རྒྱལ་ཁོངས་གཞན་ནས་ཡིན་པའི་དགེ་རྒན་གདན་ཞུས་ལས་བསྐོས་དང་དོ་དམ་བྱ་ཐབས་ཀྱི་བསམ་འཆར་བསྡུ་ལེན་ནང་ཡིད་རྟོན་ཐོ་འགོད་ལམ་ལུགས་འཛུགས་དགོས་ལུགས་བསྟན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-28



    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སློབ་གསོ་པུའི་དྲ་ཚུགས་ཐོག་སྤྱི་བསྒྲགས་སྤེལ་ནས《རྒྱལ་ཁོངས་གཞན་ནས་ཡིན་པའི་དགེ་རྒན་གདན་ཞུས་ལས་བསྐོས་དང་དོ་དམ་བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》ནང་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་ཡོད་པ་རེད། བསམ་འཆར་བསྡུ་ལེན་གྱི་མ་ཟིན་ནང་རྒྱལ་ཁོངས་གཞན་ནས་ཡིན་པའི་དགེ་རྒན་གདན་ཞུས་ལས་བསྐོས་ཀྱི་གཞི་རྩའི་བླང་བྱ་དང་། འོས་བབ་ཀྱི་ཆ་རྐྱེན། དཔྱད་ཞིབ་ལྟ་སྐུལ་སོགས་ཐད་གཏན་འབེབས་བཟོས་ཡོད་པ་རེད།
    བསམ་འཆར་བསྡུ་ལེན་མ་ཟིན་ནང་རྒྱལ་ཁོངས་གཞན་ནས་ཡིན་པའི་དགེ་རྒན་གྱིས་ཀྲུང་གོའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་། ཀྲུང་གོའི་སྤྱི་པའི་སྒྲིག་ལམ་དང་སྲོལ་བཟང་དང་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ལ་བརྩི་སྲུང་ཞུ་བ། སློབ་གསོ་དང་ཆོས་ལུགས་ལོགས་སུ་དབྱེ་བའི་རྩ་དོན་ལ་བརྩི་སྲུང་ཞུ་བ་བཅས་བྱས་ཏེ་ལག་བསྟར་བྱེད་པའི་སློབ་གསོ་སློབ་ཁྲིད་བྱེད་སྒོ་དང་ནང་དོན་ཀྲུང་གོའི་སློབ་གསོའི་བྱེད་ཕྱོགས་དང་སློབ་ཁྲིད་ཀྱི་གཞི་རྩའི་བླང་བྱ་དང་འཚམ་པ་བྱེད་དགོས་པ་ལས་ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མཚན་སྙན། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་བཅས་ལ་གནོད་འཚེ་གཏོང་མི་རུང་བའི་གཏན་འབེབས་བྱས་ཡོད་པ་རེད།
    བསམ་འཆར་བསྡུ་ལེན་གྱི་མ་ཟིན་གཞིར་བཟུང་། རྒྱལ་ཁོངས་གཞན་ནས་ཡིན་པའི་དགེ་རྒན་ལ་སློབ་གསོའི་ལས་དོན་པར་ལྡན་དགོས་ངེས་ཀྱི་སློབ་གསོའི་འོས་བབ་དང་སློབ་ཁྲིད་ཀྱི་འཇོན་ཐང་ལྡན་དགོས། རྒྱལ་ཁོངས་གཞན་ནས་ཡིན་པའི་དགེ་རྒན་གྱི་གཟུགས་གཞི་དང་སེམས་ཁམས་བདེ་ཐང་དང་། སྤྱོད་ལམ་ཡག་པ། ཉེས་གསོག་གི་ཟིན་ཐོ་མེད་པ། འགོས་ནད་དང་སེམས་ཁམས་མི་བདེ་བ་སོགས་མེད་པ། འདོད་སྲེད་བརྙས་བསྐོ་དང་དུག་འཐེན་པ་སོགས་མི་བྱེད་པ་བཅས་དང་དེ་བཞིན་སློབ་མའི་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཤུགས་རྐྱེན་བཟོ་སྲིད་པའི་ནད་གཞི་དང་བྱེད་སྤྱོད་གཞན་མེད་པ་བཅས་དགོས་ཀྱི་ཡོད།
    བསམ་འཆར་བསྡུ་ལེན་མ་ཟིན་ནང་རྒྱལ་ཁོངས་གཞན་ནས་ཡིན་པའི་དགེ་རྒན་གྱི་ཡིད་རྟོན་ཐོ་འགོད་ལམ་ལུགས་བཟོ་དགོས། དུག་འཐེན་པ་སོགས་བདེ་འཇགས་དོ་དམ་ལས་འགལ་བའི་བྱེད་སྤྱོད་ལྡན་པ་དང། འདོད་སྲེད་བརྙས་བསྐོ་དང་ན་སོ་དར་ལ་མ་བབས་པའི་མིར་མནར་གཅོད་གཏོང་བ་སོགས་ཀྱི་བྱེད་སྤྱོད་ལྡན་པ། སློབ་མར་འདོད་སྲེད་བརྙས་བསྐོ་བྱེད་པའམ་ཡང་ན་ཀྲུང་གོའི་སྤྱི་པའི་སྒྲིག་ལམ་དང་སྲོལ་བཟང་དང་། དགེ་རྒན་གྱི་ལས་རིགས་ཀུན་སྤྱོད། བྱ་སྤྱོད་ཀྱི་ཚད་གཞི་སོགས་ལས་འགལ་བའི་གནས་ཚུལ་ཡོད་རིགས་སློབ་གསོའི་སྒྲིག་གཞིས་གདན་ཞུ་མཚམས་འཇོག་བྱེད་པ་དང་སྦྲགས་གཙོ་གཉེར་སློབ་གསོ་སྲིད་འཛིན་སྡེ་ཚན་ལ་སྙན་སེང་ཞུ་བ་དང་ཡིད་རྟོན་ཐོ་འགོད་བྱེད་དགོས་ལུགས་བསྟན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1