དཔལ་བཟང་དང་གྲོང་མི་ཚོའི་དབུལ་སྒྲོལ་གཏམ་རྒྱུད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-06



     སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། མི་སྣའི་མིང་བྱང་། དཔལ་བཟང་། དཀར་མཛེས་ཁུལ་ལི་ཐང་རྫོང་ཡར་ཤོག་ཤང་ཡར་ཤོག་གྲོང་ཚོའི་གྲོང་མི་ཡིན།
     ཁོང་གིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱིས། “ཞབས་འདྲེན་མཁན”དུད་ཚང་དབུལ་པོ་ཞིག་ནས་འཚོ་བའི་ཆུ་ཚད་གྲོང་ཚོ་ཡོངས་ཀྱི་འབྲིང་རིམ་གོང་དུ་སླེབས་པ་དང་འབྲེལ་གྲོང་མིའི་སྣེ་ཁྲིད་དེ་ཐུན་མོང་ཐོག་དབུལ་སྒྲོལ་ཐུབ་པ་བྱས་པ་རེད། 2018ལོའི་ཟླ་9པར་དཔལ་བཟང་ལ་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འབད་འབུངས་ཡར་བརྩོན་བྱ་དགའ་ཐོབ་པ་རེད།
     ཟླ་7ཚེས་31ཉིན་གསར་འགོད་པ་དཔལ་བཟང་ཁྱིམ་དུ་བསྐྱོད་པས། ཁང་པ་གཙང་ཞིང་། བོད་བཟོའི་ཅོག་ཙེའི་སྟེང་དུ་བཏུང་བྱ་དང་ཞོར་ཟས་ཀྱིས་ཁེངས་པ་དང་ཕྱུར་བའི་དྲི་ཞིམ་འཐུལ་ཞིང་ཡོད། ཞིང་ཆེན་ཡོངས་ཀྱི“དབུལ་སྒྲོལ་འགག་སྒྲོལ་གྱི་འབད་འབུངས་ཡར་བརྩོན་བྱ་དགའ”ཞེས་པའི་གཟི་བརྗིད་མཚན་སྙན་ལ་བྱིལ་བྱིལ་བྱེད་བཞིན། དཔལ་བཟང་གིས་ཚོར་སྣང་ཟབ་མོའི་སྒོ་ནས“ད་ཆ་ང་ཚོའི་ཁྱིམ་གྱི་འཚོ་བའི་ཆུ་ཚད་སྔོན་ཆད་ལས་ཡག་ཏུ་ཕྱིན་སོང”ཞེས་བརྗོད།
     “ཚན་རིག་+དངོས་སྒྲུབ”ལ་བརྟེན་ནས་འབྲི་གཡག་གསོ་སྤེལ་དུད་ཆེན་ལ་གྱུར་པ།
     དཔལ་བཟང་ཁྱིམ་གྱིས་མི་རབས་ནས་མི་རབས་བར་ཞིང་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། དཀའ་སྤྱད་འབད་བརྩོན་གྱིས་རྨོ་འདེབས་བྱས་པའི་ས་ཞིང་མུའུ་4ལས་ཐོན་པའི་ནས་དང་། ཞོག་ཁོག པད་ཁ་བཅས་ཀྱིས་ནང་མི་ཚོ་འཚོ་ཐུབ་ཙམ་ལས་མེད། དེའི་ཁར་བུ་ཕྲུག་དང་རྒན་རྒོན་འཚོ་སྐྱོང་གི་ཁུར་པོ་ལྕི་པོ་དང་། གཅེན་མོ་གཡུང་དྲུང་ལྷ་མོ་ལོ་ན་ཆེ་ཞིང་ནད་མང་བས་འགྲོ་སོང་ཆེན་པོ་གཏོང་དགོས་པས་ནང་མི་ཚང་མའི་འཚོ་བ་ཧ་ཅང་ཁག་པོ་ཡོད། སྐབས་ཤིག་རིང་གྲོང་ཚོའི“ཞབས་འདྲེན་མཁན”དུད་ཚང་དབུལ་པོར་འགྱུར།
     གྲོང་ཚོའི་ལས་བྱེད་པས་ཐབས་བརྒྱ་ཇུས་སྟོང་ངང་ཁོང་ལ་ཁྲིད་སྟོན་བྱས་ཏེ། ཐོན་ལས་གསར་པ་འཕེལ་རྒྱས་གཏོང་དུ་བཅུག “‘དབུལ་པོར་འགྱུར་བར་སྐྲག་པའི’དབང་གིས་གང་ཡང་བྱེད་མི་ཕོད་པས།” དཔལ་བཟང་སེམས་སྡུག་ཚད་མེད་བྱུང་། ཤང་ཏང་ཨུད་དང་སྲིད་གཞུང་གི་ལས་བྱེད་པ་ཐེངས་མང་ཁོང་གི་ཁྱིམ་དུ་བསམ་བློའི་ལས་ཀ་བྱེད་པར་ཡོང་ནས་ཁ་ཏ་བསླབ་བྱ་ཡང་ཡང་བྱས་པས་དཔལ་བཟང་གིས་སེམས་ཐག་བཅད་དེ་གསོ་སྤེལ་ལས་རིགས་སྤེལ་འགོ་ཚུགས།
     དཔལ་བཟང་གིས་འབྲི་གཡག་གསོ་སྤེལ་དེ་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྤེལ་དང་ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་བྱེད་དགོས་པ་ཤེས་ཀྱི་ཡོད། 2016ལོར་ཁོང་གིས་གྲངས་ཉུང་ཡིད་རྟོན་དངུལ་བུན་བརྒྱུད་སྒོར་ཁྲི་5གཡར་ནས་འབྲི་གཡག་30ལྷག་ཙམ་ཉོས་པ་དང་། ཁོང་གིས་རང་འགུལ་ངང་ཤང་གི་ཕྱུགས་རིགས་སྨན་པའི་ས་ཚིགས་ཀྱི་ལག་རྩལ་པ་གདན་ཞུ་བྱས་ནས་ལག་རྩལ་གྱི་རྒྱབ་སྐྱོར་ཞུས་པ་རེད། ཞིང་ལས་ལག་རྩལ་པའི་མཛུབ་སྟོན་འོག་གྲང་འགོག་ཅུང་ལེགས་པའི་ལྷས་ར་བསྐྲུན་པ་དང་འབྲེལ། དུས་བཀག་ལྟར་ལྷས་རར་གཙང་སྦྲ་བྱས་ཏེ་འབྲི་གཡག་གི་སྐྱེ་འཕེལ་གནས་ཚུལ་ལ་ལྟ་ཞིབ་བྱེད་པ་དང་། དགུན་དུས་སུ་ཁོང་གིས་ལྷས་རའི་དྲོད་སྲུང་དང་རིམས་ནད་ཀྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ་གནད་དོན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་བྱེད་ཐབས་སྤྱོད་ཀྱི་ཡོད། གཟན་རྩྭ་དང་གཟན་ཆག་སྡེབ་སྒྲིག་ཡིན་ནའང་འདྲ། གསོ་སྤེལ་སྒྲིག་བཀོད་ཀྱི་འཁོར་སྐྱོད་ཡིན་ནའང་འདྲ། གནས་ཚུལ་ཞིབ་ཕྲ་ཚང་མ་ཐར་པར་མི་གཏོང་བས་ཁོང་གི་འབྲི་གཡག་ཁྲོད་དོ་དམ་ཡག་པོ་མ་བྱུང་བར་ཤི་བ་གཅིག་ཀྱང་མེད། དཔལ་བཟང་ནི་གྲོང་ཚོ་ཡོངས་ནང་ལག་རྩལ་ཡག་ཤོས་ཀྱི་འབྲི་གཡག་གསོ་སྤེལ་དུད་ཚང་དུ་གྱུར་ཡོད། དེ་དང་ཆབས་ཅིག་ཁོང་གིས་ཁྲོམ་རའི་གནས་ཚུལ་ལ་གཞིགས་ནས་དཀར་ཆུའི་ཐོན་རྫས་རྒྱ་མ་200ལྷག་ཙམ་རྫོང་དུ་བཙོངས་ཡོད། དེ་གཅིག་པོར་ཡོང་འབབ་སྒོར་10000ཙམ་ཟིན་ཡོད། “ཚན་རིག་+དངོས་སྒྲུབ”ལ་བརྟེན་ནས་དཔལ་བཟང་ལ་ཕན་འབྲས་བཟང་པོ་ཐོབ་པ་དང་ནང་མི་ཚང་མའི་འཚོ་བ་ཉིན་བཞིན་ཡག་ཏུ་ཕྱིན་ཡོད།
     ལག་རྩལ་བསླབ་ནས་གྲོང་མི་ཚོ་དབུལ་སྒྲོལ་ཡོང་བར་སྐུལ་ཁྲིད་བྱས་པ།
     རང་ཉིད་དབུལ་སྒྲོལ་བྱུང་ནས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རིང་། དཔལ་བཟང་གིས་རང་ཁྱིམ་ཁོ་ནར་བསམ་བློ་མ་བཏང་བར་དུད་ཚང་དབུལ་པོ་གཞན་དག་མཉམ་དུ་འཕེལ་རྒྱས་ཡོང་རྒྱུར་རོགས་རམ་བྱས་ཡོད།
     དཔལ་བཟང་གླེང་སྐབས། ཡར་ཤོག་གྲོང་ཚོའི་ཀྲུའུ་རེན་རྡོ་རྗེ་རྒྱལ་མཚན་གྱིས་མཐེ་བོང་བསྒྲེངས་ནས“ཁོང་གིས་རང་ཉིད་ཀྱིས་སྦྱངས་པའི་གསོ་སྤེལ་ཤེས་བྱ་དང་འཚོལ་ཞིབ་བྱས་པའི་ཉམས་མྱོང་སྟབས་བདེའི་ལག་རྩལ་ཆུང་ཆུང་ཞིག་ཏུ་ཕྱོགས་སྡོམ་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་མི་གཞན་ལ་བསླབ་སྟེ་དུད་ཚང་དབུལ་པོ་གཞན་དག་གིས་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད”ཅེས་བརྗོད། ལོ་37ལ་སླེབས་པའི་དུད་ཚང་དབུལ་པོ་ཨ་ཡེ་རྟག་ཏུ་དཔལ་བཟང་ཁྱིམ་དུ་བསྐྱོད་དེ་ཉམས་མྱོང་སྦྱོང་གི་ཡོད། འབྲི་གཡག་གཅིག་གྱུར་གསོ་སྤེལ་བྱེད་སྐབས། ཉིན་མོ་རི་ལ་དེད་ནས་འཚོ་བ་དང་། དགོང་མོ་གཟན་ཆག་སྟེར་ནས་ཉུང་དུ་མི་འགྲོ་བའི་འགན་ལེན་བྱས་ཡོད། དཔལ་བཟང་གི་ཁྲིད་སྟོན་འོག་གྲོང་ཚོ་ཡོངས་སུ་འབྲི་གཡག་གསོ་སྤེལ་དུད་ཚང་10མང་དུ་ཕྱིན་པ་དང་དུད་ཚང་རེས་ཆ་སྙོམས་འབྲི་གཡག་16གསོ་སྤེལ་བྱས་ཡོད། དུད་ཚང་དབུལ་པོའི་འབྲི་གཡག་གསོ་སྤེལ་དུད་ཚང་6མང་དུ་ཕྱིན་པ་དང་དུད་ཚང་རེས་ཆ་སྙོམས་འབྲི་གཡག་14གསོ་སྤེལ་བྱས་ཡོད།
     2017ལོའི་ཟླ་4པར་ཡར་ཤོག་གྲོང་ཚོས་གྲོང་ཚོ་རིམ་པའི་མཉམ་ལས་ཁང་གྲབས་འཛུགས་བྱེད་འགོ་ཚུགས་པ་རེད། དང་ཐོག་གྲོང་མི་ཁག་གཅིག་ཞུགས་འདོད་མེད་པར་མཉམ་ལས་ཁང་བཙུགས་ན་ཕྱིར་ལས་མི་བྱེད་པར་བསྐྱོད་དེ་ཡོང་འབབ་གསོག་རྒྱུར་ཤུགས་རྐྱེན་ཐེབས་པའི་སེམས་ཁྲལ་བྱེད་ཀྱི་ཡོད། 2017ལོའི་ཟླ་8པར་ཤ་མོ་ལས་སྣོན་ཐོན་ལས་གཙོ་བོར་བྱས་པའི་མཉམ་ལས་ཁང་བཙུགས་པ་རེད། དཔལ་བཟང་གིས་རང་དཔེ་གཞན་སྟོན་ངང་རང་འགུལ་གྱིས་རང་གིས་འཐུ་བའི་ཤ་མོ་མཉམ་ལས་ཁང་ལ་སྤྲད་དེ། དེ་ནས་རག་པའི་དངུལ་འཁྱེར་ནས་གྲོང་མིའི་མདུན་དུ་ངོམ་སྟེ། “མཉམ་ལས་ཁང་གིས་ཉིན་རེར་ཚོང་རའི་རིན་གོང་ལྟར་ཤ་མོ་བསྡུ་བ་དང་། རང་སར་རྩིས་བརྒྱབ་པས་ཉེན་ཁ་ཆུང་བ་དང་། ཟད་གྲོན་ཆུང་བ། དུས་ཚོད་དང་ནུས་ཤུགས་གྲོན་ཆུང་བྱེད་ཐུབ། མཉམ་ལས་ཁང་གིས་ཤ་མོ་ཇི་ཙམ་མང་བ་བསྡུས་ན། ལོ་མཇུག་ཏུ་ང་ཚོར་ཁེ་སྤོགས་བགོ་བཤའ་དེ་ཙམ་གྱིས་མང་བ་ཡོང་ཐུབ།” ཅེས་བརྗོད། དཔལ་བཟང་གི་སྐུལ་ཁྲིད་འོག་མཉམ་ལས་ཁང་གི་ཤ་མོ་ཉོ་སྒྲུབ་བྱེད་ཚད་ཉིན་རེ་བཞིན་མང་དུ་ཕྱིན་ཡོད། ལོ་མཇུག་ཏུ་བསྡོམས་རྩིས་བརྒྱབ་དུས་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་17བྱུང་བ་ཚང་མ་གྲོང་མི་ཚོར་བགོས་པ་རེད། 2017ལོའི་ལོ་མཇུག་ཏུ་ཡར་ཤོག་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་ཡོད། དཔལ་བཟང་དང་དུད་ཚང་43གྱིས་དབུལ་ཞྭ་ཕུད་ཡོད་པ་རེད། 

     ད་ཆ་དཔལ་བཟང་ཁྱིམ་གྱིས་འཚོ་བ་ཧ་ཅང་ཡག་པོ་སྐྱེལ་བཞིན་ཡོད། ན་ནིང་བུས་སྒོར་ཁྲི་2བཏང་ནས་ལག་བརྒྱུད་རླངས་འཁོར་ཆུང་གྲས་ཤིག་ཉོས་པས་རྫོང་གྲོང་དུ་བསྐྱོད་སྐབས་ཆར་རླུང་འཚུབ་ཀྱང་སྐྲག་དགོས་མེད། ད་ལོ་དཔལ་བཟང་གིས་ཁང་པ་རྙིང་པ་དེ་མཛེས་བཟོ་བྱས་ནས་ཁྱིམ་ཆས་གསར་པ་ཉོ་རྩིས་ཡོད་པ་རེད། “ང་ཚོའི་ནང་མིས་ལས་ཀ་ཡག་པོ་བྱས་ནས་དབུལ་སྒྲོལ་ཐུབ་རྗེས་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་རྒྱུ་ཡིན”ཞེས་བརྗོད།

http://tibet.people.com.cn/15819789.html


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1