་ཡོ་བྱད་བཀོལ་སྤྱོད་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་ཕྱིན་ཏུ་ཕྱིན་ནས་རིག་གནས་གསར་གཏོད་བྱེད་པ་བཅས་བོད་ཀྱི་བསྐལ་པ་ཡ་ཐོག་གི་གདོད་མའི་སྤྱི་ཚོགས་གྲུབ་ཅིང་། ཁྲག་རྒྱུད་ཀྱི་ཁྱིམ་རྒྱུད་ཆགས་པ་སྟེ་སྐྱེས་མ་རྣམས་ཀྱིས་འཚོལ་བསྡུ་བྱས་པའི་ལོ་འབྲས་སོགས་ཀྱི་བཟའ་བཅའ་ཅུང་རྒྱུན་གཏན་ཡིན་པས་ཐོན་སྐྱེད་ངལ་རྩོལ་ཀྱི་གོ་གནས་གཙོ་བོ་སྐྱེས་མས་བཟུང་ཡོད་སྟབས། རིགས་རྒྱུད་ཀྱི་གཙོ་བོ་མ་རྒྱུད་ལ་བརྟེན་ནས་ཆགས་པ་ཡིན་ཏེ། སློབ་དཔོན་པདྨ་སམ་བྷ་བས་མཛད་པའི་《ལྷ་བསང་རྒྱགས་བརྔན་ཆེན་མོ》ལས་“གདོང་གི་གདོང་ལྷ་མོ་ཆུ་བསང་། སྦྲ་ཡི་སྦྲ་མོ་རེ་ཁྲ་བསང་། འབྲུ་ཡི་འབྲུ་མོ་ཁྲོམ་བསང་། སྒ་ཡི་སྒ་མོ་ལེ་ལེ་བསང་།” ②ཞེས་རྩ་བའི་རུས་ཆེན་གདོང་(ལྡོང་)དང་སྦྲ། འབྲུ། སྒ་བཞིའི་རུས་མིང་དང་དེ་རྣམས་ལ་འགོ་ཞིང་འཆེས་པའི་ཤུགས་མགོན་མོ་གདོང་(ལྡོང་)ལྷ་མོ་ཆུ་བསང་། སྦྲ་རེ་ཁྲ་བསང་། འབྲུ་མོ་ཁྲོམ་བསང་། སྒ་མོ་ལེ་ལེ་བསང་རྣམས་ཀྱི་མཚན་གསལ་བར་བསྟན་པ་ལས་བོད་ཀྱི་རུས་མིང་ཐོག་མ་དང་མ་རྒྱུད་བར་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཆེས་ཟབ་མོ་ལྡན་པ་དང་མ་རྒྱུད་སྤྱི་ཚོགས་སྐབས་སུ་བོད་ཀྱི་རུས་མིང་ཐོག་མ་བྱུང་བ་ཤེས་ལ།  ཐ་ན་མ་རྒྱུད་སྤྱི་ཚོགས་སྐབས་བྱུང་བའི་རུས་ལྷ་དེ་དག་ད་ལྟ་བན་བོན་གཉིས་ཀྱིས་དད་མོས་བྱེད་དང་བྱེད་བཞིན་པའི་ལྷ་རིགས་ཀྱི་ཁོངས་སུ་འདུས་ནས་ཡོད་ཅིང་། སྦས་པའི་ཡུལ་ལམ་ཡང་ན་འགྲིམ་འགྲུལ་ཆ་རྐྱེན་ཞན་པའི་གདོད་མའི་སྲོལ་ལུགས་ཀྱི་རྒྱུན་གནས་པའི་བོད་པའི་ས་ཁུལ་འགར་ཡང་ད་དུང་དེ་དང་དེ་འབྲེལ་གྱི་དམངས་ཁྲོད་ཤོད་རྒྱུན་དང་སྲོལ་ལུགས་ནང་དུ་གསལ་ལ་མི་གསལ་གྱི་དེའི་ཤུལ་རྗེས་རེ་ཟུང་ཡོད་དེ།  བོད་ལྗོངས་ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་ལེགས་པོ་མོན་པའི་ཁོངས་སུ་དང་ཀོང་པོའི་ཡུལ་འགའ་སོགས་སུ་བུད་མེད་མཚན་མར་དད་མོས་དང་བུད་མེད་མཚན་མའི་གཟུགས་དངོས་སུ་ད་ལྟའང་གནས་ནས་ཡོད། གཞན་ཡང་ལོ་རྒྱུས་རིག་གཞུང་དུ། “མ་རིགས་(མ་ཡི་རིགས་རྒྱུད་)རྣམས་གདོང་དམར་སྡིག་ལ་རྔམས་ཤིང་། རོ་གྱོང་བ་བྱུང་བ་དེ་དག་ལས་རིམ་པར་འཕེལ་བས་བོད་མིའི་རྒྱལ་ཁམས་སུ་གྱུར་ཏེ་རུས་ཆེན་བཞི་ལས་གྱེས་པའི་”③ཞེས་པའི་ཕ་རིགས་མིན་པར་མ་རིགས་ཞེས་པའི་གལ་པོ་ཆེ་ལ་ནན་ཏན་ཆེད་དམིགས་སུ་ཐོན་པའི་ཐ་སྙད་འདི་དག་ལས་མ་རྒྱུད་སྤྱི་ཚོགས་སྐབས་བོད་ལ་ཐོག་མར་རུས་མིང་བྱུང་བ་གསལ་ར་སྤྲོད་ཐུབ། དེ་བཞིན་དུ་མ་རྒྱུད་སྤྱི་ཚོགས་སྐབས་གཉེན་སྒྲིག་ཁྱུ་སྤྱོད་ཀྱི་རྣམ་པ་ཡིན་ལ། རུས་དེ་དག་ནི་གཙོ་བོ་མ་རྒྱུད་ཀྱི་ཁྲག་རྒྱུད་ལ་བརྟེན་ནས་ངོས་འཛིན་བྱེད་པ་ལས། ཕ་རུས་ལ་བརྟེན་ནས་ངོས་འཛིན་བྱེད་ཐབས་བྲལ་བའི་སྤྱི་ཚོགས་ཀྱི་གནས་སྐབས་འདི་འདྲས་རུས་མིང་ཐོག་མར་མ་རྒྱུད་སྤྱི་ཚོགས་ལས་བྱུང་དགོས་པའི་ཆ་རྐྱེན་ཡིན་ཏེ། ཨེན་ཁེ་སིའི་《ཁྱིམ་ཚང་གི་སྒེར་དབང་ལམ་ལུགས་དང་རྒྱལ་ཁབ་ཀྱི་ཡོང་ཁུངས》ཞེས་པའི་ནང་གསལ་དོན། “གནའ་རབས་ཀྱི་མི་རིགས་ཁ་ཤས་ནང་རུས་རྒྱུད་དེ་ཕ་ཡི་གདུང་རུས་མ་ཡིན་པར་མ་རུས་ཆོ་འབྲང་དེད་སྲོལ་ཡོད་པ་དང་། མ་རྒྱུད་ནི་གཙོ་བོ་འཛིན་ཀྱི་ཡོད་པ་རེད། དེའི་རྒྱུ་མཚན་ནི་གནའ་སྔ་མོའི་མི་རྣམས་ཁྱོ་གཅིག་གི་ལམ་ལུགས་མ་ཡིན་པར་གང་བྱུང་དུ་སྤྱོད་པར་བརྟེན་ཕྱིས་འབྱུང་གི་ཕྲུ་གུ་རྣམས་ཕ་རུས་དེད་ཐབས་བྲལ་ནས་མ་རྒྱུད་ཆོ་འབྲང་གཙོ་བོ་དེད་སྲོལ་འདུག དེས་ན། བུད་མེད་རྣམས་སྐྱེས་མར་ངོས་འཛིན་ཏེ་སྐབས་དེར་མ་ཡིས་སྐྱོང་བཞིན་པའི་སྐྱེ་བོ་དེ་དག་གིས་བུད་མེད་ནི་རང་གི་བྱམས་བརྩེའི་སྐྱེས་མ་གཅིག་བུ་ཡིན་པ་འཆར་སྒོ་བྱུང་ཏེ་ཁོང་ཚོར་བརྩི་བཀུར་བྱེད་པ་དང་གྲགས་ཆེ་བར་བརྟེན་རིམ་བཞིན་བུད་མེད་ཀྱི་དབང་བསྒྱུར་བྱེད་པ་དང་ཆབ་སྲིད་གཉེར་བའི་ལམ་ལུགས་ཤིག་ཆགས་པ་རེད།”④ཅེས་གསུངས་ཡོད་ལ།   དེ་མིན་བོད་ཀྱི་ཐོག་མའི་རུས་ཆེན་བཞིའམ་དྲུག་གི་རུས་ལྷའི་ངོས་ནས་ཞུས་ན་ལྡོང་གི་རུས་ལྷ་ལྡོང་ལྷ་ཁྲོམ་ཁྲོམ་ཟེར་བ་གཡུ་འབྲུག་སྔོན་མོ་ཟངས་ཀྱི་ཟེ་བ་རྒྱས་པ་ཅན་དང་འབྲུ་ཡི་རུས་ལྷ་འབྲུ་མོ་ཕྲོམ་ཕྲོམ་ཞེས་པ་དུང་གཡག་དཀར་པོ་དཔལ་གཡང་གི་རྭ་ཅོ་རུ་ཐུལ་ཅན་ལ་ཆིབས་པ། སྦྲ་ཡི་རུས་ལྷ་སྦྲ་མོ་སྦྲ་ཁྲ་ཞེས་པ་བྱ་ཁྲ་གནམ་ལྕགས་འབར་བའི་མཆུ་སྡེར་ཅན། སྒ་ཡི་རུས་ལྷ་སྒ་མོ་སེང་ཁྲོམ་ཞེས་པ་གསེར་གྱི་སྟག་སེར་བོ་ལ་མཚལ་གྱི་སྟག་རིས་བཀྲ་བ་ཅན། དབལ་ལྡ་གཉིས་ཀྱི་རུས་ལྷ་ནི་སོ་སོར་ཤེལ་ལས་གྲུབ་པའི་ར་སྐྱེས་ཁམས་པའི་གཟུགས་དང་དུང་ལས་གྲུབ་པའི་ཁྱི་མོ་དཀར་མོའི་གཟུགས་ཡིན་པའི་དོན་དངོས་ཀྱི་གནད་ཚུལ་ཕྲ་རགས་དེ་ཚོས་གཅིག་ནས་བོད་པའི་རུས་ལྷ་⑥ཐོག་མ་རྣམས་ནི་མོའམ་མའི་རིགས་ཅན་ཤ་སྟག་ཡིན་པ་ལས་རུས་ལྷ་དང་མའི་རིགས། མ་རྒྱུད་བར་ཁ་བྲལ་ཐབས་མེད་པའི་འབྲེལ་བ་ཡོད་པ་མཚོན་ཐུབ་པ། གཉིས་ནས་བོད་པའི་རུས་ལྷ་ཐོག་མ་རྣམས་ནི་འབྲུག་དང་གཡག བྱ་ཁྲ། སྟག  ར། ཁྱི་ཡིན་པ་དེའི་ཐོག་ནས་རུས་ལྷ་ནི་མ་རྒྱུུད་སྤྱི་ཚོགས་སྐབས་བྱུང་བ་ར་སྤྲོད་བྱེད་ཐུབ་སྟེ། རུས་ལྷ་བྱུང་བའི་སྤྱི་ཚོགས་གནས་འབབ་ཕྱོགས་ནས་ཞུས་ན། མིའི་རིག་པ་དང་ཆོས་ལུགས་རིག་པ་བས་རུས་ལྷའི་དད་མོས་ལ་དཔྱད་པ་གནང་དོན་ལ་གཞིགས་ན། རུས་ལྷ་ནི་གདོད་མའི་མ་རྒྱུད་སྤྱི་ཚོགས་སྐབས་སུ་བྱུང་བར་འདོད་ལ། སྐབས་དེའི་མི་རྣམས་ལ་དཔོན་གཡོག་གི་གྲལ་རིམ་དང་ས་ཁོངས་སྡེ་རིས་ཀྱི་ཁྱད་པར། ཕུ་ནུ་གཉེན་ཉེའི་ཐ་སྙད། རང་སྡེ་གཞན་སྡེའི་ཆགས་སྡང་། གྲོང་དང་ཁྱིམ་ཚང་གི་རྣམ་པ་གང་ཡང་མེད་པར་མི་ཚང་མ་ཐོབ་ཐང་འདྲ་མཉམ་དང་། བཅུ་ཚོ་བཅུ་ཚོ་ཙམ་ཤོག་ཁག་བྱས་ཏེ་དབྱུག་པ་དང་རྡོ་གྲི་ཙམ་གྱི་ལག་ཆ་ལ་བརྟེན་ནས་རི་དྭགས་རྔོན་པ་དང་། ཤིང་འབྲས་ཟ་ཞིང་ཤིང་ལོ་གྱོན་པ་སོགས་ཀྱི་འཚོ་བར་རོལ་བཞིན་ཡོད་ལ། རྗེས་སུ་རྩི་ཤིང་གི་འབྲས་བུ་དང་ཉེ་འཁོར་གྱི་སྔོ་ཚོད་ཟད་པའི་དབང་གིས་ཁོང་ཚོའི་འཚོ་བའི་དགོས་མཁོ་སྐོང་མི་ཐུབ་པར་བརྟེན་ཡར་ལུང་བརྒྱུད་ཀྱི་ཟོ་དང་ཁུལ་དུ་ས་ཞིང་རྐོ་འདེབས་ཀྱི་ལས་ཀའི་འགོ་ཚུགས་ལ་མ་རྒྱུད་སྤྱི་ཚོགས་སུ་རང་རིགས་མེས་པོ་རྣམས་ཤེས་རིག་ཅུང་ཙམ་རྒྱས་ནས་རང་བྱུང་གི་གནོད་པ་ལས་བྱ་དངོས་མཐའ་དག་ལ་འདུ་ཤེས་ལྡན་པར་འདོད། ལྷག་པར་འབྲུག་དང་གཡག བྱ་ཁྲ། སྟག  ར། ཁྱི་སོགས་ཀྱི་མཐུ་རྩལ་ལ་བློས་མི་དཔོག་པའི་ཡ་མཚན་དང་ཡིད་སྨོན་གོང་བཀུར་བྱུང་ཏེ་དེ་དག་རུས་སོ་སོའི་བླ་ཡི་མཆོད་གནས་དང་རུས་ལྷར་བཀུར་སྲོལ་བྱུང་། འདི་འདྲ་སོང་ཙང་བོད་ཀྱི་རུས་མིང་ཆེས་ཐོག་མ་ནི་བསྐལ་པ་ཡ་ཐོག་གི་མ་རྒྱུད་སྤྱི་ཚོགས་སྐབས་བྱུང་བ་ཡིན་པ་ནི་ལུང་རིགས་གཉིས་ཀྱིས་བསྒྲུབས་ཐུབ་པའི་གཏན་ཚིགས་ཡང་དག་སྙོན་མེད་ཅིག་རང་ཡིན་ནོ།
         སྤྱིར་རུས་མིང་དང་མི་མིང་ནི་མི་དང་མིའི་དབར་དབྱེ་བ་གསལ་བར་འབྱེད་པའི་བརྡ་རྟགས་ཤིག་ཡིན་ལ།  བོད་ལ་ཆེས་ཐོག་མའི་རུས་མིང་བྱུང་བའི་དུས་སྐབས་སྟེ་བོད་ལ་འགྲོ་བ་མི་བྱུང་བའི་དུས་དེ་ཙམ་ན་རུས་མིང་གིས་མི་མིང་ཚབ་བྱས་ཡོད་ལ། དོན་དུ་སྐབས་དེར་རུས་མིང་དེ་ཡང་མི་མིང་ཡིན།   དེ་ཡང་བཀའ་ཆེམས་ཀ་ཁོལ་ལས་དེ་ནས་སྤྲེའུ་ཕྲུག་རྣམས་འཛིང་འཐབ་ནས་མ་འཆམ་སྟེ།  གཅིག་ལ་གཅིག་མི་འཇིགས་སྟེ་ཚན་པ་བཞིར་ཆད་དེ་གྱེས་སོ།   དེར་མེས་པོ་སྤྲེའུ་སྒོམ་གྱིས་བུ་ཚ་བོ་ཡང་ཚ་རྣམས་ལ་བརྟག་གཞི་བྱས་པས།  ཚན་པ་གཅིག་ནི་སྣ་ལྡོང་ངེ་བྱས་པ་ཞིག་བྱུང་ནས་མིང་རུས་ལྡོང་བྱ་བར་བཏགས་ཏེ།   ཞེས་སེ་རྨུ་ལྡོང་སྟོང་བཞི་བྱུང་བ་ཡིན།   ཕྱིས་སུ་རུས་མིང་དེ་དག་རེ་རེ་ལའང་བྱེ་བྲག་ཡན་གར་བ་མང་དུ་འཕེལ་བར་བརྟེན་ནས་རུས་མིང་སྤྱི་ཁོ་ནས་བྱེ་བྲག་ངོས་འཛིན་དཀའ་བ་སོགས་ཀྱི་ཚད་གཞི་མང་དུ་བྱུང་བར་བརྟེན་ནས་རུས་མིང་དང་མི་མིང་དབར་དབྱེ་བ་བྱུང་ནས་རུས་མིང་ནི་རང་གི་རིགས་རུས་བརྒྱུད་པ་མཚོན་པའི་བརྡ་རྟགས་དང་མི་མིང་ནི་རིགས་རུས་གཅིག་གི་ནང་ནས་བྱེ་བྲག་གསལ་བྱེད་ཀྱི་བརྡ་རྟགས་ཤིག་ཡིན།   དཔེར་ན།  ལྡེའུ་རྒྱ་བོད་ཀྱི་ཆོས་འབྱུང་ལས།   རྒྱལ་ཕྲན་བཅུ་གཉིས་ནི།   ཡུལ་འཆིམས་ཡུལ་ནག་པོ་དགུ་སུལ་ན།  རྒྱལ་པོ་འཆིམས་རྗེ་ནེ་གུ   ཡུལ་སྣུབས་ཡུལ་གླིང་དགུ་ན།    རྒྱལ་པོ་སྣུབས་རྗེ་སྲིད་པ།    ཞེས་འཆིམས་དང་སྣུབས་ནི་རུས་མིང་ཡིན་ལ།   རྗེ་ནེ་གུ་དང་རྗེ་སྲིད་པ་ནི་མི་མིང་ཡིན།
གཉིས་པ། རིན་ཐང་གི་སྐོར།
         བོད་པའི་རུས་མིང་ཐོག་མར་དར་བའི་ཡུལ་སྤྱི་ནི་བོད་མི་ཐོག་མར་འབྱུང་བའི་གནས་གནམ་གྱི་དབུས། སའི་དཀྱིལ། གླིང་གི་སྙིང་པོ། གངས་ཀྱི་ར་བ། ཆུ་བོ་ཀུན་གྱི་མགོ་བོ། རི་མཐོ་ས་གཙང་ཡུལ་བཟང་། མྱི་མཛངས་ཤེས་དཔའ་རུ་སྐྱེ། ཆས་བཟང་དུ་བྱེད། རྟ་མགྱོགས་སུ་འཕེལ་བའི་གནས། ཞེས་པའི་བོད་ཡུལ་འདི་ཉིད་ཡིན་ནོ། བྱེ་བྲག་རུས་མིང་ཐོག་མར་བྱུང་བའི་ཡུལ་ནི་ཡར་ལུང་⑦ཡིན་ཏེ། དེ་ཡང་《བཀའ་ཆེམས་ཀ་ཁོལ་མ》ལས།“ འབྲུ་སྣ་ལྔ་པོ་དེ་ཁམ་ཤར་རེ་སྨིན་ནས་འདུག་གོ  དེ་ནས་བུ་ཚ་བོ་རྣམས་ལ་སྨྲས་པ། ཁྱེད་བུ་ཚ་བོ་རྣམས་ལ་འཕགས་པ་ཐུགས་རྗེ་ཆེན་པོ་ཨརྱ་པ་ལོས་གནང་བའི་ཟས་སྐལ་འདི་ཡིན་ནོ་ཟོ་དང་བྱས་པས། སྤྲེའུ་སྒོམ་གྱི་བུ་ཚ་བོ་བཞི་བརྒྱ་བོ་ཤིན་ཏུ་དགའ་བོ་ཡུལ་འཛིན་པ་ལ་སྔ་བ་ཡར་ལུངས་ཟོ་ཐང་འདི་ཡིན་ནོ། དེ་ནས་ཁོང་རྣམས་ཚོས་ཟོས་པས་མ་རྨོས་པའི་ལོ་ཏོག་ལྟར་ཞིམ་པར་གྱུར་ནས་ཁོང་རྣམས་ཀྱིས་སྙེ་མའི་གྲངས་བགྲངས་པས་འབྲུའི་གྲངས་ཁྲི་ཁྲི་འདུག་ནས་ཡར་ལུངས་ཁྲི་ཐང་ཞེས་ཀྱང་བྱའོ། དེ་ཡང་རོ་མཆོག་ཞིམ་པར་གྱུར་ནས་ཟོས་པས་བརྒྱགས་པར་གྱུར་ཏེ་བརྩེས་དང་བྱས་པས་རྩེད་མོ་རྩེས་པས་ཡར་ལུངས་རྩེས་དང་བྱ་བ་བྱུང་ངོ་། དེ་ནས་སྤྲེའུ་ཕྲུག་རྣམས་འཛིངས་འཐབ་ནས་མ་འཆམ་སྟེ་གཅིག་ལ་གཅིག་མི་འཇིགས་ཏེ་ཚན་པ་བཞིར་ཆད་དེ་གྱེས་སོ།”⑧ཞེས་ཡར་ལུངས་ཟོ་ཐང་དང་ཡར་ལུངས་ཁྲི་ཐང་། ཡར་ལུངས་འོལ་ཁ་རྒྱུགས་ཐང་སོགས་ལས་ཡུལ་ཡར་ལུང་གཙོ་བོ་བྱས་པ་བསྟན་པ་ཡིན།  གཞན་ཡང 《རྒྱ་བོད་ཡིག་ཚང་ཆེན་མོ》ལས་“བོད་མི་(མ)དྲུག་བུ་དྲུག་ས་བགོས་བྱས།  ལྡོང་གིས་པ་མ་ལེ་པང་ཐོབ།  དབྲ་ཡིས་དབྲ་མོ་རབ་བཀྲ་ཐོབ།  འབྲུ་ཡིས་འབྲུ་མོ་ཕྲོམ་ཕྲོམ་ཐོབ།  ལྒ་ཡིས་ལྒར་མ་མེ་པོ་ཐོབ།  དབས་བརྡས་རྒྱ་བོད་ས་མཚམས་སུ།  མཚམས་ཀྱི་མདའ་དར་གོང་མ་བཟུང་།”⑨ཞེས་བོད་མི་ཁྲི་དོ་ཆེན་པོ་བྱ་བས་རུས་ལྡོང་ཅན་ལ་པ་མ་ལེ་པང་ཞེས་དེང་སང་གི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་ཤར་ཕྱོགས་འདུས་པའི་ཡུལ་དང་རུས་དབྲ་ལ་དབྲ་མོ་རབ་བཀྲ་ཞེས་དེང་སྐབས་སྟོད་མངའ་རིས་ཏེ། གཞིས་ཀ་རྩེའི་ནུབ་རྒྱུད་དང་མངའ་རིས་ཀྱི་ལྷོ་རྒྱུད་ཡིན། རུས་འབྲུ་ཅན་ལ་འབྲུ་མོ་ཁྲོམ་ཁྲོམ་ཞེས་ད་ལྟའི་མཚོ་སྔོན་ཞིང་ཆེན་དང་བོད་ལྗོངས་ཀྱི་འཕན་ཡུལ་གཉིས་ཀྱི་འདབས་འབྲེལ་བའི་ཡུལ་ལ་ཟེར་བ།  རུས་ལྒ་ལ་ལྒར་མ་མེ་པོ་ཞེས་ཀན་སུའུ་གཙོ་བོ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ཤར་ཕྱོགས་ཀྱི་ཡུལ་དག་ལ་གྲགས་ཤིང་། དབས་བརྡ་ལ་མདའ་དར་གོང་མ་སྟེ། བོད་དང་ཧྲན་ཞིའི་འབྲེལ་བའི་ས་སོགས་ལ་ཟེར་བས་ན་ཡུལ་ཡར་ལུང་ནས་རིམ་བཞིན་ཁ་གྱེས་ནས་ས་གཞན་རུས་དྲུག་ལ་ས་བགོས་རྒྱ་བསྐྱེད་བྱས་པའི་གནད་ཚུལ་དངོས་ལས་བོད་པའི་རུས་མིང་ཐོག་མ་དར་བའི་ཡུལ་ནི་ཡར་ལུང་ཡིན་ལ་དེ་ནས་རིམ་བཞིན་མི་འབོར་འཕེལ་བ་དང་དེའི་འཚོ་རྟེན་དབང་གིས་ས་ཁུལ་དང་ས་ཁོངས་གཞན་གོང་བཀོད་དེ་རྣམས་ལ་རྒྱ་བསྐྱེད་བྱས་པ་མཚོན་ནུས་ལ། 《དབུ་ནག་མིའུ་འདྲ་ཆགས》ལས་“བོད་མ་གསུམ་བུ་གསུམ་ས་བགོས་བྱས།  ལྡོང་སེ་བོ་ལ་རྒྱ་དེ་ཤར་ནས་འགྲིགས།  གངས་ལ་སེང་གེ་འགྱིང་བ་འདྲ།  དབྲ་ཆེ་བརྒྱད་ཀྱི་གོང་ཐོག་ལྷོ་ནས་འབྲེལ།  གྲིབ་སོ་ནུབ་ནས་ལྷག་པ་འདྲ།  འགྲུ་བུ་དགུའི་ཁོག་པ་གང་ནས་འགྲིགས། སྟག་ལྤགས་གདང་ལ་གཟར་བ་འདྲ།  སྒ་མི་མཚོ་དམར་མོ་སྨད་ནས་འཁྱིལ། དངུལ་གཞོང་མར་ཁུས་བལྟམས་པ་འདྲ།  ནུ་བོ་དབལ་ལྡ་གཉིས་ཀྱི་སྐལ་བ་ཆད།  ཡི་ཆད་བྱས་ནས་འཁྱམས་སུ་སོང་།  འཁྱམས་སུ་སོང་བས་མཚམས་སུ་ཕྱིན།  མཚམས་ཀྱི་མདའ་བར་གོང་མ་བཟུང་།”⑩ཞེས་པ་ལས་གཅིག་ནི་རང་རང་གི་ཁེ་དབང་གི་དོན་དུ་ཡུལ་ཡར་ལུང་ནས་ཁ་གྱེས་ཏེ་རིམ་བཞིན་ཡུལ་ལུང་མི་འདྲ་བར་ས་གནས་བཅད་བཟུང་གི་འཚོ་བར་རོལ་བའི་གནད་ཚུལ་འདི་དག་ལས་དེ་བས་ཡུལ་ཡར་ལུང་ནི་བོད་མིའི་རུས་མིང་ཐོག་མ་འབྱུང་བའི་ཞིང་ས་ཁོ་ན་ཡིན་པ་དང་གཉིས་ནི་མ་གསུམ་བུ་གསུམ་ཞེས་པས་ཕ་རིགས་མིན་པར་མ་རིགས་ཆ་ནས་ཀྱང་རུས་མིང་ཐོག་མ་མ་རྒྱུད་སྤྱི་ཚོགས་སྐབས་བྱུང་བ་ཡིན་པ་ནི་འབྲས་ཀྱི་ཞོར་དུ་སོག་མའི་དཔེ་ལྟར་གསལ་བཤད་བྱ་ཐུབ་ཀྱི་ཡོད་པ་ནི་སུས་ཀྱང་སྙོན་དུ་མེད་པའི་གཏན་ཚིགས་ཡང་དག་ཡིན།
         ལོ་ངོ་ཁྲི་སྟོང་མང་པོའི་རིང་ལ་དཔའ་མཛངས་ཀྱི་དཀྱེལ་ཆེ་ཞིང་བློ་གྲོས་ཀྱི་དཔལ་འཛིན་པའི་བོད་རིགས་མེས་པོ་ཚོས་རང་བྱུང་ཁམས་ངོས་འཛིན་དང་རང་བྱུང་ཁམས་དང་མཐུན་སྒྲིག་བྱེད་པའི་གདོད་མའི་མ་རྒྱུད་སྤྱི་ཚོགས་ནང་རུས་མིང་གི་ཤེས་རིག་འདི་ལྟ་བུ་ཞིག་གསར་དུ་སྐྲུན་ནས་རང་གི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་ནི་མི་རིགས་འདི་ཤེས་རིག་དར་བའི་ཕྱོགས་སུ་འཕེལ་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། དེ་ལས་བོད་རིགས་མེས་པོ་རྣམས་ནི་ཆེས་གནའ་བོའི་དུས་ནས་བཟུང་བློ་གྲོས་ཀྱི་མཁྱེན་རྩལ་ཡངས་ཤིང་། རྣམ་དཔྱོད་ཀྱི་ཤེས་རབས་ཆེ་བ། གསར་སྐྲུན་གྱི་ནུས་པ་ལྡན་པ་ཞིག་ཡིན་པའང་ར་སྤྲོད་གང་ལེགས་བྱས་ཡོད།
         དཔྱད་གཞིའི་ཡིག་རིགས་དང་མཆན་འགྲེལ།
         ①འགོས་ལོ་གཞོན་ནུ་དཔལ།  དེབ་ཐེར་སྔོན་པོ། 〔M〕 1984ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར།  ཤ60
         ②སློབ་དཔོན་པདྨ་སམ་བྷ་བ།  ལྷ་བསང་རྒྱག་བརྔན་ཆེན་མོ། 〔M〕  སྡེ་ཤ10ཕ4 -37
         ③རྒྱལ་བ་ལྔ་པ་ཆེན་པོ། བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། 〔M〕1988ལོར་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་དཔར།  ཤ11
         ④མར་ཁེ་སི་དང་ཨེན་ཀི་སིའི་གསུང་རྩོམ་གཅེས་བཏུས། རྒྱ་ཡིག་དེབ་གཞི་པ།  〔M〕ཤ36
         ⑤ལིའུ་ཙུང་ཏི།  གདུང་རུས་དང་བཏགས་མིང་གསལ་བའི་མེ་ལོང་།  རྒྱ་ཡིག  〔M〕
         2000ལོར་ཇིའི་ལུའུ་དཔེ་ཁང་དཔེ་སྐྲུན་ཁང་ནས་དཔར། ཤ26
         ⑥རུས་ལྷའི་གནད་དོན་དེ་ཐོག་མར་དུས་རབས་བཅོ་བརྒྱད་ནང་དུ་ནུབ་གླིང་ཆོས་ལུགས་རིག་གཞུང་པས་བཏོན་ཞིང་ཆོས་ལུགས་རིག་པ་ཞིབ་འཇུག་མཁན(John•brown)(约翰•布朗)ཇོར • སྤུ་རན་གྱིས་ཨ་རིའི་བྱང་ཕྱོགས་ཀྱི་གདོད་མའི་མི་རིགས་ལ་ཞིབ་འཇུག་བྱས་པའི་བརྩམས་ཆོས་ལས་མི་རིགས་དེའི་ཡུལ་སྐད་དུ་ཁོའི་ཤ་ཉེ་ཞེས་པ་ཐད་སྒྱུར་བྱས་ནས་(Totem)(图腾) ཞེས་པའི་མིང་བརྡ་དེ་བྱུང་། དེང་དུས་ལོ་ཙྰ་བ་མང་ཆེ་བས་རུས་ལྷའམ་རུས་བླར་བསྒྱུར་ཡོད་ལ། མིང་བརྡ་འདི་རིམ་བཞིན་ཆོས་ལུགས་རིག་པ་དང་མིའི་རིག་པ་ཆེད་མཁས་རྣམས་ཀྱིས་འགྲེལ་བརྗོད་དང་ཞིབ་འཇུག་མང་དུ་བྱས་པ་དང་འབྲེལ་རུས་ལྷར་ཚང་དགོས་པའི་ཆ་རྐྱེན་བཞི་བཏོན་ཡོད་དེ། གཅིག་ནི་སྲོག་ཆགས་སམ་རྩི་ཤིང་། ཡང་ན་རང་རྐྱ་འཕེལ་བའི་དངོས་གཟུགས་ཤིག་རུས་ལྷར་བཀུར་བ་དང་དེ་རང་གི་རུས་རྒྱུད་ཀྱི་འབྱང་ཁུངས་སུ་འདོད་པ། གཉིས་ནི་རུས་ལྷ་ཡི་གཟུགས་དབྱིབས་དེ་རང་གི་རུས་རྒྱུད་དམ་ཆོས་ལུགས་དེའི་མཚོན་རྟགས་བྱེད་པ། གསུམ་ནི་རུས་ལྷ་མཚོན་བྱེད་སྣང་བརྙན་ནམ་གཟུགས་སྐུ་དགོས་པ།  བཞི་ནི་རུས་ལྷར་དད་པའི་ཆོ་གའམ་ལྷ་སྒྲུང་སོགས་དགོས།
         ⑦ཡར་ལུང་ཞེས་པར་བོད་ཀྱི་ཡིག་ཚང་མང་པོའི་ནང་ཡར་ཀླུང་དང་ཡར་ཀླུངས། ཡར་ལུངས་སོགས་འབྲི་སྲོལ་མང་མོད་འདིར་མཁས་དབང་དུང་དཀར་གྱིས་མཛད་པའི་《དུང་དཀར་ཚིག་མཛོད་ཆེན་མོ》ཡི་ནང་གསུངས་པ་བཞིན་ཡུལ་ཡར་མོའི་ལུང་ངམ་ཡུལ་ཡར་ལུང་ནི་ཡར་ཆབ་གཙང་པོ་འབབ་པའི་རྒྱུད་ཀྱི་ཡུལ་ལུང་ལ་ཟེར་བ་གཞིར་བཞག་ནས་འདིར་བྲིས་པ་ཡིན།
         ⑧སྲོང་བཙན་སྒམ་པོ། བཀའ་ཆེམས་ཀ་ཁོལ་མ། 〔M〕 1989ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར།   ཤ56
         ⑨དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་ཆེན་མོ།  〔M〕 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  1985ལོར་དཔར།  ཤ13
         ⑩མཁར་རྨེའུ་བསམ་གཏན། ཁུ་བྱུག་སྔོན་མོའི་གསུང་སྙན། 〔M〕 2002ལོར་ཉི་ཧོང་མི་རིགས་རིག་པའི་དངོས་མང་བཤམས་མཛོད་ཁང་ནས་དཔར།    ཤ106
         ⑾རུས་ཆེན་དྲུག་གི་འདྲེན་ཚུལ་ཐད་ལ་གོང་བཀོད་དང་མི་འདྲ་བར་《རྗེ་འབངས་རྣམས་ཀྱི་རིགས་རུས་གསལ་བའི་སྒྲོན་མེ》དང་《བཀའ་ཆེམས་ཀ་ཁོལ》སོགས་ཀྱི་ཡིག་ཚང་ནང་སེ་དང་རྨུ། ལྡོང་། སྟོང་། དེའི་སྟེང་དབྲ་དང་འགྲུ་གཉིས་བསྣན་པས་མིའུ་རིགས་དྲུག་ཁོད་ཡོད་པས་ན་དེ་རྣམས་འགལ་ཟླ་ལྟ་བུར་སྣང་མོད།  ཡིན་ནའང་《རྒྱ་བོད་ཡིག་ཚང་ཆེན་མོ》སོགས་ཀྱི་ནང་བསེ་ཁྱུང་སྦྲ་དང་དམུ་ཚ་སྒ  ཨ་ལྕགས་འབྲུ།  སྨུག་པོ་གདོང་ཞེས་བསེ་ཁྱུང་གཉིས་རུས་ཆེན་སྦྲའི་ཁོངས་སུ་འདུ་བ་དང་རྨུ་དང་བསེ་གཉིས་རུས་ཆེན་སྒའི་ཁོངས་སུ་འདུ་བ་སོགས་རུས་མིང་བྱེ་བྲག་གིས་རུས་མིང་སྤྱིའམ་ཆེ་བའི་ཚབ་བྱས་པ་ལ་བརྟེན་ནས་བྱུང་བ་མ་གཏོགས་དོན་དུ་འགལ་བ་མེད་པ་ཡིན་ནོ།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1