གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

ཕག་གྲུ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༢༧ཉིན།

༄༅།།5Gལག་རྩལ་གྱི་གནས་བབ་དང་འཕེལ་རྒྱས་ཁ་ཕྱོགས།


 ཕག་གྲུ། 
        ནང་དོན་གནད་བསྡུས། 5Gནི་བརྡ་འཕྲིན་ལག་རྩལ་ཕྱོགས་ཀྱི་ལོ་རྒྱུས་དཀྱོག་མཚམས་རྡོ་རིང་ལྟ་བུ་ཡིན་ཞིང་། 5Gལག་རྩལ་ལ་བརྟེན་ནས་སྤོ་སྒུལ་དྲ་ལམ་གྱི་ནུས་པ་སྔར་ལས་ཇེ་མཐོར་འགྲོ་སྲིད་པས། མི་རྣམས་ཀྱི་ཉིན་རེའི་འཚོ་བ་དང་བྱ་བ། རོལ་རྩེད་སོགས་སྔར་ལས་སྟབས་བདེ་དང་ཕུན་སུམ་ཚོགས་པར་གཏོང་ཐུབ་ཅིང་། 5Gལག་རྩལ་ལ་དབང་སྒྱུར་ཐུབ་པར་གྱུར་ན། མ་འོངས་པའི་འཇིག་རྟེན་དེ་མི་རིགས་དང་རྒྱལ་ཁབ་དེར་དབང་བས། བོད་མི་ཚང་མ་ལའང་ངེས་པར་དུ5Gཕྱོགས་ལ་རྒྱུན་ཤེས་ཙམ་ཡོད་དགོས་སྙམ་པས། དེའི་དགེ་མཚན་དང་མ་འོངས་འགྱུར་ལྡོག་སྐོར་ཅུང་ཙམ་བརྗོད་ཡོད། །

        གནད་འགག་མིང་བརྡ། 5Gལག་རྩལ། སྐུད་མེད་དྲ་ལམ། འཕྲིན་གཏོང་སྨྱན་སྦྱོར། རོལ་རྩེད། དྲ་འབྲེལ།

        5Gལག་རྩལ་ནི་དུས་རིམ་ལྔ་བའི་སྤོ་སྒུལ་དྲ་ལམ(5th generation mobile networks)དང་། ཡང་ན། དུས་རིམ་ལྔ་བའི་སྐུད་མེད་དྲ་ལམ་གྱི་བསྡུས་མིང་ཡིན་ཞིང་། དུས་རིམ་ལྔ་བའི་སྤོ་སྒུལ་འཕྲིན་གཏོང་མ་ལག་ལ་གོ་བ་དང་། 4Gལག་རྩལ་གྱི་འཕེལ་རྒྱས་འབྲས་བུའང་ཡིན། ཡང་གཅིག་བཤད་ན4G(LTE-AདངWiMax)དང3G(UMTSདངLTE)དང2G(GSM)མ་ལག་རྗེས་ཀྱི་རྒྱུན་བསྲིངས་ཞིག་ཀྱང་ཡིན། 4Gདང་བསྡུར་ན5Gདྲ་བའི་མྱུར་ཚད་མགྱོགས་པ་དང་། ཁྱབ་ཆེ་བ། ནུས་གྲོན་ཆུང་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། བྱ་དངོས་ཡོད་དོ་ཅོག་ཕན་ཚུན་འབྲེལ་བའི་ཆ་འཕྲིན་སྤྱི་ཚོགས་ཤིག་སྐྲུན་ཐུབ་ཀྱི་ཡོད་ལ། སྤྱི་ལོ2018ལོའི་ཟླ6པའི་ཚེས1ཉིན། ཨ་མེ་རི་ཀའི་ཧྲིན་ཏེ་ཡ་ཀོ་གྲོང་ཁྱེར་ནས་བསྡུས་པའི3GPPཚོགས་འདུའི་སྟེང་། 5Gལག་རྩལ་གྱི་ཚད་གཞི་དང་པོ་གཏན་འཁེལ་བྱས་ཤིང་། 2019ལོའི་ཟླ6པའི་ཚེས6ཉིན། བཟོ་ལས་དང་ཆ་འཕྲིན་པུས་ཀྲུང་གོ་གློག་འཕྲིན་ཚོགས་པ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་སྤོ་སྒུལ་འཕྲིན་གཏོང་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཁེ་ལས་བཞི་ལ་སྤོ་སྒུལ་འཕྲིན་གཏོང་རབས་ལྔ་པའི་ལས་སྒོ་གཉེར་བའི་ཆོག་མཆན་སྤྲད་པ་ལས་ཀྲུང་གོའི5Gདངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།  


1Gལག་རྩལ་ནས5Gལག་རྩལ་གྱི་འཕེལ་རྒྱས་རྒྱུད་རིམ་གྱི་པར་རིས།

        ཉེ་བའི་ལོ་འགའི་རིང་། སྤོ་སྒུལ་འཕྲིན་གཏོང་མ་ལག་རབས་ལྔ་པ5Gདེ་འཕྲིན་སྐྱེལ་མ་ལག་ལས་རིགས་དང་རིག་གཞུང་ཞིབ་འཇུག་ཁག་གིས་གླེང་གཞི་ཚ་ཤོས་སུ་གྱུར་ཡོད་ལ། 5Gཡི་འཕེལ་རྒྱས་ལ་མཚོན་ན་སྒུལ་ཤུགས་གཉིས་ཡོད་པར་སྣང་སྟེ། ཕྱོགས་གཅིག་ནས་དུས་ཡུན་རིང་པོའི་ཁྲོད་རིམ་འཕེལ་ལག་རྩལ་གྱིས་ཚབ་མཚོན་བྱས་པའི་སྤོ་སྒུལ་འཕྲིན་གཏོང་མ་ལག་རབས་བཞི་པ4Gཕྱོགས་ཡོངས་ནས་ཚོང་ལས་ཅན་དུ་བཀོལ་སྤྱོད་བྱས་ཡོད་པས། རབས་རྗེས་མའི་ལག་རྩལ་སྐོར་གྱི་དཔྱད་བསྡུར་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་ལ། ཕྱོགས་གཞན་ཞིག་ནས་ད་ལྟའི་སྤོ་སྒུལ་གྲངས་གཞིའི་དགོས་མཁོ་དེ་ཉིན་རེ་ནས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བ་དང་བསྟུན་ནས། ད་ལྟའི་སྤོ་སྒུལ་འཕྲིན་གཏོང་མ་ལག་གིས་མ་འོངས་པའི་དགོས་མཁོ་བསྐོང་མི་ཐུབ་པས། རབས་གསར་པའི5Gམ་ལག་ཞིབ་དཔྱད་བྱ་རྒྱུ་དེ་ལོ་རྒྱུས་རང་བཞིན་གྱི་དགོས་མཁོ་ཞིག་ཏུ་ཆགས་འདུག

1Gལག་རྩལ་ནས5Gལག་རྩལ་གྱི་འཕེལ་རྒྱས་རྣམ་པའི་པར་རིས།
        5Gནི་བརྡ་འཕྲིན་ལག་རྩལ་ཕྱོགས་ཀྱི་ལོ་རྒྱུས་དཀྱོག་མཚམས་རྡོ་རིང་ལྟ་བུ་ཡིན་ཞིང་། 5Gལག་རྩལ་ལ་བརྟེན་ནས་སྤོ་སྒུལ་དྲ་ལམ་གྱི་ནུས་པ་སྔར་ལས་ཇེ་མཐོར་འགྲོ་སྲིད་པས། མི་དང་མིའི་དྲ་འབྲེལ་འབྲེལ་བ་སྔར་ལས་ཇེ་བདེ་ཇེ་མྱུར་དུ་གཏོང་ཐུབ་པར་མ་ཟད། འཕྲུལ་ཆས་དང་དངོས་རྫས། དྲ་འབྲེལ་གསུམ་པོའི་བར་གྱི་ཕན་ཚུན་དྲ་འབྲེལ་དང་ཕན་ཚུན་ཚོད་འཛིན་ཡང་ཇེ་བདེ་དང་ཇེ་མྱུར་དུ་གཏོང་ཐུབ། 5Gདུས་རབས་སུ་བརྙན་འཕྲིན་བརྡ་གཏོང་དེ་འཕྲིན་གཏོང་ཐབས་ལམ་གཙོ་ཤས་སུ་འགྱུར་སྲིད་པས། བརྙན་འཕྲིན་ཐད་གཏོང་ཡང་མི་ཚང་མས་ལག་ལེན་བྱེད་སྲིད་པའི་འཕྲིན་གཏོང་ཐབས་ལམ་གཙོ་བོར་འགྱུར་སྲིད། 5Gལག་རྩལ་ལ་བརྟེན་ནས་མི་རྣམས་ཀྱི་ཉིན་རེའི་འཚོ་བ་དང་བྱ་བ། རོལ་རྩེད་སོགས་སྔར་ལས་སྟབས་བདེ་དང་ཕུན་སུམ་ཚོགས་པར་གཏོང་ཐུབ་ཅིང་། ཚོད་དཔག་ལྟར་ན། རྒྱལ་ཁབ་དང་མི་རིགས་གང་གིས5Gལག་རྩལ་མངོན་འགྱུར་དང་། ཡང་ན། 5Gལག་རྩལ་ལ་དབང་སྒྱུར་ཐུབ་པར་གྱུར་ན། མ་འོངས་པའི་འཇིག་རྟེན་དེ་མི་རིགས་དང་རྒྱལ་ཁབ་དེར་དབང་བས། ང་ཚོ་བོད་མི་ཚང་མ་ལའང་ངེས་པར་དུ5Gཕྱོགས་ལ་རྒྱུན་ཤེས་ཙམ་ཡོད་དགོས། །

དང་པོ། 5Gལག་རྩལ་གྱི་དགེ་མཚན་དང་འབྲེལ་བའི་མཚམས་སྦྱོར་མདོར་བསྡུས།
        5Gལག་རྩལ་ལ་ཁྱད་ཆོས་གཙོ་བོ་གསུམ་ཡོད་དེ། དང་པོ། 5Gལག་རྩལ་གྱི་མགྱོགས་ཚད་མཐོ་བས་སྐར་ཆ་གཅིག་ཙམ་གྱི་དུས་ཡུན་ནང་གློག་བརྙན30ལྷག་ཕབ་ལེན་བྱེད་ཐུབ་པར་མ་ཟད། VRལག་རྩལ(Virtual Reality)དངོས་ཡོད་བརྙན་སྒྱུར་ལག་རྩལ་དངARལག་རྩལ(Augmented Reality)དངོས་ཡོད་ནུས་སྐྱེད་ལག་རྩལ། སྤྲིན་ཕུང་ལག་རྩལ(Cloud technology)སོགས་ཀྱང་། མིའི་རིགས་ཀྱི་འཚོ་བ་དངོས་དང་བར་སྲུབས་མེད་པར་སྦྲེལ་ཐུབ་པ་ཡིན། གཉིས་པ། 5Gལག་རྩལ་ལ་བརྟེན་ནས་རྒྱང་རིང་ཚོད་འཛིན་གཤགས་བཅོས་དང་ཁ་ལོ་བ་མི་དགོས་པའི་རླངས་འཁོར་སོགས་ཀྱང་མངོན་འགྱུར་བྱེད་ཐུབ་ཅིང་། 5Gལག་རྩལ་གྱི་མཐོ་མྱུར་གྲངས་གཞི་ཚོད་འཛིན་ལག་རྩལ་ལ་བརྟེན་ནས། སྔར་ལས་རྒྱ་ཆེ་ཞིང་བཀག་རྒྱ་མེད་པའི་དྲ་འབྲེལ་མངོན་འགྱུར་བྱེད་ཐུབ་ཅིང་། 5Gལག་རྩལ་གྱི་ཚོར་ཤེས་ནུས་པར་བརྟེན་ནས། ཚོར་ཤེས་ཅན་གྱི་ཁྱིམ་གཞི་དང་ཚོར་ཤེས་ཅན་གྱི་གྲོང་ཁྱེར་སོགས་འཛུགས་སྐྲུན་བྱེད་པར་རྨང་གཞི་གཏན་པོ་འདིང་ཐུབ་པ་རེད། །



VRལག་རྩལ་གྱི་པར་རིས་དང་པོ།


VRལག་རྩལ་གྱི་པར་རིས་གཉིས་པ།

        5Gལག་རྩལ་ལ་བརྟེན་ནས་སྤོ་སྒུལ་དྲ་རྒྱའི་ནུས་པ་ཇེ་མཐོར་གཏོང་ཐུབ་པས། མི་དང་མིའི་བར་གྱི་འབྲེལ་འདྲིས་སྟབས་བདེར་གཏོང་ཐུབ་པར་མ་ཟད། འཕྲུལ་ཆས་དང་དངོས་རྫས། དྲ་འབྲེལ་གསུམ་ཀའི་བར་དུའང་ཕན་ཚུན་དྲ་འབྲེལ་དང་ཕན་ཚུན་ཚོད་འཛིན་བྱེད་ཐུབ་པས། དྲ་འབྲེལ་གྱི་ནུས་པ་སྔར་ལས་ཇེ་མཐོར་འགྲོ་ཐུབ་ཅིང་། བཀོད་སྤྱོད་སྔར་ལས་སྟབས་བདེ་ཞིང་ལས་རིགས་གསར་བར་མྱུར་མོར་འབྲེལ་མཐུད་བྱེད་ཐུབ་པས། 5Gལ་བརྟེན་ནསGbps(བརྡ་འཕྲིན་རྒྱུད་སྤྲོད་ལག་རྩལ)གྱི་གཞི་གྲངས་རྒྱུད་སྤྲོད་དེ་སྔར་ལས་མགྱོགས་ཤིང་ནོར་འཕྱུགས་མེད་པ། དུས་འགྱངས་མེད་པ་བཅས་མངོན་འགྱུར་བྱེད་ཐུབ། །



Gbpsལག་རྩལ་གྱི་པར་རིས་དང་པོ།


Gbpsལག་རྩལ་གྱི་པར་རིས་གཉིས་པ།


Gbpsལག་རྩལ་གྱི་པར་རིས་གསུམ་པ།

        5Gལག་རྩལ་ལ་བརྟེན་ནས་དྲ་འབྲེལ་ཞབས་འདེགས་ལས་རིགས་ལ་མཚན་ཉིད་གསར་བ་ཡོད་སྲིད། དེར་སིལ་འཚོང་དང་སློབ་གསོ། འགྲིམ་འགྲུལ་དང་སྐྱེལ་འདྲེན། རོལ་རྩེད་སོགས་ལས་རིགས་ཡོད་ཚད་འདུས་སྲིད། །

གཉིས་པ། 5Gལག་རྩལ་གྱིས་འཕྲིན་གཏོང་སྨྱན་སྦྱོར་ལ་གསར་བརྗེ་རང་བཞིན་གྱི་ཤུགས་རྐྱེན་བཟོ་སྲིད།
        5Gལག་རྩལ་ལ་བརྟེན་ནས་དུས་དང་གནས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་འབྱུང་དུ་འཇུག་སྲིད་པས། མི་དང་མིའི་བར་དང་མི་དང་དངོས་རྫས་ཀྱི་བར་ཐག་ཀྱང་མེད་པར་འགྱུར་སྲིད་ཅིང་། བརྙན་འཕྲིན་དང་ལྟད་མོ་བའི་བར་ཐག་ཀྱང་མེད་པར་གཏོང་ཐུབ་པས། 5Gདུས་རབས་ནང་བརྡ་འཕྲིན་ནང་དོན་དང་བརྡ་འཕྲིན་རྒྱུད་ལམ། བརྡ་འཕྲིན་གཏོང་ཡུལ་དང་འཕྲིན་གཏོང་དགོས་མཁོ་དང་བཅས་པའི་ཕྱོགས་ཐམས་ཅད་ལ་འགྱུར་ལྡོག་ཆེན་པོ་འབྱུང་སྲིད། །
       གཅིག  5Gདུས་རབས་སུ་མངོན་འགྱུར་སྲིད་པའི་ཚོར་ཤེས་དྲ་འབྲེལ་སྣ་ཚོགས།
        གལ་ཏེ3Gཡིས་དྲ་བའི་བཞུར་ཚད་ཀྱི་སྒོ་ཆེན་ཕྱེ་བ་ཡིན་ན། 4Gཡིས་སྒུལ་འཕྲིན་གྱི་མཐོང་ཐོས་དུས་རབས་ཀྱི་སྒོ་མོ་ཕྱེ་ཡོད། 3Gདང4Gཡི་ལག་རྩལ་རིམ་པ་སྤར་བ་ནི་གཙོ་བོ་ཁ་པར་སོགས་སྤོ་སྒུལ་སྒྲིག་ཆས་ཞབས་ཞུའི་དམིགས་ཡུལ་མི་འདྲ་བས་རེད། 5Gདྲ་བའི་ལག་རྩལ་གྱི་ངོ་བོ་ནི་ང་ཚོ་ལ་དྲ་རྒྱའི་འགྲོས་ཚད་སྔར་བས་མགྱོགས་པ་ཞིག་སྤྲོད་རྒྱུ་དེ་མ་ཡིན་པར། དུས་འགོར་འགྱངས་ཉུང་ཞིང་བརྟན་བརླིང་རང་བཞིན་ཆེ་བ། ཤོང་ཚད་ཆེ་བའི་སྒྲིག་ཆས་དང་འབྲེལ་མཐུད་ཐུབ་པ་སོགས་ནུས་པ་རབ་དང་རིམ་པ་མཐོར་འདེགས་སུ་གཏོང་བ་ཡིན་པས། ང་ཚོ་ལ་དེ་སྔོན་གྱི3Gདང4Gལ་མེད་པའི་ནུས་པ་ཞིག་སྤྲོད་རྒྱུ་རེད། ལས་རིགས་ནང་དུ་དཔེ་འཇོག་གསོན་ཉམས་ལྡན་པ་ཞིག་ཡོད་དེ། གལ་ཏེ4Gནི"ལམ་བཟོ་བ"ལ་དཔེ་བཞག་ན། 5Gནི"གྲོང་ཁྱེར་འཛུགས་སྐྲུན"ལྟ་བུ་རེད། 5Gཡིས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་དངོས་སུ་སླེབས་པ་ལྟ་བུའི་མྱོང་བ་ཞིག་སྤྲོད་ཐུབ། དེ་ལྟར4Gལག་རྩལ་ལ་བརྟེན་ནས་འཚོ་བར་འགྱུར་ལྡོག་བྱུང་ཞིང་། སྤྱི་ཚོགས་ལ་འགྱུར་ལྡོག་འབྱུང་སྲིད་པ་མ་ཟད། 5Gལག་རྩལ་ལ་བརྟེན་ནས་ཚོར་ཤེས་ཅན་གྱི་དུས་རབས་གསར་བ་ཞིག་གི་འགོ་རྩོམ་སྲིད། 5Gལག་རྩལ་ལ་བརྟེན་ནས་ཁ་ལོ་བ་མི་དགོས་པའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་དངོས་རྫས་དྲ་འབྲེལ། རླངས་འཁོར་དྲ་འབྲེལ། བཟོ་ལས་ཕན་ཚུན་དྲ་འབྲེལ་བཅས་མངོན་འགྱུར་བྱེད་ཐུབ་པས། གྲངས་ཚད་དུང་ཕྱུར་ཅན་གྱི་ཚོང་འབྲེལ་མ་ལག་འབྱུང་བར་སྐུལ་འདེད་བྱེད་སྲིད། མདོར་ན། 3Gལག་རྩལ་དང4Gལག་རྩལ་ལ་བརྟེན་ནས་མི་དང་མིའི་བར་གྱི་འབྲེལ་འདྲིས་སྟབས་བདེར་བཏང་ཞིང་། 5Gལག་རྩལ་ལ་བརྟེན་ནས་མི་དང་དངོས་རྫས་བར་དང་དངོས་རྫས་དང་དངོས་རྫས་བར་གྱི་དྲ་འབྲེལ་དང་ཚོད་འཛིན་མངོན་འགྱུར་བྱེད་ཐུབ་པ་རེད། །


5Gདུས་རབས་ཀྱི་མི་དང་མིའི་བར་གྱི་འབྲེལ་བ་མཚོན་པའི་པར་རིས།

གཉིས། 5Gདུས་རབས་ནང་འབྱུང་སྲིད་པའི་འགྱུར་ལྡོག་སྣ་ཚོགས།
        5Gལག་རྩལ་ལ་བརྟེན་ནས་མིའི་རིགས་དུས་རྒྱུན་འཚོ་བ་དང་རོལ་རྩེད་སོགས་ཕྱོགས་ཡོངས་ནས་འགྱུར་ལྡོག་ཆེན་པོ་འབྱུང་སྲིད། མིའི་རིགས་ཀྱི་དུས་རྒྱུན་འཚོ་བར་འགྱུར་ལྡོག་འབྱུང་པའི་ཕྱོགས་ནས། དཔེར་ན། ཞོགས་པར་ཡར་ལངས་དུས། ཉལ་ཁང་གི་གློག་སྒྲོན་དང་དྲོ་གྲང་སྙོམས་སྒྲིག་འཕྲུལ་ཆས་ཀྱི་གློག་སྒོ་རང་ཤུགས་སྒོས་ཕྱེ་སྲིད་ཅིང་། གཙང་བཀྲུ་ཁང་དུ་ཐོན་དུས། ཁ་ངོ་བཀྲུ་བྱེད་ཀྱི་ཆུ་སོགས་རང་འགུལ་སྒོས་དྲོད་གྲང་རན་པར་གཏོང་སྲིད་པར་མ་ཟད། གཞི་གྲངས་ཅན་གྱི་སོ་འཁྲུད་ཀྱིས་དུས་ཐོག་ཏུ་ཁྱོད་ཀྱི་སོ་དང་ཁ་ནང་གི་གནས་ཚུལ་དྲ་ལམ་རྒྱུད་ནས་མཁོ་སྤྲོད་བྱེད་སྲིད། ནངས་ཇ་འཐུང་རྗེས། གཞི་གྲངས་ཅན་གྱི་མིག་ཤེལ་ལས་མིག་སྡེབ་ཙམ་བྱས་པར་བརྟེན་ནས། རླངས་འཁོར་གྱིས་ཁྱེད་རང་གཞུང་ལས་ཁང་སོགས་སུ་སྐྱེལ་སྲིད་པར་མ་ཟད། རླངས་འཁོར་གྱི་གློག་ཀླད་སྟེ་རང་འགུལ་སྒོས་གྲོགས་ཚོགས་སོགས་ཀྱི་བརྙན་འཕྲིན་ནང་ཤར་སྲིད་པ་རེད། །
        དེ་བཞིན5Gདུས་རབས་སུ་སྨན་པས་འཆར་ངོས་བརྒྱུད་ནས་ས་ལེ་བར་སྟོང་ཕྲག་གི་ཕྱི་རོལ་གྱི་སྨན་བཅོས་སྲོག་སྐྱོབ་རླངས་འཁོར་ནང་གི་གནས་ཚུལ་ཧྲིལ་པོ་དུས་ཐོག་ཏུ་མཐོང་ཐུབ་པ་མ་ཟད། ད་དུང་ཐད་ཀར་སྙིང་གི་གློག་རིས་ལ་ཞིབ་བཤེར་བྱེད་ཐུབ། ཁྱིམ་གྱི་འཁྱག་སྒམ་གྱིས་བདག་པོའི་བཟའ་བཅའ་ཉོ་བའི་གོམས་གཤིས་ལ་གཞིགས་ནས། རང་འགུལ་ངང་ཚོང་ར་ནས་ཟས་རིགས་གསར་པ་ཉོ་ཐུབ། ཁྱེད་རང་ཁྱིམ་སྒོར་མ་བུད་ན་ཡང་། དྲ་འབྲེལ་མངོན་སུམ་སྨྱན་སྦྱོར་ལ་བརྟེན་ནས། གློག་བརྙན་དང་འགྲན་ཚོགས། གླུ་གར་འཁྲབ་སྟོན་སོགས་ལ་རོལ་ཐུབ་པར་མ་ཟད། ཁྱིམ་གྱི་གློག་སྒྲོན་དང་གློག་ཆས་སྣ་ཚོགས་ཀྱང་ཚོར་ཤེས་ཅན་ཡིན་པས། ལག་པ་འགུལ་ནས་གློག་སྒོ་སོགས་རྒྱག་མི་དགོས་ཤིང་། རླངས་འཁོར་གྱིས་རྙོག་འཛིང་ཆེ་བའི་གནམ་གཤིས་ནང་ཡང་དག་པའི་ངང་ལམ་རྟགས་ངོས་འཛིན་བྱེད་ཐུབ་མ་ཟད་ཁ་ལོ་སྒྱུར་མི་དགོས་པར་རང་གི་འགྲོ་གནས་སུ་ལམ་སྣ་ཡང་དག་པར་ཁྲིད་ཐུབ་པས། མ་འོངས་པར་དྲ་འབྲེལ་ལ་བརྟེན་ནས། མི་རྣམས་ལ་སྔར་ལས་ལྷག་པའི་སྟབས་བདེ་གང་མང་བཟོ་སྲིད་པ་རེད། །


5Gདུས་རབས་ཀྱི་དྲ་འབྲེལ་སྣ་ཚོགས་མཚོན་པའི་པར་རིས།

      གསུམ། 5Gདུས་རབས་སུ་འཕྲིན་གཏོང་ནང་དོན་དང་རྣམ་པ་བཅས་ཕྱོགས་ཡོངས་ནས་འགྱུར་ལྡོག་འབྱུང་སྲིད།
        5Gལག་རྩལ་ནི་མགྱོགས་མྱུར་ལྡན་ཞིང་དུས་འགྱངས་མེད་པའི་བརྡ་གཏོང་དང་ཚོད་འཛིན་ལག་རྩལ་ཡིན་པས། མི་རྣམས་ཀྱིས་དྲ་ལམ་ལ་བརྟེན་ནས་བརྙན་འཕྲིན་ཐད་གཏོང་དང་འདེམས་གཏོང་སོགས་ལ་རོལ་ཐུབ་པར་མ་ཟད། བརྙན་འཕྲིན་གཏོང་གནས་ཀྱི་ཡུལ་ལྗོངས་ཧྲིལ་པོ་མཐོང་ཐུབ་པའིVRདང8Kགློག་བརྙན་དང3Dནང་དོན་དངARགློག་བརྙན་སོགས་ལའང་རོལ་ཐུབ་པས། 5Gདུས་སྐབས་ཀྱི་འཕྲིན་གཏོང་དུས་གནས་ལ་འགྱུར་ལྡོག་ཆེན་པོ་འབྱུང་སྲིད་པ་རེད། །
        5Gདུས་རབས་ནང་བརྙན་གཟུགས་བརྡ་འཕྲིན་དེ་བརྡ་འཕྲིན་གྱི་རྣམ་པ་གཙོ་བོར་འགྱུར་སྲིད་ཅིང་། བརྙན་འཕྲིན་སོགས་ཀྱི་ཐད་གཏོང་དེ་གང་ས་གང་དུ་མཐོང་ཐུབ་པར་མ་ཟད། མི་ཚང་མའང་བརྙན་འཕྲིན་སོགས་ཀྱི་ཐད་གཏོང་མཁན་དུ་འགྱུར་སྲིད། 5Gལག་རྩལ་བེད་སྤྱོད་མཁན་གཙོ་ཤས་ནི2000ལོའི་རྗེས་ཀྱི་མི་རབས་གསར་བ་དག་ཡིན་སྲིད།  5Gལག་རྩལ་ལ་བརྟེན་ནས་“བརྙན་འཕྲིན་ཅན”དང“བརྙན་འཕྲིན་དྭངས་གསལ་ཅན”སོགས་མངོན་འགྱུར་བྱེད་སྲིད་པ་དང་། 5Gལག་རྩལ་ལ་བརྟེན་ནས་དྲ་ལམ་འབྲེལ་གཏོང་གི་དུས་རབས་གསར་བར་སླེབས་སྲིད་པས།  མི་རྣམས་ཀྱི་དུས་རྒྱུན་འཚོ་བ་དང་རོལ་རྩེད་སོགས་ཕྱོགས་གང་ཐད་ནང་ཀྱང་ཕུན་སུམ་ཇེ་ཚོགས་སུ་འགྱུར་སྲིད། །


5Gདུས་སྐབས་སུ་རོལ་རྩེད་སྣ་ཚོགས་རོལ་ཚུལ་གྱི་པར་རིས།

གསུམ་པ། 5G དུས་རབས་ཀྱི་དྲ་འབྲེལ་ཚོང་ལས་ལ་གོ་སྐབས་ཆེན་པོ་འབྱུང་སྲིད།

གཅིག  5G དུས་སྐབས་ཀྱི་དྲ་འབྲེལ་ཚོང་ལས་ལ་ནུས་ཤུགས་ཆེན་པོ་ཡོད་སྲིད།
        སྤྱི་ལོ2017ལོའི“དྲ་འབྲེལ+རིག་གནས”རྣམ་པའི་རིག་གནས་བརྡ་འཕྲིན་འདྲེན་གཏོང་གི་རྒྱ་ཁྱོན་དེ་སྒོར་དུང་ཕྱུར 8000ལ་སླེབས་པས། ལོ་སྔོན་མ་དང་བསྡུར་ན34.6%འཕར་སྣོན་བྱུང་ཤིང་། རྒྱུན་འབྱམས་ཅན་གྱི་རིག་གནས་ཐོན་ལས་འཕར་སྣོན་བྱུང་ཚད་ལས12.8%ཀྱི་མཐོ་བ། སྤྱི་ལོ2019ལོར་ལག་ཁྱེར་ཁ་པར་ལས་རིགས་ཡོད་ཚད་ཀྱིས་ནུས་ཤུགས་གང་ཡོད་སྒོས5Gཁ་པར་མངོན་འགྱུར་བྱེད་པར་འགྲན་རྩོད་བྱས་ཤིང་། གློག་བརྙན་ཀུང་སི་སོ་སོས་ཀྱང5Gདྲ་ལམ་གྱི་ཐོན་ཁུངས་འགྲན་རྩོད་བྱེད་འགོ་བརྩམས། འཕྲིན་གཏོང་སྨྱན་སྦྱོར་ལས་རིགས་སྣ་ཚོགས་ལས། གང་ཞིག་གིས་ཐོག་མར5Gལག་རྩལ་བེད་སྤྱོད་གང་ལེགས་བྱེད་ཐུབ་སོང་ན། དེར་འཕྲིན་གཏོང་ཚོང་ལས་ཕྱོགས་ནས་རྒྱལ་ཁ་དང་ཁེ་ཕན་ཆེན་པོ་ཐོབ་ཐུབ་པ་ཡིན། འཕྲིན་གཏོང་སྨྱན་སྦྱོར་སོ་སོའི་སྲོག་དབང་ནི་མང་ཚོགས་ཀྱི་དགོས་མཁོར་བསྟུན་གང་ཐུབ་བྱེད་པ་དེ་ཡིན་པས། འཕྲིན་གཏོང་ལས་རིགས་ཀྱིས་མང་ཚོགས་ཀྱི་གཙོ་གྲུབ་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། བརྡ་འཕྲིན་གྱི་དགོས་མཁོ་གང་ན་ཡོད་ཚེ། འཕྲིན་གཏོང་ལས་རིགས་ཀྱི་བྱ་བའི་ལྟེ་བའང་དེར་འཇོག་དགོས། །


5Gདུས་རབས་ཀྱི་དྲ་འབྲེལ་སྣ་ཚོགས་མཚོན་པའི་པར་རིས།

གཉིས། 5Gདུས་རབས་ཀྱི་འཕྲིན་གཏོང་ལ་བར་ཐག་གི་ཁྱད་པར་ཡོད་མི་སྲིད།
        5Gལག་རྩལ་བེད་སྤྱད་པར་བསྟུན་ནས་མི་རྣམས་ཀྱི་དུས་དང་གནས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་འབྱུང་སྲིད་པས། མི་དང་མིའི་བར་དང་མི་དང་དངོས་རྫས་བར་གྱི་བར་ཐག་གི་འདུ་ཤེས་བསྒྱུར་སྲིད་ཅིང་། 5Gལ་བརྟེན་ནས་བརྙན་འཕྲིན་དང་ལྟ་མཁན་བར་གྱི་བར་ཐག་དེ་རྩ་བ་ནས་མེད་པར་གཏོང་སྲིད་པ་མ་ཟད། རིག་གནས་མཁོ་སྤྲོད་ཕྱོགས་ནས་འགྱུར་ལྡོག་ཆེན་པོ་འབྱུང་སྲིད་ལ། སློབ་གསོའི་མ་ལག་དང་རྣམ་པར་ཡང་ཤུགས་རྐྱེན་ཆེན་པོ་བཟོ་སྲིད་ཅིང་། ས་ཁུལ་སོ་སོའི་རིག་གནས་སྲོལ་རྒྱུན་གྱི་རྣམ་པ་གང་མང་ལའང་། རང་ཉིད་དངོས་སུ་ཞུགས་པ་ལྟ་བུའི་མྱོང་བ་རོལ་ཐུབ་པ་ཡིན། །

      

5Gདུས་སྐབས་ཀྱི་དྲ་འབྲེལ་རྣམ་པ་གསར་བ་མཚོན་པའི་པར་རིས།

        མདོར་ན། 5Gནི་རབས་ལྔ་བའི་སྤོ་སྒུལ་འཕྲིན་གཏོང་ལས་མྱུར་བ་དང་བོངས་ཆེ་བ།  དུས་འགྱངས་མི་བྱེད་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས།   དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་།  མ་འོངས་པར་འགྲན་རྩོད་ལེགས་ཆ་བསྐྲུན་པའི་སྒུལ་བྱེད་འཕྲུལ་འཁོར་ཅིག་སྟེ། ཤེས་དཔལ་གྲོང་ཁྱེར་དང་རིག་ནུས་ཁང་ཁྱིམ། མི་མེད་གནམ་གྲུ། ཟོག་སྦྲེལ་དྲ་རྒྱ་སོགས་མངོན་འགྱུར་བྱས་ནས5Gཡིས་མ་འོངས་པར་དྲ་དམངས་རྣམས་ཀྱི་འཚོ་བ་ལ་སྔར་ལས་ལྷག་པའི་སྟབས་བདེ་དང་བསམ་གྱིས་མི་ཁྱབ་པའི་སྤྲོ་སྣང་སྟེར་སྲིད་པ་ཁོ་ཐག་ཡིན་པས། རབས་གསར་བའི5Gལག་རྩལ་བདེ་བླག་ངང་ཉེར་སྤྱོད་ཐུབ་རྒྱུ་ནི་སྲིད་གཞུང་དང་གཉེར་སྐྱོང་བྱེད་མཁན་གྱི་ཚོང་པ། ལས་རིགས་སོ་སོས་མཉམ་དུ་འབད་བརྩོན་བྱ་དགོས་པར་འདོད་པ་དང་། མ་འོངས་པར་ང་ཚོས་ལས་ཀ་དང་འཚོ་བའི་ཕྱོགས་གང་སར5Gཡིས་སྟབས་བདེ་བསྐྲུན་ཐུབ་ཕྱིར། ང་ཚོ་བོད་པ་ཚོས་ཀྱང་དེའི་ཕྱོགས་ལ་སློབ་སྦྱོང་དང་དོ་སྣང་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་ཆེན་ཞིག་རེད་སྙམ་ནས་སྦྱར་བ་དགེ་གྱུར་ཅིག ། །
       དཔྱད་གཞིའི་ཡིག་ཆ།

杨凌, 高楠. 5G移动通信关键技术及应用趋势[J].   电信技术, 2017(5)。
5G首个国际标准正式发布:5G手机明年发布.新浪 [引用日期2019-06-07]
赵国锋, 陈婧, 韩远兵, et al. 5G移动通信网络关键技术综述[J]. 重庆邮电大学学报(自然科学版), 2015, 27(4)。
李阳德, 林亮, 郑舟, et al. 5G网络典型应用场景与关键支撑技术探讨[J]. 广西通信技术, 2017(3)。

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1