རྔ་བས་རྩྭ་ཐང་བྱེ་འགྱུར་བཅོས་སྐྱོང་བྱེད་པའི་བརྒྱུད་རིམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-31


     ཀྲུང་གོ་གསར་འགྱུར་དྲ་བས་སྤེལ་བའི་གནས་འཕྲིན། “ལོ་འགའི་སྔོན་ལ་ཡུལ་ལུང་འདི་དག་ནི་བྱེ་ཐང་ཡིན་ཞིང་། ལོ་འགའི་རྗེས་སུ་རྩྭ་སྐྱེས་པ་མ་ཟད་གླང་མའི་ཚལ་ཡང་པུས་མོའི་མཐོ་ཚད་ཙམ་སྐྱེས་ཡོད།”ཟླ་བདུན་པའི་ཟླ་སྨད་དུ། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་བྱམས་མེ་གྲོང་རྡལ་ཤིས་ཚང་གྲོང་ཚོ་བྱེ་བཅོས་ཡུལ་ཞིག་ཏུ་ལོ་31ཡིན་པའི་མཛོད་དགེ་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་བཟོ་བཀོད་ལས་རོགས་ཐུའུ་ཧྲེང་གིས་མཛུབ་མོས་སྟོན་ཞོར་དུ་བཤད། 2016ལོར་བྱེ་བཅོས་ལས་དོན་ལ་ཞུགས་པ་ནས་བཟུང་། སྐྱ་ཐིང་ཐིང་གི་བྱེ་ཐང་རིམ་བཞིན་སྤང་ཐང་སྔོན་མོར་གྱུར་བ་དངོས་སུ་མཐོང་བས། ཐུའུ་ཧྲེང་ལ་ཚོར་སྣང་ཟབ་མོ་བྱུང་ཡོད། 


   ཤིས་ཚང་གྲོང་ཚོ་རུ་ལོ་མང་རིང་བཅོས་སྐྱོང་བྱས་པར་བརྟེན། མུའུ་3000ཙམ་གྱི་བྱེ་འགྱུར་ས་ཆ་ནི་སྔོ་ལྗང་གི་རྩྭ་ས་དང་གླང་མའི་ཚལ་གྱིས་ཁེངས་ཡོད། ཤིས་ཚང་གྲོང་ཚོའི་འགྱུར་ལྡོག་ནི་མཛོད་དགེ་རྫོང་གི་མུའུ་ཁྲི་8ལྷག་གི་བྱེ་འགྱུར་ས་ཆར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པའི་བསྡུས་རིས་ལྟ་བུ་ཡིན་ཞིང་། དེང་གི་མཛོད་དགེ་རུ་ཡུག་ཅིག་བྱེ་འགྱུར་ཟིན་པའི་ས་ཆ་མཐོང་རྒྱུ་མེད། 
    རྨ་ཆུའི་ཆུ་འགོ་དང་ཐག་ཉེ་ཞིང་། རི་མཐོ་དང་རྩྭ་ཐང་གཞི་རྒྱ་ཆེན་པོ་ལྡན་པ་དང་“སའི་གོ་ལའི་མཁལ་མ”ཞེས་པའི་མཚན་སྙན་ཡོད་པའི་འདམ་ར་རུ། མི་རྣམས་ཀྱིས་སྣང་ངོར“བྱེ་འགྱུར་”དང་མཛོད་དགེའི་བར་སྦྲེལ་ཐབས་བྱེད་དཀའ། “མཛོད་དགེའི་རྩྭ་ས་བྱེ་འགྱུར་གྱི་རྒྱུ་རྐྱེན་རྙོག་འཛིང་ཆེ་ཞིང་། དེ་ལ་རང་བྱུང་གི་རྒྱུ་རྐྱེན་ཡོད་ལ། མིའི་རྒྱུ་རྐྱེན་ཀྱང་ཡོད།”ཅེས་ཐུའུ་ཧྲེང་གིས་བཤད། 
   ནུབ་བྱང་གི་བྱེ་ཐང་ཆེན་པོ་དང་མི་འདྲ་ས་ནི། རྩྭ་ཐང་སྟེང་གི་བྱེ་མ་ནི་ཡུག་ཅིག་རེ་ཅིག་རེ་བྱས་ནས་ཡོད། “འདི་ནི་ཀོ་བའི་ཐིག་ལེ་དང་འདྲ་བས། མིག་ལའང་ཡག་པོ་ཞིག་མིན།”མཛོད་དགེ་ནགས་ཚལ་ཅུས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བཟོ་པ་ཙའོ་ལིང་གིས་སྔོན་ཆད་དགུན་ཁར་རླུང་གཡུག་དུས་བྱེ་མ་མཁའ་ལ་ཁྱབ་ཅིང་། སྒོ་རའི་ནང་དུའང་བྱེ་མ་མཐུག་པོ་སྤུངས་བཞིན་ཡོད་པས། གཙང་སྦྲ་ཡང་བྱེད་དཀའ་ཞེས་བཤད། 

    ཙའོ་ལིང་གིས་ཕྱིར་དྲན་བྱེད་པར་གཞིགས་ན། མཛོད་དགེའི་བྱེ་བཅོས་ལོ་རྒྱུས་ནི་དུས་རབས་གོང་མའི་ལོ་རབས་70པའི་མཇུག་བར་དེད་ཆོག དུས་རབས་གོང་མའི་ལོ་རབས་90ནས་བཟུང་གཞི་རྒྱ་ཆེན་པོའི་སྒོས་བྱེ་ཐང་ལ་“འགྲན་འཐབ་”བྱས་པ་རེད། རྒྱུ་འགྲོ་བའི་བྱེ་མར“སྒྲོག”རྒྱག་པའི་ཆེད། མཛོད་དགེའི་བྱེ་བཅོས་རྒན་རབས་པ་དག་གིས་“གླང་མའི་འགོག་ར”གསར་གཏོད་བྱས། “གླང་མའི་འགོག་ར” ནི་ནུབ་བྱང་ནས་ནང་འདྲེན་བྱས་པའི་བྱེ་འགོག་ཡོལ་སྒྲིབ་ལེགས་བསྒྱུར་བྱས་པ་ཡིན། 


    མཐོ་ཚད་ལ་སྨི་4དང་ཞེང་ཚད་ལ་སྨི་2ཡོད་པའི་གྲུ་བཞི་ནར་མོ་ཞིག་ཏུ་ཟུར་བཞིར་སོ་སོར་མཐེ་མོའི་སྦོམ་ཕྲའི་ལྕང་མའི་ཕུར་བ་བཏབ་ནས། ལྕང་མའི་ཕུར་བའི་བར་དུ་ལྕང་མའི་ཡལ་ག་སྣོལ་ནས་སྦྲེལ་བ་དང་། དྲ་བ་དྲ་ཕྱེད་འདི་དག་གིས་ཕན་ནུས་ལྡན་པའི་ངང་རླུང་ཤུགས་འགོག་ཐུབ་ཅིང་བྱེ་མ་སྲ་བརྟན་དུ་གཏོང་ཐུབ་ཡོད།

    དེང་སྐབས་ཀྱི་མཛོད་དགེ་རུ་རི་ལྡེབས་དང་གད་པ་ཁ་ཤས་ལ་སྔོ་ཁེབས་ཀྱིས་ཁེངས་ཡོད་པ་མཐོང་ཐུབ། “2007ལོ་ནས་2008ལོའི་བར། ང་ཚོས་གླང་མའི་འགོག་ར་ཚོད་ལྟ་བྱས་ཤིང་40%ལ་ཉེ་བ་ཙམ་གསོན་ཐུབ་ཡོད་པས། བསམ་ཡུལ་ལས་འདས་པའི་ཕན་འབྲས་བྱུང་། འདེབས་འཛུགས་དུས་ཚིགས་དམ་འཛིན་ཡག་པོ་བྱས་ཚེ། གླང་མའི་འགོག་རའི་གསོན་ཚད་ཇེ་མཐོར་འགྲོ་ཐུབ”ཅེས་ཙུའོ་ལིང་གིས་བཤད། གཞན་ཡང་། གླང་མའི་འགོག་རའི་ཚེ་སྲོག་ནི་ལོ་7ནས་8བར་ཡིན་ཞིང་། མཇུག་མཐར་རུལ་ནས་དབང་དུ་བཏང་ན་ཡང་བྱེ་མ་ལེགས་བཅོས་བྱེད་པར་ཕན་པ་ཡོད། 


     གླང་མའི་འགོག་ར་ཁྱབ་གདལ་བཏང་བ་དང་བསྟུན། མཛོད་གེ་རྫོང་གི་མུའུ་ཁྲི་8ཀྱི་བྱེ་འགྱུར་ས་ཆ་རིམ་བཞིན་སྲ་བརྟན་བྱུང་ནས། རྩི་ཤིང་སྐྱེ་ཐུབ་པའི་བྱེ་སར་གྱུར་ཡོད།

    མཛོད་དགེའི་བྱེ་འགྱུར་བཅོས་སྐྱོང་བྱེད་མཁན་གྱི་མིག་ལམ་དུ། གལ་ཏེ་ལོ་དང་པོར་ནོར་ཕྱུགས་ཀྱིས་བྱེ་སའི་རྩྭ་ཟོས་ནས་ལོ་རྗེས་མར་རང་ཤུགས་སུ་སྐྱེ་ཐུབ་ན། འདི་ནི་ལེགས་འགྲུབ་ཡོང་བའི་གོམ་སྟབས་དང་པོ་ཡིན་ཞིང་། གོམ་རིམ་གཉིས་པ་ནི་“བྱེ་འགོག”སྟེ་འབྲོག་པ་ཚོ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཞུགས་པར་འཇུག་རྒྱུ་དེ་རེད། 


     རྩྭ་ཐང་བྱེ་འགྱུར་བཅོས་སྐྱོང་ནི་ཡུན་རིང་གི་ལས་གྲྭ་ཞིག་ཡིན་ཏེ། བྱེ་འགྱུར་གྱི་རྩྭ་ས་བཅོས་དགོས་ན་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་འབད་པ་ལ་བརྟེན་དགོས། “སྔོན་རབས་པ་དག་གིས་བྱེ་འགྱུར་བཅོས་སྐྱོང་ཐད་དཀའ་ལས་ཧ་ཅང་མང་པོ་བརྒྱབ་ཡོད་ཅིང་། ད་ལྟ་དཔལ་འབར་དེ་མི་རབས་འདིའི་ལག་ཏུ་སྤྲད་པས་ང་ཚོས་བྱ་གཞག་འདི་རྒྱུན་ཆད་མེད་པར་བསྒྲུབ་དགོས ”ཞེས་ཐུའུ་ཧྲེང་གིས་བཤད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1