སྐབས་ཉི་ཤུ་པའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ཆབ་ཆ་རུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-03


བོད་ཡིག་སྨྱན་སྦྱོར་མི་སྣ་བརྒྱ་ལྷག་ཆབ་ཆ་རུ་འཛོམས།

        སྤྱི་ཟླ་8པའི་ཚེས་3ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆབ་གྲོང་རྡལ་བོད་ཡིག་ཆ་འཕྲིན་ལག་རྩལ་ལྟེ་གནས་སུ་བོད་ཡིག་འཕྲིན་སྦྱོར་བ་མི་བརྒྱ་ལྷག་མཉམ་འཛོམས་བྱུང་། ཐེངས་འདིའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་ནི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ལྷན་ཚོགས་ནས་གཙོ་སྒྲུབ་གནང་ཞིང་། མཚོ་ལྷོ་ཚགས་པར་ཁང་དང་མཚོ་ལྷོ་རྒྱང་བསྒྲགས་བརྙན་འཕྲིན་ཁང་། མཚོ་ལྷོ་བོད་ཡིག་ཆ་འཕྲིན་ལྟེ་གནས་དང་མཚོ་ལྷོ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་བྱས་པ་ཞིག་རེད། 
        ཚོགས་འདུ་རུ་མཚོ་ལྷོ་ཁུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝེ་ཞིན་ཧྭ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན་གྱིས་གསུང་བཤད་གནང་། མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དཔལ་འབུམ་ཐར་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན། ཀྲུང་གོ་བོད་ལྗོངས་བརྡ་འཕྲིན་ལྟེ་གནས་ཀྱི་བུ་ཆུང་ཐར། སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞུའེ་ཕིང་སོགས་ཞིང་ལྗོངས་ལྔའི་བོད་ཡིག་གསར་འགྱུར་ལས་སྒྲུབ་པ་མི་བརྒྱ་ལྷག་འགོ་ཚོགས་འདུར་ཞུགས།
        ཚོགས་འདུའི་འཚོག་ཡུན་ཉིན་ལྔ་ཡིན་ལ། ཉིན་ལྔའི་རིང་ཚོགས་ཞུགས་མི་སྣ་ཚོས་འགྲན་ཞུགས་བརྩམས་ཆོས་ལ་དཔྱད་ཞིབ་བྱ་རྒྱུ་དང་། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱ་རྒྱུ། ཡོངས་འཛིན་APPཔར་གཞི་གསར་པ་དང་ཡོངས་འཛིན་གཏག་ཐབས་ཀྱི་ཁྱབ་བསྒྲགས་ཚོགས་འདུ་འཚོག་རྒྱུ། བརྡ་ཆད་གསར་པ་ཞིབ་དཔྱད་གཏན་འབེབས་བྱ་རྒྱུ། མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་ཐོན་ལས་གླིང་དུ་ཆེད་དོན་བཅར་འདྲིའི་བྱེད་སྒོ་སྤེལ་རྒྱུ་སོགས་ཀྱི་ལས་དོན་བསྒྲུབ་རྒྱུ་རེད། 
        རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་གྲོས་མགོ་བཏོན་ཞིང་། 1998ལོ་ནས་ཕལ་ཆེར་ལོ་རེར་ཐེངས་རེར་འཚོགས་བཞིན་ཡོད་ལ། བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་ལྗོངས་ཞིང་ལྔས་རེས་སྐོར་ནས་གཙོ་སྒྲུབ་བྱེད་བཞིན་ཡོད་ལ། ཚོགས་འདུའི་ནང་དོན་གཙོ་བོ་ནི་བོད་སྐད་ཡིག་གི་ཐ་སྙད་གསར་བ་གཅིག་གྱུར་དང་ཚད་ལྡན་ངང་ཞིབ་དཔྱད་གཏན་འཁེལ་བྱ་རྒྱུ་དེ་ཡིན་ལ། བོད་སྐད་ཡིག་གི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་དཔྱད་འདེམས་དང་། སྨྱན་སྦྱོར་གྱི་ཆེད་དོན་བཅར་འདྲི་རྩ་འཛུགས་བྱེད་པ། ལྗོངས་ཞིང་ལྔའི་བོད་ཡིག་སྨྱན་སྦྱོར་བར་གྱི་མཉམ་འབྲེལ་ཉམས་མྱོང་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་དང་། བོད་ཡིག་གཙོ་རྒྱུགས་སྨྱན་སྦྱོར་གསར་གཏོད་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ། ཏང་དང་རྒྱལ་ཁབ་ཀྱི་གཏམ་རྒྱུད་བརྒྱུད་སྒྲོག་ཧུར་ཐག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གང་ལེགས་བྱས་ཏེ། བོད་ཁུལ་གྱི་བཅོས་སྒྱུར་འཕེལ་རྒྱས་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1