བོད་ལྗོངས་ཀྱི་ལས་སྐྲུན་གསར་གཏོད་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་ཉིང་ཁྲི་ནས་སྤེལ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 08-07


         ཟླ8པའི་ཚེས5ཉིན། སྐབས་བཞི་བའི“ཀྲུང་གོའི་ཁྲོང་དབྱི”ལས་སྐྲུན་གསར་གཏོད་འགྲན་བསྡུར་ཆེན་མོའི་བོད་ལྗོངས་འགྲན་ཁུལ་གྱི་འདེམས་སྒྲུག་འགྲན་བསྡུར་དང་བོད་རང་སྐྱོང་ལྗོངས་ཀྱི་ལས་སྐྲུན་གསར་གཏོད་འགྲན་བསྡུར་ཆེན་མོ(བསྐྱར་བསྡུར་འགྲན་བསྡུར)བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་འགྲན་བསྡུར་གྱི་ཉིན་མོ་དང་པོ་བསུས་ཤིང་། ལྗོངས་ཕྱི་ནང་གི་རྣམ་གྲངས40ཙམ་ཆེད་མཁས་པས་ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད་འགྲན་བསྡུར་ནང་ཚུད་ཡོད་པ་རེད།
        ཐེངས་འདིའི་འགྲན་བསྡུར་ནི་ཟླ4བའི་ཚེས22ཉིན་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་ཤིང་། བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། བོད་ལྗོངས་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། བོད་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་སྒྲུབ་ཁང་། ཀོང་ཏུང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། དེ་མིན་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་སོགས་སྡེ་ཁག12ཀྱིས་མཉམ་འབྲེལ་ངང་གཙོ་སྒྲུབ་བྱས་པ་ཡིན།  དེ་ནི་ད་ལྟའི་བར་བོད་ལྗོངས་ཀྱི་ལས་སྐྲུན་གསར་གཏོད་རིགས་ཀྱི་ཚད་གཞི་ཆེས་མཐོ་བ་དང་གཞི་ཁྱོན་ཆེས་ཆེ་བའི་ལྗོངས་ཡོངས་རང་བཞིན་གྱི་འགྲན་བསྡུར་ཡིན་པ་དང་། འདེམས་སྒྲུག་བྱས་པའི་ཕུལ་བྱུང་རྣམ་གྲངས་དེ“ཀྲུང་གོའི་ཁྲོང་དབྱི”རྒྱལ་ཡོངས་འགྲན་བསྡུར་ཆེན་མོའི་ནང་ཞུགས་པའི་གོ་སྐབས་ཡོད།
        བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཐིན་ཀྲང་གཞོན་པ་ཟླ་བ་ཚེ་རིང་གིས་བཤད་རྒྱུར། འགྲན་བསྡུར་ནང་ཚུད་པའི་རྣམ་གྲངས་དེ་དག་འཕྲིན་སྦྲེལ་དྲ་བ་ཉེར་སྤྱོད་དང་། ཞིང་ཕྱུགས་ལས་གསར་བ། ཞིང་ལས་ཐོན་རྫས་གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད། གངས་ལྗོངས་ཀྱི་མཐོ་སྒང་གི་ཁྱད་ཆོས་མངོན་གསལ་ལྡན། འགྲན་བསྡུར་དེ་ནི་ཕུལ་བྱུང་ལས་སྐྲུན་གསར་གཏོད་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་ཤེས་རྟོགས་བྱེད་པའི་བྱ་ཐབས་གལ་ཆེན་ཡིན་ལ། བོད་ལྗོངས་ཀྱི་གསར་གཏོད་ཐོན་རྫས་དང་ལས་སྐྲུན་གསར་གཏོད་ཀྱི་རྣམ་པ་མངོན་པའི་སྟེགས་བུ་ཞིག་ཀྱང་ཡིན་ཟེར།
        ཟླ་བ་ཚེ་རིང་གིས་བཤད་རྒྱུར། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་ནམ་ཅན་དུ་གྱུར་རྗེས། བོད་ལྗོངས་ལས་སྐྲུན་ཞབས་ཞུ་ལས་བྱེད་པས་ལས་སྐྲུན་གསར་གཏོད་བྱེད་ཐབས་གསར་བ་བཏོན་ཏེ། ལས་སྐྲུན་གསར་གཏོད་ཞབས་ཞུ་བྱ་བའི་མ་ལག་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་དང་། ལས་སྐྲུན་ཞབས་ཞུའི་ནུས་ཤུགས་མཐོར་འདེགས་བཏང་སྟེ། ལས་སྐྲུན་པ་དངོས་འབྲེལ་དྲ་བའི་དཔལ་འབྱོར་དང་། སྟེགས་བུའི་དཔལ་འབྱོར། ཐད་གཏོང་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་རིགས་བསྒྱུར་བྱེད་པར་སྣེ་ཁྲིད་བྱས་ནས། བོད་ལྗོངས་ཀྱི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་བྱུང་བར་རོགས་སྐྱོར་བྱས་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1