གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༨ཚེས་༡༢ཉིན།

“མཛེས་ཤོས་ཀྱི་སྣེ་གསུམ་པ”ཡིས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་བསྐྲུན་པ།

     ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་གསལ། གངས་ལྗོངས་ས་མཐོའི་ཟླ་8པ་ནི་དུས་ཚིགས་མཛེས་ཤོས་ཤིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། བྱེད་ཐབས་སྣ་མང་སྤྱད་དེ་གངས་ཀྱིས་བཀླུབས་པའི་རི་ཀླུང་དང་སྔོ་ལྗང་རི་ཀླུང་སྲུང་སྐྱོང་བྱས་ཡོད། ད་ཆ་གངས་ལྗོངས་ས་མཐོ་འདི་ཉིད་མཛེས་སྡུག་ལྡན་པའི་ལྗང་མདོག་ས་མཐོར་གྱུར་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་བཞིན་ཡོད།
     ནགས་ཚལ་མང་དུ་སོང་བ་དང་བྱེ་ཐང་ཉུང་དུ་སོང་བས། ཆུ་མོ་དྭངས་བ་དང་རི་བོ་སྔོ་བའི་ས་མཐོའི་མཛེས་སྡུག་བཏོད་པ།
     དུས་རབས་གོང་མའི་དུས་དཀྱིལ་དུ། གནམ་གཤིས་སྐམ་ཤས་ཆེ་བས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་ལྷུན་རྩེ་ལུང་གཞུང་དུ་བྱེ་རླུང་དྲག་པོ་ལྡང་བས་ལོ་ཏོག་གསོན་ཐབས་བྲལ།
     “སྐབས་དེ་དུས་ལུང་གཞུང་དུ་བྱེ་འདམ་གྱིས་ཁེངས། ལྗང་མདོག་ཕལ་ཆེར་མཐོང་རྒྱུ་མེད”ཅེས་ལོ་73ལ་སླེབས་པའི་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་མང་མཚོ་གྲོང་ཚོའི་ཧྲུའུ་ཅི་རྒན་རབས་ལྷ་རྒྱལ་གྱིས་དྲན་གསོ་བྱེད་བཞིན་བཤད། རང་བྱུང་ཁོར་ཡུག་སྡུག་པོ་དེ་ལེགས་སུ་གཏོང་ཆེད། 1964ལོ་ནས་བཟུང་ལྷུན་རྩེ་རྫོང་གིས་སྐྱེ་འཚར་ཆེ་བའི་གླ་ཚེར་ཚོད་འདེབས་བྱེད་འགོ་ཚུགས་པ་རེད།
     མི་རབས་འགའ་ཤས་ཀྱིས་འབད་བརྩོན་བྱས་པ་བརྒྱུད། ད་ཆ་ལྷུན་རྩེ་རྫོང་གི་མིས་འདེབས་གླ་ཚེར་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་50.33ཟིན་པ་དང་། ནགས་ཚལ་ཁེབས་ཚད་40%ལས་བརྒལ་ནས། རིང་ཚད་སྟོང་སྨི་40ཡོད་པའི་སྔོ་ལྗང་ཁྱམས་རིང་ཞིག་ཆགས་ཡོད། དེ་སྔའི་སྐྱ་ཐེར་ཐེར་གྱི་ལུང་གཞུང་དེ་མི་རྣམས་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།
     རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས“གཙང་པོ་གཉིས་དང་ཆུ་བོ་བཞི”(ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ། ལྷ་སའི་སྐྱིད་ཆུ། མྱང་ཆུ། སེང་གེ་ཁ་འབབ། ཉང་ཆུ་བཅས)འབབ་རྒྱུད་ཀྱི་ནགས་བཟོ་སྔོ་འགྱུར་ལས་གྲྭ་གཙོ་གནད་དུ་བཟུང་ནས། རྨོ་བསྐྱུར་ནགས་གསོ་དང་བྱེ་འགོག་བྱེ་བཅོས་སོགས་ནགས་ལས་ཀྱི་གཙོ་གནད་ལས་གྲྭ་ལག་བསྟར་བྱས། བོད་ལྗོངས་ཀྱི་ཡར་ཀླུང་གཙང་པོའི་འབབ་རྒྱུད་དུ་དེ་སྔ“མིག་ལམ་དུ་མཐོང་རྒྱུ་བྱེ་མ་ལས་མེད་པ་དང་། རླུང་ཆེན་ལྡང་སྐབས་ཁྱིམ་ཡང་མཐོང་མི་ཐུབ་པའི”ལོ་རྒྱུས་དེ་མཇུག་འགྲིལ་ལ། ས་མཐོར“ལྗང་མདོག་གི་ཁ་བཏགས”སྒྲོན་ཡོད།

     བོད་རང་སྐྱོང་ལྗོངས་ཀྱི་ཐང་རྒོད་ཅན་དང་བྱེ་འགྱུར་ཅན་ལྟ་ཞིབ་ཚད་ལེན་ཐེངས་ལྔ་པའི་མཇུག་འབྲས་ལས་མངོན་པར་གཞིགས་ན། བོད་ལྗོངས་ཀྱི་བྱེ་འགྱུར་ས་ཞིང་སྣ་ཚོགས་ཀྱི་རྒྱ་ཁྱོན་དེ་སྔོན་ལས་སྤྱི་ཆིང་ཁྲི་3.5ཉུང་དུ་ཕྱིན་ཡོད་པ་དང་། ལོ་རེར་ཆ་སྙོམས་རྒྱ་ཁྱོན་སྤྱི་ཆིང་ཁྲི་0.7ཉུང་དུ་ཕྱིན་ཡོད་པས་བྱེ་འགོག་བྱེ་བཅོས་ལས་དོན་གྱི་ཕན་འབྲས་རིམ་བཞིན་མངོན་གྱི་ཡོད།


     འཆམ་མཐུན་མཉམ་གནས་བྱས་པས། ནགས་ཚལ་དང་རྩྭ་ཐང་སྲོག་ཆགས་ཀྱི་དགའ་ཚལ་དུ་འགྱུར།
     རླངས་འཁོར་བཏང་ནས་བྱང་ཐང་གི་རྩྭ་ཐང་ཆེན་པོ་བརྒྱུད་སྐབས། དུས་ངེས་མེད་དུ་གཙོད་ཁྱུ་དང་ཁྱུ་འཕྲད་སྲིད་ལ། འབྲོང་དང་། རྐྱང་སོགས་ཁྱུ་སྒྲིག་ནས་རྩྭ་ཐང་དུ་སོས་དལ་བག་ཕེབས་ངང་སྐྱོད་བཞིན་ཡོད་པ་མཐོང་ཐུབ། བོད་ལྗོངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་བསྟུན་ནས་མཚོ་བོད་ས་མཐོར་དམིགས་བསལ་དུ་ཡོད་པའི་རྨིག་པ་ཅན་གྱི་སྲོག་ཆགས་ཀྱི་ཁྱུ་ཚོགས་རིམ་བཞིན་སླར་གསོ་བྱུང་ཡོད།
     ཀརྨ་དཔལ་འབྱོར་ནི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གྲོང་གི་ཉེ་འགྲམ་དུ་སྡོད་ཀྱི་ཡོད། ཁོས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བ་ཞིག་བྱས་ནས་ལོ་14སོང་། ལོ་ལྟར་ཕྱི་རོལ་དུ་ལོ་ཕྱེད་ཙམ་སྐོར་ཞིབ་བྱེད་དགོས་ལ། གཅིག་པུས་སྤྱི་ལེ་བརྒྱ་ལྷག་ཙམ་ཟིན་པའི་མི་མེད་ཁུལ་དུ་སྐོར་ཞིབ་བྱེད་དགོས་ཀྱི་ཡོད། རྡོག་ཐོན་བྱེད་རིམ་བཞིན་ཁོས་དཔུང་རྟགས་དམར་པོ་གྱོན་ཞིང་། ལས་ཀའི་ལག་ཁྱེར་བཏགས་ནས་རྔོན་པ་རྣམས་ཟིལ་གྱིས་གནོན་གྱི་ཡོད།
     མཚོ་གཉིས་རྫོང་ཁོངས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་ལ་སྤྱི་ལེ་ངོས་གྲུ་ཁྲི་1.7ཙམ་ཡོད་པ་དང་། མི་མེད་ཁུལ་དུ་གནས་ལ་ས་ཁུལ་མང་ཆེ་བར་གཞུང་ལམ་ཤར་གཏོང་ཐུབ་མེད་པས་ཀརྨ་དཔལ་འབྱོར་གྱིས་རྟག་ཏུ་སྦག་སྦག་བཞོན་ནས་སྐོར་གཡེང་བྱེད་ཀྱི་ཡོད།
     རི་སྐྱེས་སྲོག་ཆགས་ཀྱིས་དུས་ཚིགས་དང་བསྟུན་ནས་གནས་སྤོ་བྱེད་དགོས་པས། ཀརྨ་དཔལ་འབྱོར་གྱིས་ཕྱི་རོལ་དུ་དེ་དག་གི་རྗེས་ཤུལ་འཚོལ་དགོས་ཀྱི་ཡོད། ཀརྨ་དཔལ་འབྱོར་གྱིས་རི་སྐྱེས་སྲོག་ཆགས་མཐོང་སྐབས་རྟག་ཏུ་འགྲོ་མཚམས་བཞག་ནས། དེ་དག་གི་ཁྱབ་སྟངས་ལྟ་ཞིབ་ཞིབ་ཚགས་བྱས་པ་དང་། དེ་དག་གི་གྲངས་ཀ་སྡོམ་རྩིས་བྱས་ཏེ། ནགས་ལས་སྡེ་ཁག་ལ་ཞུ་གི་ཡོད།

     མཚོ་གཉིས་རྫོང་དུ་ཀརྨ་དཔལ་འབྱོར་ལྟ་བུའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་ཁྱོན་74ཡོད་པ་རེད།


     མཛེས་པའི་བོད་ལྗོངས་ཀྱིས་ཁོར་ཡུག་དང་འཕེལ་རྒྱས་མཉམ་སྐྲུན་མངོན་འགྱུར་ཐུབ་པ།
     བོད་ལྗོངས་མཛེས་ཞིང་ལྟ་ན་སྡུག་པས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་བཀུག་གི་ཡོད། སྣོད་བཅུད་ཁོར་ཡུག་བཟང་པོ་དང་། ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་དང་རང་བྱུང་ཐོན་ཁུངས་ནི་བོད་ལྗོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྨང་གཞི་དང་ཆ་རྐྱེན་ཞིག་རེད།
     ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གིས་ས་ཁོངས་ཀྱི་ལེགས་ཆར་བརྟེན་ནས། ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། དེ་སྔའི་ཤང་དབུལ་པོ་ནས་གང་སར་སྐད་གྲགས་ཆོད་པའི་ཤང་ཕྱུག་པོར་གྱུར་ཡོད།
     “སྔོན་ཆད་ཤང་དུ་ཆ་རྐྱེན་ཞན་ཞིང་། ཁོར་ཡུག་ཟང་ཟིང་ཆེ་བ་རེད། ད་ལྟ་འགྲོ་ལམ་ཡངས་ཤིང་རྒྱ་ཆེ་ལ། གྲོང་ཚོའི་ནང་གཙང་སྦྲ་དོད་ལ་གྲ་འགྲིག་པོ་ཡོད་ཅིང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པས། འདི་གར་ཡུལ་སྐོར་དུ་ཡོང་མཁན་ཡང་མང་དུ་ཕྱིན་ཡོད། གྲོང་མི་ལ་ལས་ད་དུང་ཞིང་པའི་སྤྲོ་སྐྱིད་ཁང་བཙུགས་ནས‘ཡུལ་སྐོར་གྱི་ལྟོ་”བཟའ་ཡི་ཡོད”ཅེས་ཚལ་སྣེ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བས་བཤད།
     ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས“ལྗོན་ཤིང་མེད་པའི་གྲོང་ཚོ”དང་། “ལྗོན་ཤིང་མེད་པའི་དུད་ཚང”“ལྗོན་ཤིང་མེད་པའི་ཚན་པ”དང“ལྗང་མདོག་གིས་གྲོང་ཁྱེར་བསྐོར་བ”“རི་མགོར་ལྗོན་ཤིང་འཛུགས་པ”སོགས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་སྔ་རྗེས་སུ་སྤེལ་བ་དང་འབྲེལ་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། རང་བྱུང་ཁམས་ཆེན་པོ་རི་སྐྱེས་སྲོག་ཆགས་ལ་འཇོག་པ་དང་གདོད་མའི་སྐྱེ་ཁམས་སླར་གསོ་བྱས་ཡོད་པ་རེད། 2019ལོར་བོད་ལྗོངས་སུ་མི་4058ས་བབ་མཐོ་བའི་སྣོད་བཅུད་སྲུང་སྐྱོང་ཁུལ་ནས་སྤོས་ཡོད།

     ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨའོ་ལིའུ་ཆོན་གྱིས་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་བྱས་པ་དེས་མིའི་རིགས་ཀྱི་བྱེད་སྒོས་རྩྭ་ཐང་ལ་གནོད་འཚེ་དང་གཏོར་བཤིག་ཕོག་ཚད་ཆུང་དུ་བཏང་བ་མ་ཟད་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། དུས་མཚུངས། གནས་སྤོས་མང་ཚོགས་ལ་དོ་དམ་དང་ཁྲིད་སྟོན་བྱ་རྒྱུ་དང་། མང་ཚོགས་བདེ་སྡོད་བྱ་རྒྱུ། ལས་ཞུགས་གཞན་སྒྱུར་བྱ་རྒྱུ་སོགས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོ་བསྒྲུབས་ནས་གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་ཡོད་ཅེས་བརྗོད།

     སྣོད་བཅུད་ཁོར་ཡུག་ཡག་པོ་ནི་བོད་ལྗོངས་ཀྱི་མིང་བྱང་ཡག་ཤོས་དེ་རེད། 《2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་གནས་ཚུལ་གྱི་སྤྱི་བསྒྲགས》ལས་མངོན་པར་གཞིགས་ན། 2019ལོར་བོད་ལྗོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་དང་སྣོད་བཅུད་མ་ལག་སྤྱིའི་ཆ་ནས་བརྟན་པོ་ཡོད་ལ། དེ་སྔར་བཞིན་འཛམ་གླིང་ཐོག་གི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།


http://tibet.people.com.cn/15820162.html

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1