མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསམ་གཞིག་གསར་པ་དང་བྱ་ཐབས་གསར་པས་རིམས་ནད་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-27



 
    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས《སླར་གསོ་དེ་བས་ཡག་པོ་ཡོང་བ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འགྲན་སློང་དང་གོ་སྐབས》ཞེས་པའི་སྲིད་ཇུས་ཀྱི་གནད་བསྡུས་ཕྱོགས་བསྒྲིགས་ཁྱབ་བསྒྲགས་བྱས་ཏེ་རྒྱལ་ཁབ་ཁག་གིས་བསམ་གཞིག་གསར་པ་དང་བྱ་ཐབས་གསར་པའི་ཐོག་ནས་ཏོག་གསར་གློ་ཚད་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ལ་བཟོས་པའི་འགྲན་སློང་ལ་ཁ་གཏད་ཧུར་ཐག་བཅག་ནས་མགྱོགས་མྱུར་དང་སྐྱོན་བྲལ་གྱི་སླར་གསོ་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
   སྲིད་ཇུས་ཀྱི་གནད་བསྡུས་ཕྱོགས་བསྒྲིགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་རིམ་པ་མཐོ་བའི་བློ་འདྲི་ཨུ་ལྷན་གྱི་གྲགས་ཅན་རིགས་གཅིག་མཁས་ཅན་7གྱིས་རྩོམ་འབྲི་བྱས་པ་ཞིག་རེད། དེས་རིམས་ནད་ཀྱིས་བཟོས་པའི་ཁ་ཚ་དགོས་གཏུག་གི་དཀའ་ངལ་དང་འགྲན་སློང་ཁག་གཅིག་ལ་དམིགས་ཏེ་བསམ་གཞིག་གསར་པ་དང་ཐག་གཅོད་ཀྱི་ཇུས་གཞི་གསར་པ་བཏོན་ཡོད། ཕྱོགས་བསྒྲིགས་དེའི་རྩོམ་པ་པོས་རྒྱལ་སྤྱིའི་ཁྲལ་དོན་མཉམ་ལས་ལེགས་སུ་གཏོང་བ་དང་། དེ་བས་དྲང་སྙོམས་ཐོག་ནས་གྲངས་འཛིན་ལག་རྩལ་གྱི་ཡར་རྒྱས་ཐོབ་པ་བྱེད་པ། རྒྱུན་མཐུད་ཆོག་པའི་རང་བྱུང་ཐོན་ཁུངས་དོ་དམ་མངོན་འགྱུར་སོགས་ཀྱི་གནད་དོན་ལ་དགེ་མཚན་ལྡན་པའི་བསམ་ཚུལ་བཏོན་པ་དང་འབྲེལ། རིམས་ནད་ལ་ཁ་གཏད་གཅོག་རྒྱུའི་སྐོར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་སྲིད་ཇུས་དང་གྲོས་འགོར་ཁ་སྣོན་ཡང་བརྒྱབ་ཡོད།
   མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཨ་མིང་ནཱ·མོ་ཧན་མོ་ཏེ་ཡིས་སྲིད་ཇུས་ཀྱི་གནད་བསྡུས་ཕྱོགས་བསྒྲིགས་ཁྱབ་བསྒྲགས་ཚོགས་འདུའི་ཐོག་སྤེལ་བའི་བརྙན་ལམ་ཤིས་ཚིག་ནང་། ཟླ་འདིའི་ཟླ་སྟོད་དུ་རྒྱུན་མཐུད་འཕེལ་རྒྱས་དམིགས་ཚད་སྐོར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་གྱི་ཚོད་སྐོར་སྙན་ཞུ་ལས་མངོན་གསལ། འཛམ་གླིང་ཐོག་ཆེས་དབུལ་ཤོས་དང་ཆེས་ཉམས་ཞན་གྱི་མི་ཚོགས་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཆེ་ཤོས་ཕོག་ནས་སྔོན་དཔག་བྱས་ན་ད་ལོ་མི་དུང་ཕྱུར་1ཙམ་སླར་ཡང་ཆེས་དབུལ་ཕོངས་ཀྱི་གནས་སུ་ལྷུང་རྒྱུ་རེད། དེའང་1998ལོ་ཚུན་གོ་ལ་ཧྲིལ་པོའི་མི་འབོར་དབུལ་པོ་འཕར་ཐེངས་དང་པོ་དེ་རེད་ཅེས་བརྗོད་པ་རེད།
   ཚོགས་ཞུགས་དཔོན་རིགས་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ད་དུང“གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གནས་ཚུལ་དང་སླར་གསོའི་ཐབས་ལམ་ལ་ཚོད་སྐོར”དང“དེ་བས་བསྟུན་མཁས་དང་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་མཐུད་སླར་གསོ་ཐུབ་པའི་འགན་ལེན་བྱེད་པ”ཞེས་པའི་བརྗོད་དོན་གཙོ་བོ་གཉིས་ལ་གྲོས་བསྡུར་ཡང་བྱས་པ་རེད།
   མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་རིམ་པ་མཐོ་བའི་བློ་འདྲི་ཨུ་ལྷན་2018ལོའི་ཟླ་6པར་བཙུགས་ཤིང་། དཔལ་འབྱོར་དང་སྤྱི་ཚོགས་སྲིད་ཇུས་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་གྲགས་ཅན་རིགས་གཅིག་མཁས་ཅན་16ལས་གྲུབ་པ་དང་དེའི་ནང་དེ་སྔའི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་། ནོར་པེའི་བྱ་དགའ་ཐོབ་མཁན། སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཟུར་པ། ཤེས་ཡོན་ཅན་རིགས་ཁོངས་ཀྱི་གཙོ་འཛིན་བཅས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1