གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༣༡ཉིན།

འོང་སྐོར་བཏང་བ།

    ཟླ་7པའི་ལྷ་སར། ཆར་ཆུ་འབེལ་ཞིང་། ཉི་འོད་རབ་ཏུ་འཕྲོ། མིག་སྔར། ཞིང་ནང་གི་ནས་རིམ་བཞིན་སྨིན་པ་དང་། ལོ་གཅིག་དུས་གཅིག་གི་“འོང་སྐོར་”གཏོང་བའི་དུས་ལ་སླེབས་ཡོད་།  

   ལྷ་ས་ནས་ཐོན་ཏེ། ལྷ་སའི་སྐྱིད་ཆུ་དེད་ནས་ཆུ་ཤུར་དུ་བསྐྱོད་པ་ཡིན། ལམ་གཡས་གཡོན་གྱི་ནས་ལོ་ལེགས་ཀྱི་རྣམ་པ་མངོན་འདུག མཚན་གང་ཆར་པ་བབས་པས་ཞིང་ནང་གི་ལོ་ཏོག་སྟེང་ཆར་ཟིལ་གྱིས་རྒྱན་སྤྲས་ཅིང་། ཉི་འོད་འོག་འོད་མདངས་འཚེར་བཞིན་འདུག ཐག་རིང་གི་རི་བོ་སྤྲིན་པ་དང་སྨུག་པས་གཡོགས་པས་ཆུ་ཤུར་རྫོང་ཚར་པ་ནང་གྲོང་ཚོ་དེ་ཉིད་མཛེས་སྡུག་ལྡན་པའི་རི་མོ་ལྟར་སྣང་།


    སྔ་དྲོའི་ཆུ་ཚོད་10པའི་གཡས་གཡོན་དུ། དུད་ཚང་ཚང་མའི་ནང་གི་ཨ་མས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་གྲོང་གི་མདའ་རུ་འཛོམས། ཁོང་ཚོའི་ལུས་ལ་དེང་སྐབས་དར་སོ་ཆེ་ཤོས་ཀྱི་བོད་ཆས་གྱོན་ཞིང་། བཟོ་ལྟ་ཞིབ་ཚགས་པའི་རིན་ཆེན་རྒྱན་ཆ་བཏགས་པས། སྔོ་ལྗང་ཞིང་ཁའི་ནང་གི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་ཏུ་འགྱུར་ཡོད། གྲོང་ཚོའི་ནང་གི་ཕོ་མོ་རྒན་གཞོན་ཚང་མ་མཉམ་དུ་འཛོམས་ཏེ། སྲོལ་རྒྱུན་ལྟར་ཚང་མས་མཉམ་དུ་མཛད་སྒོ་སྤེལ་རྗེས། སྙན་འཇེབས་ལྡན་པའི་གླུ་དབྱངས་ལེན་པ་དང་བསྟུན་ནས་འོང་ཁ་སྐོར་གྱི་ཡོད།  

    “འོང་སྐོར་”ལ་ལོ་ངོ་1500ཡི་ལོ་རྒྱུས་ལྡན་ཞིང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན།  


    གྲོང་ཚོའི་ནང་གི་ཞིང་ཁ་གཅིག་ལྟར་གྲ་འགྲིག་པ་ཞིག་ཡོད་ཅིང་། ཞིང་ནང་དུ་གསེར་མདོག་ཅན་གྱི་པད་ཁའི་མེ་ཏོག་བཞད་ཡོད་ལ། ཞིང་འགྲམ་གྱི་ལམ་ཆུང་དུ་རི་སྐྱེས་མེ་ཏོག་འདྲ་མིན་སྣ་ཚོགས་བཞད་ཡོད་པས། ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་འདུག

    ཕྱིན་ནས་དཀའ་ལས་ཁག་ན་ལྷ་སའི་སྐྱིད་ཆུའི་འགྲམ་དུ་ངལ་གསོ་ཏོག་ཙམ་བྱས། གྲོང་མི་ཚོས་ཞིང་ཁའི་ནང་གི་ལོ་ཏོག་ལ་ལྟས་ནས་ངོ་གདོང་ལས་ལོ་ལེགས་ཀྱི་དགའ་སྤྲོ་མངོན། “ཟླ་7པ་ནི་ཞིང་ཁའི་ནང་ལོ་ཏོག་སྐྱེས་ལེགས་ཤོས་ཀྱི་དུས་བཟང་རེད། ད་ལོ་ཡང་ལོ་ལེགས་ཀྱི་ལོ་ཞིག་རེད་འདུག”ཅེས་གྲོང་མི་ཚོས་དགའ་སྤྲོ་དང་བཅས་དེ་ལྟར་བཤད།


    འོང་བསྐོར་མཛད་སྒོ་ཆུ་ཚོད་2ཙམ་སྤེལ་རྗེས་བདེ་བླག་ངང་ལེགས་འགྲུབ་བྱུང་། སྐབས་དེར། གྲོང་མི་ཚོས་ཞིང་ཁའི་འགྲམ་གྱི་རྩྭ་ཁ་ལེགས་ཤོས་ཤིག་བཙལ་ནས་མཉམ་དུ་བསྡད་དེ། རང་ཁྱིམ་ནས་བསྙལ་བའི་ཆང་དང་། ཇ་སྲུབས་མ། ཁ་ཏོག་སོགས་ཟས་མཆོག་བཏོན་ནས་མཉམ་དུ་རོལ། དེ་རྗེས་སྤྲོ་སྐྱིད་ཀྱི་བྱེད་སྒོ་སྤེལ་བ་དང་། གྲོང་མི་ཚོས་ཕན་ཚུན་ཆང་གཞས་བཏང་ནས་ཆང་ཕུལ་རེས་བྱེད་པ་དང་། དེ་རྗེས་ཀྱི་ཉིན་འགའི་རིང་། གྲོང་ཚོའི་ནང་དུ་རྟ་རྒྱུག་འགྲན་བསྡུར་ལ་སོགས་པའི་འགྲན་བསྡུར་མང་པོ་དང་། གཞས་ཞབས་བྲོའི་འགྲན་བསྡུར་སོགས་མུ་མཐུད་སྤེལ་ནས། ཞིང་པ་རང་ལ་བདག་པའི་དུས་ཆེན་དགའ་གཏོང་བྱེད་ཀྱི་ཡོད། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1