ཞི་ཅིན་ཕིང་དང་ནེ་པ་ལའི་ཙུང་ཐུང་པན་ཏ་ལིས་ཀྲུང་ནེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 08-04



       ཟླ་8ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ནེ་པ་ལའི་ཙུང་ཐུང་པན་ཏ་ལི་རྣམ་གཉིས་ཀྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུཌ་ནས་ལོ་65འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
       ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། ཀྲུང་ནེའི་དབར་གྱི་མཛའ་གྲོགས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་65ཡི་རིང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་བ་དང་གཉིས་ཁེ་མཉམ་ལས་གཏིང་ཟབ་བྱས་ཡོད། ན་ནིང་ང་དང་ཙུང་ཐུང་པན་ཏ་ལིའི་དབར་ཕན་ཚུན་འཚམས་འདྲི་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དང་དར་རྒྱས་ལ་ཁ་ཕྱོགས་པའི་མི་རབས་ནས་མི་རབས་བར་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱུང་ཡོད། རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱས་ཏེ་ཏོག་གསར་གློ་ཚད་རིམས་ནད་ལ་མཉམ་དུ་འགོག་རྒོལ་བྱས་ནས་ཀྲུང་ནེའི་མཛའ་གྲོགས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད། ངས་ཀྲུང་ནེའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་པན་ཏ་ལི་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ཆེ་བའི་བདེ་རྩ་སྐྲུན་འདོད་དང་ས་ཁུལ་བརྟན་ལྷིང་དང་འཕེལ་རྒྱས་ཆེད་སྟོབས་ཤུགས་ཆེན་པོ་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་ཡོད།
       པན་ཏ་ལིས་རྟེན་འབྲེལ་གློག་འཕྲིན་ནང་། ནེ་ཀྲུང་གི་མཛའ་གྲོགས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ལ་རྨང་གཞིའང་ཧ་ཅང་བརྟན་པོ་ཡོད། ཕྱི་འབྲེལ་བཙུགས་ཚུན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་རྒྱ་བསྐྱེད་དང་གཏིང་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་འདུ་ཤེས་བཏོན་པར་ནེ་པ་ལ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ལ། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ནང་ཧུར་ཐག་ཞུགས་ནས་མཉམ་སྐྲུན་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བྱ་ཐབས་ནུས་ལྡན་སྤྱད་ནས་ཏོག་གསར་གློག་ཚད་རིམས་ནད་གཏན་འགོག་བྱས་པར་ནེ་པ་ལ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་ལ་རིམས་འགོག་ཐད་རྒྱབ་སྐྱོར་ཆེན་པོ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེའང་ཞུ་རྒྱུ་ཡིན། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་རྒྱ་ཁྱབ་ཀྱི་ངོས་འཛིན་གཅིག་མཐུན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་ཡོད།
       ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ནེ་པ་ལའི་ཙུང་ལི་ཨའོ་ལིས་ཀྱང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ཞིང་། ལི་ཁེ་ཆང་གིས་རྟེན་འབྲེལ་གློག་འཕྲིན་ནང་། འདི་ལོ་ཤར་ཚུན་ཀྲུང་ནེ་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པས་རྒྱལ་ཁབ་གཉིས་པོའི་ཕན་ཚུན་ཡིད་ཆེས་དང་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད། ཨའོ་ལི་ཡིས་རྟེན་འབྲེལ་གློག་འཕྲིན་ནང་། ཕྱི་འབྲེལ་བཙུགས་ཚུན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་དང་། བརྟན་པོ། སྐྱོན་བྲལ་བཅས་ཀྱི་སྒོ་ནས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། ནེ་པ་ལ་ཕྱོགས་ནས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་ཀྲུང་གོ་ཕྱོགས་ནས་རྒྱབ་སྐྱོར་གནང་བར་ནེ་པ་ལ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་ལས་གཏིང་ཟབ་བྱས་ཏེ་དཔལ་འབྱོར་སླར་གསོ་ཡོང་བ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1