ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཉིང་རྡུལ་ཚ་བའི་འདུས་འགྱུར་ཚོད་ལྟའི་འཆར་གཞིའི་བཟོ་སྐྲུན་གལ་ཆེན་གྱི་སྒྲིག་སྦྱོར་བེད་སྤྱོད་བྱེད་པའི་མཛད་སྒོར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་བརྙན་འཕྲིན་དྲ་བ། སྤེལ་དུས། 07-30


        རྒྱལ་སྤྱིའི་ཉིང་རྡུལ་ཚ་བའི་འདུས་འགྱུར་ཚོད་ལྟའི་འཆར་གཞིའི་བཟོ་སྐྲུན་གལ་ཆེན་གྱི་སྒྲིག་སྦྱོར་བེད་སྤྱོད་བྱེད་པའི་མཛད་སྒོ་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་ཧྥ་རན་སི་རུ་ཡོད་པའི་རྩ་འཛུགས་དེའི་སྤྱི་ཁྱབ་པུའུ་ནས་སྤེལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། 
        ཞི་ཅིན་ཕིང་གིས་བསྟན་དོན། ཚན་རིག་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་ཅིང་གསར་གཏོད་ལ་ནམ་ཡང་འཛད་པ་མེད། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་དེ་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པར་དོན་སྙིང་གལ་ཆེན་ལྡན། རྒྱལ་སྤྱིའི་ཉིང་རྡུལ་ཚ་བའི་འདུས་འགྱུར་ཚོད་ལྟའི་འཆར་གཞིས་མིའི་རིགས་ཀྱི་ཞི་བདེའི་སྒོ་ནས་ཉིང་རྡུལ་ནུས་པའི་འདུས་འགྱུར་ནུས་པ་བེད་སྤྱོད་བྱེད་པའི་རེ་འདུན་བཟང་བོ་བསྣམས་ཡོད་ཅིང་། འཆར་གཞི་ལག་བསྟར་བྱས་པའི་ཚུན་ལ། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་དམ་བཅའ་བརྩི་སྲུང་བྱས་པ་དང་། ཀྲུང་གོའི་ཁེ་ལས་དང་ཚན་རིག་ཞིབ་འཇུག་མི་སྣས་ལས་འགན་ལྗིད་མོ་ཁུར་དུ་བླངས་ཡོད་ལ། རྒྱལ་སྤྱིའི་གཅིག་མཐུན་ལས་རིགས་དང་མཉམ་དུ་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། འཆར་གཞི་དེར་བདེ་བླག་ངང་སྐུལ་འདེད་གཏོང་བར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་ཕུལ་ཡོད། ལོ་ངོ་བཅུ་ཕྲག་འགའི་རིང་གི་འཚོལ་ཞིབ་དང་ལག་ལེན་ལས་སྒོ་འབྱེད་ཀྱི་བརྗེ་རེས་ནི་ཚན་རིག་གི་བདེན་པ་འཚོལ་ཞིབ་བྱེད་པའི་གནད་འགག་གི་ཐབས་ལམ་ཡིན་པ་བདེན་དཔང་གང་ལེགས་བྱས་ཡོད་ཅེས་གསུངས། 
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་འཛམ་གླིང་ཧྲིལ་བོ་པྲོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་འགྲན་རྩོད་ཛ་དྲག་ལ་འཕྲད་ཡོད་པ་དང་། མིའི་རིགས་ཀྱིས་སྔོན་ཆད་ཀྱི་དུས་གང་ལས་ཀྱང་ལག་རྡང་མཉམ་སྦྲེལ་གྱིས་མདུན་བསྐྱོད་དང་མཉམ་དུ་དཀའ་ཁག་ཁྱད་བསལ་བྱེད་དགོས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཕྱོགས་སོ་སོའི་བར་གྱི་ཚན་རིག་ཞིབ་འཇུག་གི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ཤིང་། སྟོབས་ཤུགས་གཅིག་ཏུ་དྲིལ་ནས་གནད་འགག་གི་ཚན་རིག་དང་ལག་རྩལ་ཐོལ་བརྒལ་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་ཚན་རྩལ་གསར་གཏོད་ལ་ཡར་སྐུལ་བཏང་སྟེ། རྒྱལ་ཁབ་སོ་སོའི་མི་དམངས་བདེ་སྐྱིད་ལྡན་པར་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཅེས་གསུངས། 
        རྒྱལ་སྤྱིའི་ཉིང་རྡུལ་ཚ་བའི་འདུས་འགྱུར་ཚོད་ལྟའི་འཆར་གཞི་ནི་དེང་སྐབས་འཛམ་གླིང་ཡོངས་ཀྱི་གཞི་རྒྱ་ཆེས་ཆེ་བ་དང་ཤུགས་རྐྱེན་ཆེས་ཆེ་བའི་རྒྱལ་སྤྱིའི་ཚན་རིག་གི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པ་དང་། རང་རྒྱལ་གྱིས་ཉིས་སྟོང་དྲུག་ལོར་དངོས་སུ་ཆིངས་ཡིག་བཀོད་དེ་འཆར་གཞི་དེའི་ནང་ཞུགས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1