ཕུའུ་ཅིང་གིས་ཨུ་རུ་སུའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཐོག་མ་དེར་རྒྱལ་ཁབ་ཀྱི་ཐོ་འགོད་ཐོབ་ཡོད་ཅེས་བརྗོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-17



     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་11ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨུ་རུ་སུའི་འཕྲོད་བསྟེན་པུས་རྒྱལ་ཁབ་དེས་ཞིབ་བཟོ་བྱས་པའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཐོག་མ་དེར་རྒྱལ་ཁབ་ཀྱི་ཐོ་འགོད་ཐོབ་པ་དང་ཁོང་གི་བུ་མོར་རིམས་འགོག་སྨན་ཁབ་དེ་བརྒྱབ་པ་མ་ཟད། ཚོར་སྣང་ཡག་པོ་བྱུང་བས་མི་རིང་བར་འབོར་ཆེན་ཐོན་སྐྱེད་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
     ཚེས་11ཉིན་ཨུ་རུ་སུའི་ཙུང་ཐུང་དྲ་ཚུགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་། ཕུའུ་ཅིང་གིས་ཉིན་དེར་མོ་སི་ཁོ་ཀྲོའུ་རུ་གནས་པའི་ཙུང་ཐུང་ལས་ཤག་ཏུ་ཨུ་རུ་སུ་སྲིད་གཞུང་གི་དཔོན་རིགས་མང་པོ་དང་མཉམ་དུ་བརྙན་ལམ་ཚོགས་འདུ་འཚོགས་ཏེ་རིམས་འགོག་སྨན་ཁབ་དེ“ཅ་མ་ལེ་ཡ”ནད་ཡམས་དང་སྐྱེ་དངོས་ཕྲ་རབ་རིག་པའི་རྒྱལ་ཁབ་ཞིབ་འཇུག་ལྟེ་གནས་ཀྱིས་གཤེར་རྨེན་ནད་དུག་གཞི་རྟེན་དུ་བྱས་ནས་ཞིབ་བཟོ་བྱས་པ་ཞིག་ཡིན་པ་དང“རིམས་འགོག་སྨན་ཁབ་དེར་དགོས་ངེས་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་ཡོད་པས་དེས་ནུས་པ་འདོན་སྤེལ་གང་ལེགས་ཐུབ་སྟེ་ནད་འགོག་ནུས་པ་བརྟན་པོ་ཆགས་ཐུབ”ཅེས་བརྗོད་པ་རེད།
     ཕུའུ་ཅིང་གིས་ད་དུང་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་རང་བཞིན་དང་གོ་ཆོད་རང་བཞིན་འགན་ལེན་བྱེད་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བས་མི་རིང་བར་འབོར་ཆེན་ཐོན་སྐྱེད་བྱས་ཏེ་རིམས་འགོག་སྨན་ཁབ་མཁོ་མཁན་ཚང་མས་སྤྱོད་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1