མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་ལས་ཁུངས་བདུན་གྱིས་ད་ལོ་དང་སང་ལོར་རྒྱུན་མཐུད་སྒོས་ལྟ་སྦྱོང་གཞི་ཁྱོན་རྒྱ་བསྐྱེད་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 08-06


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས་བཞི་ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་དང་སང་ལོར་རང་རྒྱལ་གྱིས་རྒྱུན་མཐུད་སྒོས་ལྟ་སྦྱོང་གཞི་ཁྱོན་རྒྱ་བསྐྱེད་ཅིང་ལྟ་སྦྱོང་ལས་གནས་ཀྱི་སྤྱི་གྲངས་སྔོན་ལོ་དང་འདྲ་མཉམ་ཡིན་པ་དང་། ལྟ་སྦྱོང་སྤུས་ཚད་མཐོར་འདེགས་སུ་གཏོང་ངེས་ཡིན་ལ། དགོས་མཁོ་ཆེ་བའི་ན་གཞོན་རྣམས་རྩ་འཛུགས་བྱས་ཏེ་ལྟ་སྦྱོང་བྱ་འགུལ་ཁྲོད་ཞུགས་ཏེ། ཚད་མཐོན་པོས་ལས་ཞུགས་ལྟ་སྦྱོང་གིས་ལས་ཞུགས་བརྟན་འཇགས་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ངེས་རེད།
        ཉེ་ལམ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་ལས་ཁུངས་བདུན་གྱིས་ལས་ཞུགས་ལྟ་སྦྱོང་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་དང་རིམ་པ་སོ་སོའི་གསར་སྤེལ་ས་ཁུལ་དང་ཐོན་ལས་ར་བ།  ཚན་རྩལ་ར་བ་སོགས་རྒྱ་བསྐྱེད་ལྟ་སྦྱོང་ལས་ཁུངས་ལ་སྐུལ་མ་གཏོང་བ་དང་དེར་བརྟེན་ནས་རྒྱུན་མཐུད་སྒོས་ལྟ་སྦྱོང་ལས་གནས་འདོན་སྤྲོད་བྱེད་རྒྱུ་བརྟན་འཇགས་སུ་གཏོང་དགོས། དམངས་གཉེར་ཁེ་ལས་དང་རྒྱལ་གཉེར་ཁེ་ལས། ལས་དོན་ལས་ཁུངས། སྤྱི་ཚོགས་རྩ་འཛུགས། སྲིད་གཞུང་དངུལ་གཏོང་ལས་གཞི། ཚན་ཞིབ་ལས་གཞི་སོགས་ཁྱབ་ཁོངས་ཀྱི་ལས་གནས་ཕུན་སུམ་ཚོགས་པར་གཏོང་བ་དང་། སྔར་ལས་མང་པོའི་དོ་དམ་དང་ལག་རྩལ། ཚན་ཞིབ་རིགས་ཀྱི་ལས་གནས་གཅིག་བསྡུས་བྱས་ནས། སྣ་མང་ལྟ་སྦྱོང་དགོས་མཁོ་ཡོངས་སུ་སྐོང་དགོས་ཞེས་བསྟན།
        བརྡ་ཐོའི་ནང་བསྟན་དོན། ལྟ་སྦྱོང་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལྟ་སྦྱོང་རྩ་འཛུགས་ལག་བསྟར་ཚད་ལྡན་དུ་གཏོང་བ། ལྟ་སྦྱོང་མི་སྣའི་ཐོབ་ཐང་འགན་སྲུང་བྱེད་པ། བརྒྱུད་རིམ་ཡོངས་ཀྱི་ཞབས་ཞུ་བཟང་བོར་བསྒྲུབ་དགོས་པར་མ་ཟད། ལྟ་སྦྱོང་ལས་ཁུངས་ཀྱིས་ལྟ་སྦྱོང་དུས་ཡུན་ཐོན་པའི་མི་སྣ་བཀོལ་སྤྱོད་བྱེད་པ་དང་། བཀོལ་སྤྱོད་མ་བྱས་པའི་མི་སྣའི་རྗེས་མཐུད་ལས་ཞུགས་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབ་དགོས་པའི་སྐུལ་མ་གཏོང་དགོས་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1