ཨ་ཆེན་གངས་རྒྱབ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-30


     ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་7ཚེས་28ཉིན། ལྐོག་རྔོན་ལ་རྒོལ་བའི་ཁྲིམས་བསྟར་བྱ་སྤྱོད་བསྟུད་མར་སྤེལ་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མུ་མཐུད་ཤུགས་ཆེ་རུ་བཏང་རྐྱེན། འཛམ་གླིང་རང་བྱུང་ཤུལ་བཞག་ས་གནས་དང་། མི་ཡུལ་གྱི་དག་ཞིང་”སྟེ་ཨ་ཆེན་གངས་རྒྱབ་ཏུ་ལོ་བཅུ་གཅིག་རིང་རི་དྭགས་ལྐོག་རྔོན་བྱེད་པའི་མེ་མདའི་སྒྲ་ཐོས་མ་བྱུང་། གཙོད་སོགས་རི་སྐྱེས་སྲོག་ཆགས་སོས་དལ་བག་ཕེབས་ངང་རྒྱུད་སྤེལ་དང་འཚོ་གནས་བྱེད་པ་དེ་མཚོ་བོད་མཐོ་སྒང་གི་མཛེས་སྡུག་གི་ལྗོངས་རྣམ་ཞིག་ཏུ་གྱུར་ཡོད། 


   ཁེར་རྐྱང་དུ་ལུས་པའི་གཙོད་ཕྲུག་11བདེ་འཇགས་ངང་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚུགས་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་སུ་སྐྱེལ་རྗེས། ཨ་ཆེན་གངས་རྒྱབ་ཀྱི་རི་སྐོར་རུ་མི་ཚེ་དབང་རྡོ་རྗེ་ད་གཟོད་བློ་བདེ་བར་གྱུར། “ད་ལོར་གཙོད་ལ་གཙོད་ཕྲུག་སྐྱེ་དུས། ང་ཚོ་སྒྲོ་ནག་མཚོའི་ཉེ་འཁོར་དུ་རི་སྐོར་བྱས་པ་དང་། སྔ་རྗེས་སུ་ཁེར་རྐྱང་དུ་ལུས་པའི་གཙོད་ཕྲུག་འདི་དག་སྐྱབས་པ་ཡིན།”

    མཚོ་བོད་མཐོ་སྒང་གི་ལྟེ་བར་གནས་པའི་ཨ་ཆེན་གངས་རྒྱབ་ནི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཏེ་གཙོད་འཚོ་གནས་བྱེད་ཡུལ་གལ་ཆེན་དེ་ཡིན་པ་དང་། དུས་རབས་20པའི་ལོ་རབས་80པར། ཁྲིམས་འགལ་ཅན་གྱིས་ཁེ་ཕན་བསམ་ནས་ཨ་ཆེན་གངས་རྒྱབ་ཏུ་ཡོང་ནས་ཁྲིམས་འགལ་ངང་རྔོན་བརྒྱབ་པས། གཙོད་ཀྱི་ཁ་གྲངས་ནི་དེ་སྔའི་གཙོད་འབུམ་2ནས་ཁྲི་2བར་ཉུང་དུ་ཕྱིན། ཕྱོགས་ཁག་གིས་ལོ་མང་རིང་བསྟུད་མར་སྲུང་སྐྱོང་བྱས་པར་བརྒྱུད། ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཀྱི་ཁ་གྲངས་ནི་ད་ལྟའི་ཁྲི 7 བར་སླར་གསོ་བྱུང་ཡོད། 


    “2009ལོ་ནས་ད་བར། ཨ་ཆེན་གངས་རྒྱབ་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་4.5ཡོད་པའི་ཁྱབ་ཁོངས་སུ་རི་དྭགས་རྔོན་པའི་དོན་དག་བྱུང་མྱོང་མེད།”གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་ཆུ་འགོ་གླིང་ཁུལ་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ཏང་ཨུ་ཧྲུའུ་ཅི་ཡིས་བཤད་པ་ལྟར་ན། རི་སྐོར་རུ་ཁག་གིས་ལོ་རེར་ཉུང་མཐར་ཡང་ཐེངས་12ལ་གཞི་རྒྱ་ཆེ་བའི་སྐོར་སྲུང་བྱེད་བཞིན་ཡོད། 
    1996ལོར། མཚོ་སྔོན་ཞིང་ཆེན་གྱིས་ཨ་ཆེན་གངས་རྒྱབ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དང་། 1997ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨ་ཆེན་གངས་རྒྱབ་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་ཡིན་པའི་སྤྱི་བསྒྲགས་སྤེལ། 2017ལོར། ཨ་ཆེན་གངས་རྒྱབ་ནི་འཛམ་གླིང་རང་བྱུང་ཤུལ་བཞག་དུ་གྱུར་ཡོད། 
    མཚོ་བོད་གཞུང་ལམ་རྒྱུད་ཀྱི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚུགས་ལ་ཉིན་ལྟར་རི་སྐོར་བྱེད་པའི་ལས་འགན་ཡོད་པ་ཕུད། དེས་ད་དུང་ཡུལ་སྐོར་བ་དང་དང་བླངས་པས་ཨ་ཆེན་གངས་རྒྱབ་ལ་རྒྱུས་ལོན་བྱེད་སའི་སྒེའུ་ཁུང་ཞིག་ཀྱང་བྱས་ཡོད། 

    “ཨ་ཆེན་གངས་རྒྱབ་ནི་མིག་སྔར་འཛམ་གླིང་ཐོག་གདོད་མའི་སྐྱེ་ཁམས་ཁོར་ཡུག་ཆ་ཚང་པོར་ཉར་བའི་ས་ཁུལ་ཅིག་ཡིན་ལ། མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཀྱི་དག་པའི་ཞིང་ཁམས་ཀྱང་ཡིན།”ཅེས་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚུགས་ཀྱི་རི་སྐོར་རུ་མི་རྡོ་རྗེ་ཚེ་རིང་གིས་སྲུང་སྐྱོང་ས་ཚུགས་ཀྱི་ས་བཀྲ་ལ་མཛུབ་མོ་བསྟན་ནས་དེ་ལྟར་བཤད། 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1