ཨ་རིས་འདར་སྒྲ་ཕྱི་རྒྱལ་པར་གཞི་སོགས་ཀྲུང་གོའི་མཉེན་ཆས་ལ་འགོག་རྐྱེན་བཟོ་བའི་འཇིགས་སྐུལ་བྱས་པར་ཕྱི་འབྲེལ་པུའུ་ཡིས་མཐའ་གཅིག་ཏུ་རྒོལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-05



    ཟླ་8ཚེས་3ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་བསྟན་དོན། ཨ་རི་ཕྱོགས་ཀྱིས་དཔང་རྟགས་གང་ཡང་འདོན་མི་ཐུབ་པར་བརྟེན་འབྲེལ་ཡོད་ཁེ་ལས་ལ་ཉེས་ཡོད་རིགས་འདེད་བྱས་པ་མ་ཟད་འཇིགས་སྐུལ་བྱས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་། ཨ་རི་ཕྱོགས་ཀྱི་མི་སྣ་ཁ་ཤས་ལ་དཔལ་འབྱོར་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་མཚམས་འཇོག་དགོས་པའི་འབོད་སྐུལ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་གང་བྱུང་དུ་སྤྱད་ནས་མཐོང་ཆུང་དང་གཞན་འབུད་ཀྱི་སྲིད་ཇུས་སྤེལ་མཚམས་འཇོག་རྒྱུ་འབོད་སྐུལ་བྱ་རྒྱུ་ཡིན། 
    ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ནས། གསར་འགོད་པ་ཞིག་གིས། ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་ཚེས་2ཉིན་བཅར་འདྲི་དང་ལེན་བྱེད་དུས། ཐེ་རོན་ཕུ་སྲིད་གཞུང་གིས་མགྱོགས་པོར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པ་ངོས་བཟུང་བའི་ཀྲུང་གོའི་མཉེན་ཆས་ལ་འགོག་ཐབས་སྤེལ་རྒྱུ་ཡིན་ཟེར་ཞིང་། དེའི་ནང་ལ་འདར་སྒྲ་ཕྱི་རྒྱལ་པར་གཞི་(TikTok)དང་སྐད་འཕྲིན་སོགས་འདུས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་དེའི་ཐད་ལ་དཔྱད་འཇོག་གང་ཞིག་ཡོད་དམ་ཞེས་དྲིས་པ་ལ། 
    ཝང་ཝུན་པིན་གྱིས། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན་རྒྱ་ཆེར་བཏང་བ་དང་། དཔང་རྟགས་གང་ཡང་འདོན་མི་ཐུབ་པའི་གནས་ཚུལ་འོག་འབྲེལ་ཡོད་ཁེ་ལས་ལ་ཉེས་ཡོད་རིགས་འདེད་བྱས་པ་མ་ཟད་འཇིགས་སྐུལ་ཡང་བྱས་པ་དེ་ཁྲོམ་རའི་དཔལ་འབྱོར་གྱི་རྩ་དོན་དང་འགལ་ཞིང་། ཨ་རིའི་ཕྱོགས་ཀྱི་དྲང་སྙོམས་དང་རང་དབང་སྲུང་སྐྱོང་བྱ་དགོས་ཞེས་པའི་གཡོ་ཟོལ་རང་བཞིན་དང་དཔེ་མཚོན་གྱི་ཚད་གཞི་ཉིས་བརྩེགས་དམར་རྗེན་དུ་བཏོན་པ་རེད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒོ་དབྱེ་དང་། ཕྱི་གསལ་ནང་གསལ། མཐོང་ཆུང་མི་བྱེད་པ་བཅས་ཀྱི་རྩ་དོན་ལས་འགལ་བ་ཞིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཟེར།
    “ང་ཚོས་ཨ་རི་ཕྱོགས་ཀྱི་མི་སྣ་ཁ་ཤས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབོད་སྒྲ་ནན་ཏན་ངང་ཉན་པ་དང་། རྒྱལ་ཁབ་ཁག་གི་ཚོང་རའི་བྱེད་པོས་ཨ་རིར་མ་རྩ་བཞག་ནས་གཉེར་སྐྱོང་བྱེད་པར་སྒོ་འབྱེད་དང་། དྲང་སྙོམས། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་འདོན་སྤྲོད་བྱེད་པ་དང་། དཔལ་འབྱོར་ཉོ་འཚོང་གི་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་མཚམས་འཇོག་དགོས་པ། རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན་གང་བྱུང་དུ་སྤྱད་ནས་མཐོང་ཆུང་དང་གཞན་འབུད་སྲིད་ཇུས་ཁྱབ་སྤེལ་གཏོང་བར་མཚམས་འཇོག་དགོས་པ་འབོད་སྐུལ་བྱ་རྒྱུ་ཡིན་”ཞེས་ཝང་ཝུན་པིན་གྱིས་དེ་ལྟར་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1