མཛོད་དགེས་ཐོན་ལས་རྣམ་གྲངས་སྤེལ་ནས་ཕྱུགས་ལས་ཇེ་ལེགས་སུ་བཏང་།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 08-04


     ཉེ་བའི་ལོ་ཤས་རིང་། ཏེ་དབྱང་གྲོང་ཁྱེར་གྱིས་མཛོད་དགེ་རྫོང་གི་ཐོན་ལས་དབུལ་སྐྱོར་ལས་དོན་ལ་མཐོང་ཆེན་བྱས་ཤིང་། མཛོད་དགེ་རྫོང་གི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ལེགས་ཆར་བརྟེན་ནས་བྱེད་ཐབས་གསར་གཏོད་བྱས་ཏེ། མཛོད་དགེ་རྫོང་གི་ཐོན་ལས་རྣམ་གྲངས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ནས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པར་ནུས་ཤུགས་ཕུལ།
     ནུས་ཤུགས་ཡོད་རྒུས་ས་གནས་མང་ཚོགས་ཀྱི་ཐོན་ལས་ཡོང་འབབ་མཐོ་རུ་གཏོང་ཆེད་དང་། གསོ་སྤེལ་ལས་རིགས་དང་བྲུག་འགོག་ཉེན་སེལ་གྱི་ནུས་པ་ཇེ་ཆེར་གཏོང་ཆེད། ད་ལོའི་ལོ་སྟོད་དུ་ཏེ་དབྱང་རིགས་མཐུན་རོགས་སྐྱོར་མཛོད་དགེ་རྫོང་རོགས་སྐྱོར་བཀོད་འདོམས་པུའུ་དང་རྫོང་ཞིང་ལས་ཚན་རྩལ་ཅུས་སོགས་ཀྱིས་ཕྱུགས་ཟོག་དྲོད་ཁང་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་གཞི་བཟོས་ཤིང་། མ་དངུལ་སྒོར་ཁྲི་200བཏང་ནས་བྱམས་མེ་དང་ཐང་སྐོར། དཔལ་སྐྱིད་སོགས་ཡུལ་ཚོ་དང་གྲོང་རྡལ་ལ་དྲོད་ཁང་100བསྐྲུན་པ་དང་། ཡུལ་ཚོ་དང་གྲོང་རྡལ་དེ་དག་གི་ཁྱིམ་ཚང་རེར་གསབ་དངུལ་སྒོར་ཁྲི་2ཙམ་སྟེར། མིག་སྔར་དྲོད་ཁང་དེའི་བརྒྱ་ཆ་60ལེགས་འགྲུབ་བྱུང་ཡོད་ལ། ད་ལོའི་ཟླ་10བའི་ཟླ་སྨད་དུ་ཡོངས་སུ་ལེགས་འགྲུབ་འབྱུང་ཐུབ།
     དཔལ་སྐྱིད་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་རིན་ཆེན་གྱིས། ད་ལོར་ཏེ་དབྱང་གྲོང་ཁྱེར་གྱིས་ང་ཚོའི་གྲོང་རྡལ་གྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་དམིགས་ཏེ་དྲོད་ཁང་བསྐྲུན་པ་དང་། དགུན་ཁར་ཕྱུགས་ཟོག་གིས་བདེ་བླག་ངང་གྲང་ངར་བརྒལ་ཐུབ་པར་འགན་བླངས་ཡོད་ཅེས་བཤད།
     དྲོད་ཁང་འཛུགས་སྐྲུན་ནི་ཏེ་དབྱང་གྲོང་ཁྱེར་གྱིས་མཛོད་དགེ་རྫོང་ལ་རོགས་སྐྲུན་བྱས་པའི་རྣམ་གྲངས་ཤིག་ཡིན་ཞིང་། རྒྱུས་ལོན་པ་ལྟར་ན། ད་ལོར་ཏེ་དབྱང་གྲོང་ཁྱེར་གྱིས་ཆོས་རྗེ་དང་དཔལ་སྐྱིད། ཨ་སྐྱིད། རྐྱང་ཚ་བཅས་ཡུལ་ཚོ་དང་གྲོང་རྡལ་བཅས་སུ་ཚད་ལྡན་དཔེ་སྟོན་རང་བཞིན་གྱི་ཕྱུགས་ར་དང་ཀྲུང་ལུགས་སྨན་རྩྭ་ཚོད་འདེབས་བྱེད་ས་སོགས་རྣམ་གྲངས་བསྐྲུན་རྩིས་ཡོད། དེའི་ཁྲོད་ད་ལོར་ཏེ་དབྱང་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་80བཏང་ནས་ཆོས་རྗེ་དང་དཔལ་སྐྱིད་སོགས་ཡུལ་ཚོ་དང་གྲོང་རྡལ་དུ་ཚད་ལྡན་གསོ་སྤེལ་ཕྱུགས་ར་7བསྐྲུན་ནས་ཉེ་འཁོར་གྱི་དབུལ་ཁྱིམ་35ལྷག་གི་ཡོང་འབབ་ཇེ་མང་དུ་གཏོང་བར་སྐུལ་ཁྲིད་བྱས་པ་དང་། མ་དངུལ་སྒོར་ཁྲི་25བཏང་ནས་དཔལ་སྐྱིད་དང་ཨ་སྐྱིད། རྐྱང་ཚ་སོགས་ཡུལ་ཚོ་དང་གྲོང་རྡལ་དུ་ས་མུའུ་30ལྷག་གི་ཁྲི་ཧྲའོ་དང་སྤང་སྤོས། སྙི་བ་སོགས་ཀྲུང་ལུགས་སྨན་རྩྭ་ཚོད་འདེབས་བྱས་ཤིང་། མ་དངུལ་སྒོར་ཁྲི་4བཏང་ནས་ཆོས་རྗེ་ཡུལ་ཚོ་བྱང་རྩེ་སྟོད་པ་གྲོང་སྡེ་རུ་གཟན་རྩྭ་མུའུ་200བཏབ།
     རྫོང་ཞིང་ལས་ཚན་རྩལ་ཅུས་ཀྱི་ཐོན་ལས་ཚན་ཁག་གི་འགན་ཁུར་བ་ཐེན་ཁྲིན་ལེན་གྱིས། 2020ལོར་ཏེ་དབྱང་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་309བཏང་ནས་མཛོད་དགེ་རྫོང་གི་འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས། ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་སོགས་འཛུགས་སྐྲུན་བྱས་ཤིང་། རྣམ་གྲངས་དེ་དག་ལག་བསྟར་བྱས་པ་བརྒྱུད་གཅིག་ན་མཛོད་དགེ་རྫོང་གི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་། གཉིས་ན་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སྒྱུར། གསུམ་ན་ཐོན་ལས་གཞི་ཁྱོན་ཅན་སུ་སྐུལ་སྤེལ་བཏང་ཡོད་ཅེས་བཤད།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1