ཟླ་9པ་ནས་བཟུང་སྨན་རྫས་འདི་དག་གི་འགྲོ་སོང་རྩིས་ཞུ་བྱ་རྒྱུ་མིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-05



     ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ལས་ཁུངས་ཀྱིས《གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ཁྱབ་བསྒྲགས་བྱས་ཡོད། གནས་སྐབས་ལག་བསྟར་བྱ་ཐབས་དེ་རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་ཀྱི་ལས་དོན་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 2020ལོའི་ཟླ་9པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
   《གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ནང་། སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ནང་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། རྩ་དོན་ཐོག་ལོ་རེར་ལེགས་སྒྲིག་ཐེངས་རེ་བྱེད་དགོས་པ་བསྟན་ཡོད།
 ཟླ་9པ་ནས་བཟུང་། སྨན་རྫས་རིགས་འདི་བརྒྱད་ཀྱི་འགྲོ་སོང་རྩིས་ཞུ་བྱ་རྒྱུ་མིན་པ།
《གནས་སྐབས་ལག་བསྟར་བྱ་ཐབས》ནང་གཤམ་གསལ་གྱི་སྨན་རྫས་རིགས་8《གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག》ནང་མི་འཇུག་པའི་གཏན་འབེབས་ཁ་གསལ་བྱས་ཡོད།
(གཅིག)གཙོ་བོ་ལུས་ཟུངས་གསོ་བའི་ནུས་པ་ཐོན་པའི་སྨན་རྫས།
(གཉིས།)རྒྱལ་ཁབ་ཀྱི་རྩ་ཆེ་ཞིང་སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རྒྱུ་ཆ་འདུས་པའི་སྨན་རྫས།
(གསུམ།)ལུས་ཁམས་བདེ་སྲུང་སྨན་རྫས།
(བཞི)སྔོན་འགོག་རང་བཞིན་གྱི་རིམས་འགོག་སྨན་དང་སྦྲུམ་འགོག་སྨན་རིགས།
(ལྔ)མཚན་མའི་ནུས་པ་ཆེ་རུ་གཏོང་བ་དང་། སྐྲ་འཐོར་བ་འགོག་བཅོས། ཚོ་བྱང་དུ་འཇུག་བྱེད། མཛེས་བཟོ། ཐ་མག་གཅོད་པ། ཆང་གཅོད་པ་སོགས་ཀྱི་ནུས་པ་ཆེ་རུ་གཏོང་བའི་སྨན་རྫས།
(དྲུག)སྨན་བཅོས་རྣམ་གྲངས་ནང་བཅུག་པ་སོགས་ཀྱི་རྐྱེན་པས་ཁེར་རྐྱང་དུ་སྨན་རིན་བསྡུ་ཐབས་བྲལ་བའི་སྨན་རིགས།
(བདུན།)ཆང་གི་སྦྱོར་རྟ་དང་ཇའི་སྦྱོར་རྟ། སིལ་ཏོག་གི་དྲི་མ་ཅན་གྱི་སྨན་རྫས་སྣ་ཚོགས(དམིགས་བསལ་གྱི་གནས་ཚུལ་འོག་གི་བྱིས་པའི་སྨན་རྫས་ཕུད)དང་། ཁའི་ནང་འཛིན་རྒྱུའི་སྨན་དང་ལྦུ་བ་ཅན་གྱི་སྨན(དམིགས་བསལ་གྱི་གཏན་འབེབས་བྱས་པའི་གནས་ཚུལ་ཕུད)སོགས།
(བརྒྱད།)གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་གཏན་འབེབས་དང་མི་མཐུན་པའི་སྨན་རྫས་གཞན་དག་བཅས་ཡིན།
     གཞི་རིམ་ནས། སྨན་བཅོས་འགན་བཅོལ་བྱང་བུ་ནི་ལུས་ཁམས་བདེ་སྲུང་གི་ཐོན་རྫས་ཉོ་བ་དང་། མཚན་མའི་ནུས་པ་ཆེ་རུ་གཏོང་བའི་སྨན་རྫས་དང་། ཨ་རག་གི་སྦྱོར་རྟ་སོགས་ཉོ་བར་བཀོལ་བའི་གནས་ཚུལ་ཅུང་མང་། སྔོན་ཆད་ས་གནས་ཁ་ཤས་ཀྱི་སྨན་བཅོས་འགན་བཅོལ་སྲིད་ཇུས་ནང་ལས་བཟོ་བའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་བྱང་བུ་ཡིས་ལུས་ཁམས་བདེ་སྲུང་གི་ཐོན་རྫས་དང་འཚོ་བའི་མཁོ་ཆས་ཉོ་མི་ཆོག་པ་སོགས་བཏོན་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩ་རྐུ་སྤྱོད་བྱེད་པའི་དོགས་པ་ཡོད། སྔོན་ཆད་ཁོངས་གཏོགས་ས་ཁུལ་ཁོ་ནར་དོ་དམ་བྱེད་པ་དང་། ས་གནས་ཁག་གིས་ལག་བསྟར་བྱེད་ཐབས་མི་འདྲ། ད་ཐེངས་རྒྱལ་ཁབ་ཀྱིས་དངོས་སུ་ཡིག་ཆ་བཏོན་པ་དང་། སླད་ཕྱིན་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་སྨན་ཚོང་ཁང་གི་སྨན་བཅོས་འགན་བཅོལ་གྱི་ལྟ་སྐུལ་དོ་དམ་སྔར་བས་ནན་མོ་ཡོང་རྒྱུ་རེད།

 ལྡོག་ཕྱོགས་མིང་ཐོར་བཅུག་པ་སོགས་ཀྱི་གནས་ཚུལ་བྱུང་བའི་སྨན་རྫས་ཐད་ཀར་དུ་སྨན་རྫས་དཀར་ཆག་ནས་ཕྱིར་འཐེན་བྱ་རྒྱུ་རེད།

   《གནས་སྐབས་ལག་བསྟར་བྱ་ཐབས》ནང་། གཤམ་གསལ་གྱི་གནས་ཚུལ་གང་རུང་གཅིག་བྱུང་ནའང་། ཆེད་མཁས་པས་ཞིབ་དཔྱད་བྱས་རྗེས་ཐད་ཀར་《སྨན་རྫས་དཀར་ཆག》ནས་ཕྱིར་འདོན་རྒྱུ་རེད།
(གཅིག)སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྨན་རྫས་ཀྱི་ཆོག་མཆན་བཀོད་པའི་བདེན་དཔང་ཡིག་ཆ་ཕྱིར་འཐེན་དང་། ཕྱིར་བསྡུ་བའམ་ཡང་ན་ཐོ་ཁོངས་ནས་བསུབ་པའི་སྨན་རྫས།
(གཉིས།)འབྲེལ་ཡོད་སྡེ་ཁག་གིས་ལྡོག་ཕྱོགས་མིང་ཐོའི་ནང་བཀོད་པའི་སྨན་རྫས།
(གསུམ།)ནད་ཐོག་སྨན་བཅོས་ཀྱི་རིན་གོང་དང་། སྨན་ལོག་བྱུང་ཚུལ། སྨན་རྫས་ཀྱི་གྲོན་ཆུང་རང་བཞིན་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བཏང་ནས།  དཔྱད་དཔོག་བྱས་པ་བརྒྱུད་ཉེན་ཁ་དེ་ཡོང་འབབ་ལས་ཆེ་བའི་སྨན་རྫས།
(བཞི)མི་བདེན་རྫུན་སྒྲིག་སོགས་སྒྲིག་འགལ་གྱི་བྱ་ཐབས་ལ་བརྟེན་ནས《སྨན་རྫས་དཀར་ཆག》ནང་བཅུག་པའི་སྨན་རྫས།
(ལྔ།)རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཐད་ཀར་ཕྱིར་འཐེན་བྱེད་དགོས་པའི་གནས་ཚུལ་གཞན་དག་བཅས་ཡིན།
གཤམ་གསལ་གྱི་གནས་ཚུལ་གང་རུང་གཅིག་བྱུང་ནའང་། ཆེད་མཁས་པས་ཞིབ་དཔྱད་སོགས་གཏན་འཁེལ་གྱི་འགྲོ་རིམ་བསྒྲུབས་རྗེས།《སྨན་རྫས་དཀར་ཆག》ནས་ཕྱིར་འཐེན་ཆོག
(གཅིག)སྨན་བཅོས་ཁྱབ་ཁོངས་གཅིག་མཚུངས་ནང་། རིན་གོང་ངམ་ཡང་ན་འགྲོ་གྲོན་མངོན་གསལ་དོད་པོས་མཐོ་བ་མ་ཟད་ལུགས་མཐུན་གྱི་རྒྱུ་མཚན་མེད་པའི་སྨན་རྫས་དང་། 
(གཉིས)ནད་ཐོག་སྨན་བཅོས་ཀྱི་རིན་གོང་གནད་ལ་མི་འཁེལ་བ་དང་། དེ་བས་ལེགས་པའི་སྒོ་ནས་ཚབ་བྱེད་ཐུབ་པའི་སྨན་རྫས།
(གསུམ།)བདེ་འཇགས་རང་བཞིན་དང་། ནུས་ལྡན་རང་བཞིན། དཔལ་འབྱོར་རང་བཞིན་སོགས་ཀྱི་ཆ་རྐྱེན་དང་མི་མཐུན་པའི་སྨན་རྫས་གཞན་དག་བཅས་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1