ས་བབ་ཀྱི་མཐོ་ཚད་སྨི་བཞི་སྟོང་ཉིས་བརྒྱ་ཡན་དུ་ཡོད་པའི་བོད་ལྗོངས་མངའ་རིས་ཀྱི་འབྲོག་པ་གྲོང་ཁྱེར་དུ་བསྐྱོད་པའི་ཟིན་ཐོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-30



           ལོ་55ལ་སླེབས་པའི་བསོད་ནམས་ཡེ་ཤེས་ལ་“ཁྱིམ་སྤོས”ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཞིག་ཡོད་དེ། ཁོ་རང་ཆུང་དུས་ནས་འཚོ་བ་རོལ་བའི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་མོན་འཚེར་ཤང་མོན་འཚེར་གྲོང་ཚོ་ནི་དཔེ་མཚོན་ལྡན་པའི་འབྲོག་ལས་ཀྱི་གྲོང་ཚོ་ཞིག་ཡིན་ཞིང་། གཡག་དང་ལུག་ཁྱུ་འདེད་པའི་ཁོས་ལོ་རེ་རེ་བཞིན་འདི་ལྟར་དབྱར་ས་ནས་སྟོན་ས་དང་། སྟོན་ས་ནས་དགུན་སའི་བར་གནས་སྤོར་ཐེངས་གསུམ་གྱི་ཁྲོད་ནས་དུས་འདའ་བར་བྱེད།
          2017ལོའི་ལོ་མཇུག་ཏུ། བསོད་ནམས་ཡེ་ཤེས་ཁྱིམ་ཚང་གང་བོ་སྒར་རྫོང་གི་ཁང་ལི་སྡོད་ཁང་གསར་པའི་ཡུལ་གཞན་དུ་གནས་སྤོས་བྱེད་པའི་དབུལ་སྐྱོར་ས་ཚིགས་སུ་གནས་སྤོས་པ་དང་བསྟུན་ནས་ཁོང་ཚོས་ལོ་གཅིག་ནང་གནས་སྤོར་ཐེངས་གསུམ་བྱེད་དགོས་ཀྱི་མེད་དེ།”ཡུལ་གཞན་དུ་གནས་སྤོ་མ་བྱས་གོང་གྲོང་ཚོ་དང་ཤང་གི་ལས་བྱེད་པས་ང་ཚོའི་བསམ་འཆར་བསྡུ་ལེན་བྱས་ཤིང་། ངས་ཐོག་དང་པོར་ལག་པ་ཡར་བཀྱགས་ནས་གནས་སྤོ་བྱ་བར་འཐད་པ་བྱུང་། རྒྱུ་མཚན་ནི་ངས་གྲོང་ཁྱེར་དང་གྲོང་རྡལ་དུ་འཚོ་བ་རོལ་འདོད་པ་ཡིན”ཞེས་བཤད།
          ཉེ་ཆར། བསོད་ནམས་ཡེ་ཤེས་རང་ཁྱིམ་གྱི་ཉི་འོད་ཁང་པའི་ཚོམས་ཆེན་དུ་བསྡད་དེ་ང་ཚོར་ཁོ་རང་གྲོང་ཁྱེར་དུ་ཡོང་བའི་གཏམ་རྒྱུད་བཤད།

          འདི་ནི་བསོད་ནམས་ཡེ་ཤེས་ཀྱིས་རང་ཁྱིམ་གྱི་ཉི་འོད་ཁང་པའི་ནང་དུ་སྡོད་པའི་རྣམ་པ་རེད།

          འདི་ནི་ཁང་ལི་སྡོད་ཁང་གསར་པའི་ཡུལ་གཞན་དུ་གནས་སྤོས་བྱེད་པའི་དབུལ་སྐྱོར་ས་ཚིགས་ཀྱི་ཟུར་ཞིག་རེད།

          འདི་ནི་ཁང་ལི་སྡོད་ཁང་གསར་པའི་ཡུལ་གཞན་དུ་གནས་སྤོས་བྱེད་པའི་དབུལ་སྐྱོར་བྱ་ཡུལ་དུ་རྩེད་འཇོར་རོལ་བའི་བྱིས་པ་རྣམས་རེད།
          ལོ་ཕྱེད་ཙམ་གྱི་གྲ་སྒྲིག་བྱས་རྗེས། བསོད་ནམས་ཡེ་ཤེས་ཚང་གིས་ཁྱིམ་གྱི་འབྲི་གཡག་30ལྷག་ཙམ་དང་ལུག་60བཙོངས་ཏེ། བཟའ་མི་གང་བོ་2018ལོ་མ་སླེབས་སྔོན་དུ་ཁང་པ་གསར་པའི་ནང་དུ་གནས་སྤར་བ་རེད། རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་150ཡོད་པའི་ཐོག་བརྩེགས་ཉིས་ཅན་གྱི་བོད་བཟོའི་ཐོག་ཁང་དུ། ཐོག་ཁང་འོག་གི་ཁང་མིག་ལྔ་ནི་ཐབ་ཚང་དང་། མགྲོན་ཁང་། གསང་སྤྱོད་ཁང་སོགས་སུ་སྒྲིག་སྦྱོར་བྱས་ཡོད་པ་དང་། ཐོག་ཁང་གི་བར་ཁྱམས་བརྒྱུད་ནས་ཉལ་ཁང་ལྔ་ཡོད།
          “གནས་སྤོ་བྱས་མ་ཐག་ཏུ་ད་དུང་ཅུང་འཚམ་པོ་མིན་པ་དང་། གློག་སྤྱོད་པར་ཟླ་རེར་སྒོར་100ལྷག་ཙམ་སྤྲོད་དགོས་ཤིང་། ད་དུང་ཚོང་ཁང་དུ་ཅ་ལག་ཉོ་བར་འགྲོ་དགོས་བྱུང་། དང་ཐོག་རྒྱ་སྐད་བཤད་ཤེས་ཀྱི་མེད་པས་འབྲེལ་འདྲིས་བྱེད་ཁག་པོ་འདུག ད་ལྟ་ཚང་མར་ལོབས་འདུག”ཅེས་བཤད། ད་ལྟ་ཁོང་ཚོས་ཆུ་དང་། གློག གསང་སྤྱོད་ཁང་། དྲོད་ལེན་སོགས་ཀྱི་འཚོ་བའི་གནད་དོན་ལ་བསམ་བློ་གཏོང་དགོས་ཀྱི་མེད་ཅིང་། དེ་སྔར་གསང་སྤྱོད་ཁང་དུ་འགྲོ་དགོས་ཚེ་ཁང་པའི་ཕྱི་རོལ་དུ་འགྲོ་དགོས་པ་དང་། ཆུ་བླངས་ནས་ཇ་བསྲུབས་མ་བསྐོལ་དགོས་པ་དང་། ལྕི་བར་བརྟེན་ནས་དྲོད་ལེན་པ།  ཉི་ནུས་ཀྱིས་ལག་ཐོགས་ཁ་པར་ལའང་གློག་གསོག་པའི་གློག་ནུས་སྐོང་མི་ཐུབ་པ་བཅས་འདས་ཟིན་པའི་འཚོ་བའི་བརྒྱུད་རིམ་རེ་རེ་ཀླད་པའི་ནང་དུ་ཉར་ཏེ་དྲན་ཤེས་སུ་གྱུར་པ་རེད།
          འབྲོག་ཁུལ་ནས་གྲོང་ཁྱེར་དང་གྲོང་རྡལ་བར་ས་བབ་ཀྱི་མཐོ་ཚད་སྨི་600ཙམ་མར་ཆག་པ་དང་། བསོད་ནམས་ཡེ་ཤེས་ཀྱིས་དབུགས་འབྱིན་རྔུབ་ཀྱང་བདེ་པོ་བྱུང་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་དམའ་རུ་ཕྱིན་པ་དེས་ཁོང་གི་གྲུམ་བུའི་ནད་ཀྱང་ཅུང་ཞི་ལྷོད་དུ་སོང་ཡོད་པ་རེད། ཕྱུགས་འཚོ་བའི་འཚོ་བར་གོམས་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་གནས་སྤར་བ་དེས་ཁོམ་པ་མེད་པའི་ཁོས་རང་ཁྱིམ་གྱི་སྒོ་རའི་ནང་དུ་མེ་ཏོག་དང་སྔོ་ཚལ་འདེབས་འགོ་བཙུགས་པར་མ་ཟད། ཇ་ཁང་གི་ཚོང་“ཡང་བསྐྱར་”རྒྱག་རྒྱུའི་བཀོད་སྒྲིག་ཀྱང་བྱེད་ཀྱི་ཡོད།
          2002ལོ་ནས་བཟུང་། བསོད་ནམས་ཡེ་ཤེས་ཀྱིས་མོན་འཚེར་གྲོང་ཚོའི་ཞིང་འབྲོག་པའི་མཉམ་ལས་ཁང་གི་མངའ་འོག་གི་ཇ་ཁང་ཞིག་ཏུ་མ་རྐང་ནང་ཞུགས་བྱས་ཤིང་། ཁོའི་བཟའ་ཟླས་དེ་གར་གྲོང་མི་དང་འགྲོ་འོང་བྱེད་མཁན་གྱི་ཡུལ་སྐོར་བར་བོད་ཐུག་དང་། ཇ། འབྲས་ཚལ་སོགས་སྟབས་བདེའི་ཟ་མ་མཁོ་འདོན་བྱེད་ཀྱི་ཡོད། གྲོང་ཁྱེར་དུ་སླེབས་རྗེས་བཟའ་ཟླས་རྟག་ཏུ་མོན་འཚེར་གྲོང་ཚོར་ཇ་ཁང་གཉེར་གྱི་ཡོད་པ་དང་། བསོད་ནམས་ཡེ་ཤེས་ཀྱིས་ཀྱང་“ལས་གཏོད་ཐེངས་གཉིས་པ”བྱེད་རྩིས་ཡོད།
          ཟླ་གཅིག་ལྷག་གི་སྔོན་དུ། ཁོང་གིས་ཁང་ལི་སྡོད་ཁང་གསར་པའི་མཉམ་ལས་ཁང་གི་ཇ་ཁང་འགན་གཙང་ལེན་བྱས་པ་དང་། དེའི་མིང་ལ་“ནོར་གསོག་བོད་ཟས་ཁང”ཞེས་བཏགས་ཤིང་། གཙོ་བོ་ཇ་མངར་མོ་དང་། ཇ་སྲུབ་མ། ཇ་ནག་ཁུ། འབྲས་ཚལ། བོད་ཐུག་སོགས་ཚོང་གཉེར་བྱེད་ཀྱི་ཡོད།  “བོགས་དངུལ་དང་ཞབས་ཞུ་བ་གཉིས་ཀྱི་གླ་ཕོགས་ཕུད་། མིག་སྔར་ཁེ་སྤོགས་ཁེ་གཙང་སྒོར་ཁྲི་1ཡས་མས་ཡོད”ཅེས་བཤད།
          ནམ་རྒྱུན་བསོད་ནམས་ཡེ་ཤེས་ཀྱིས་ཇ་ཁང་ནང་ནས་སྒོར་མོ་ལེན་པ་དང་ཚོང་ཁང་ལ་ལྟ་བ་ཡིན། སེང་གེ་ཁ་འབབ་གྲོང་རྡལ་དུ་ལས་ཀ་བྱེད་བཞིན་པའི་བུ་ཆུང་བཀྲ་ཤིས་རྒྱལ་པོའང་ལས་ཀ་གྲོལ་རྗེས་རོགས་རམ་བྱེད་པར་ཡོང་ཞིང་། “ཟ་མ་ཟ་དུས་ཡང་མིན་ན་བུས་ཟ་མ་ལས་པ་དང་། ཡང་མིན་ན་ཇ་ཁང་དུ་ཟ་བ་ཡིན། སྐབས་རེ་ཕྱི་རུ་རྒྱ་ཁོག་དང་། ཐུག་པ་བརྔོས་མ་སོགས་ཀྱི་ཟས་རིགས་སྣ་ཚོགས་ཟ་བར་འགྲོ་བ་ཡིན། དེ་དག་གི་བྲོ་བ་ཤིན་ཏུ་ཞིམ”ཞེས་བཤད།

          འདི་ནི་བསོད་ནམས་ཡེ་ཤེས་ཀྱི་ཚ་བོ་ཆུང་བ་གཡུང་དྲུང་ཉི་མས་ཉི་འོད་ཁང་པའི་ནང་དུ་རྩེད་མོ་རྩེ་བའི་རྣམ་པ་རེད།

          འདི་ནི་བསོད་ནམས་ཡེ་ཤེས་ཀྱི་ཚ་བོ་ཆུང་བ་གཡུང་དྲུང་ཉི་མས་ཉི་འོད་ཁང་པའི་ནང་དུ་བཞག་པའི་དཔེ་ཆ་དང་སློབ་སྦྱོང་ཡོ་ཆས་བྱེད།
          ཚོང་ཁང་ནང་དུ་མ་སོང་བར་ཁྱིམ་དུ་སྡོད་དུས། བསོད་ནམས་ཡེ་ཤེས་ཀྱིས་ཚ་བོ་ཆུང་བ་གཡུང་དྲུང་ཉི་མར་སློབ་སྦྱོང་བྱེད་དུ་འཇུག་པ་རེད། ཁོས་དཔེ་ཆའི་སྟེང་དུ་ཅི་ཞིག་བཤད་པའི་ཧ་མི་གོ་མོད། འོན་ཀྱང་ཁོས་རང་ཉིད་ཀྱིས་ཤེས་ཡོན་མེད་པའི་གྱོང་རེག་ཟིན་པས། བུ་རབས་ཚ་རྒྱུད་རྣམས་ཀྱང“ལོང་བར”གྱུར་དུ་འཇུག་མི་ཉན་པ་ཤེས་ཀྱི་ཡོད།
          སེང་གེ་ཁ་འབབ་ཀྱི་འགྲམ་རྒྱུད་དང་།  གནས་སྤར་ནས་ལོ་གཉིས་ཙམ་འགོར་བའི་ཁྱིམ་ཚང་གསར་པ་འདིས་དགའ་སྤྲོའི་གླུ་སྒྲ་བགྲང་ལས་འདས་པ་ཟིན་ཐོར་བཀོད་ཅིང་། ཉི་འོད་ཁང་པའི་ནང་དུ་ད་སོ་མ་བཙུགས་ནས་ཅང་མ་འགོར་བའི་ཧའེ་ཐང་མེ་ཏོག་གིས་དྲི་ཞིམ་འཐུལ་བཞིན་སྒེའུ་ཁུང་སྟེགས་བུའི་སྟེང་གི་ཅུ་ལི་ཟུར་གསུམ་མའི་མེ་ཏོག་དང་འགྲན་སློང་གིས་རྣམ་པར་བཞད་ཀྱིན་ཡོད་པ་དང་། བསོད་ནམས་ཡེ་ཤེས་གྲོང་ཁྱེར་དུ་གནས་སྤར་བའི་གཏམ་རྒྱུད་ཀྱི་མཇུག་མ་རྫོགས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1