ལི་ཁེ་ཆང་གིས་ལི་ཞན་ལུང་ནས་སེང་ཁ་ཕོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིའི་འགན་བསྟུད་མར་འཁུར་བར་གློག་འཕྲིན་བཏང་ནས་བཀྲིས་བདེ་ལེགས་ཞུས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་བརྙན་འཕྲིན་དྲ་བ། སྤེལ་དུས། 07-30


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ལི་ཞན་ལུང་ལ་གློག་འཕྲིན་བཏང་གནང་ནས་ཁོང་ནས་སེང་ཁ་ཕོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིའི་འགན་བསྟུད་མར་བཞེས་པར་བཀྲིས་སྨོན་འདུན་ཞུས་གནང་ཡོད།
        ལི་ཁེ་ཆང་གི་བཀྲིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། ཙུང་ལི་ལི་ཞན་ལུང་གི་འགོ་ཁྲིད་འོག་སེང་ཁ་ཕོའི་དཔལ་འབྱོར་ཡུན་རིང་གོང་འཕེལ་འགྲོ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་པའི་མདུན་དུ་སེང་ཁ་ཕོ་སྲིད་གཞུང་གིས་འཕྲལ་ཐག་ཆོད་པོས་སྲིད་ཇུས་ལག་བསྟར་བྱས་པས་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཕན་འབྲས་ཡག་པོ་ཐོབ་པ་དང་། དཔལ་འབྱོར་སྤྱི་ཚོགས་རིམ་བཞིན་སླར་གསོ་བྱུང་ཡོད། ཀྲུང་གོ་དང་སེང་ཁ་ཕོ་ནི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ཀྲུང་གོས་ཀྲུང་གོ་དང་སེང་ཁ་ཕོའི་འབྲེལ་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད། ང་རང་ནས་ཙུང་ལི་ལི་ཞན་ལུང་དང་མཉམ་དུ་རིམས་འགོག་དང་གོང་འཕེལ་གྱི་མཉམ་ལས་ལ་གཅིག་གྱུར་ངང་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་རྒྱུན་མཐུད་ཟབ་ཏུ་བཏང་ནས། ཀྲུང་གོ་དང་སེང་ཁ་ཕོའི་འབྲེལ་བ་ད་ལོ་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བའི་སྐབས་འདིར་སླར་ཡང་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1