བདེན་འཚོལ་དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དེང་རབས་ཀྲུང་གོའི་མར་ཁི་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གོ་རྟོགས་གསར་བ་གསར་འབྱེད་བྱེད་དགོས་ཞེས་པའི་རྩོམ་ཡིག་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 08-17


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་པར་དུ་བསྐྲུན་པའི་བདེན་འཚོལ་དུས་དེབ་སྐབས་བཅུ་དྲུག་པའི་སྟེང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བརྒྱད་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་ཏེ་དེང་རབས་ཀྲུང་གོའི་མར་ཁི་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གོ་རྟོགས་གསར་བ་གསར་འབྱེད་བྱེད་དགོས་ཞེས་པའི་སྤེལ་རྒྱུ་རེད། 
        གསུང་བཤད་ལས་ནན་གྱིས་བསྟན་དོན། མར་ཁི་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་ནི་མར་ཁི་སི་རིང་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཁག་ཅིག་ཡིན་པ་དང་། ང་ཚོས་མར་ཁི་སི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་དགོས་ངེས་ཀྱི་བསླབ་གཞི་ཡིན། མར་ཁི་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པས་མིའི་རིགས་ཀྱི་སྤྱི་ཚོགས་དང་ཁྱད་པར་དུ་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་དཔལ་འབྱོར་གྱི་འཁོར་སྐྱོད་ཆོས་ཉིད་མཚོན་ཡོད་པ་དང་། ང་ཚོའི་ཆབ་སྲིད་དཔལ་འབྱོར་རིག་པའི་རྩ་བ་ནི་མར་ཁི་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་ཁོ་ན་ཡིན་པ་ལས། དཔལ་འབྱོར་གཞུང་ལུགས་གཞན་པ་གང་ཡང་མི་རུང་། མར་ཁི་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པར་གསོན་ཤུགས་ལྡན་དགོས་པ་དང་ངེས་པར་དུ་བབ་བསྟུན་མདུན་སྐྱོད་བྱེད་དགོས། ང་ཚོས་རང་རྒྱལ་གྱི་གནས་ཚུལ་དང་ང་ཚོའི་འཕེལ་རྒྱས་ལག་ལེན་ལ་རྐང་བཙུགས་ནས། འཛམ་གླིང་དཔལ་འབྱོར་དང་རང་རྒྱལ་གྱི་དཔལ་འབྱོར་ཐད་ལྷགས་པའི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་གཏིང་ཟབ་ཏུ་ཞིབ་འཇུག་བྱེད་པ་དང་། ཁྱད་ཆོས་གསར་བ་དང་ཆོས་ཉིད་གསར་བ་མངོན་པར་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལག་ལེན་གྱི་ཆོས་ཉིད་རང་བཞིན་གྱི་གྲུབ་འབྲས་ལ་སྤྱི་བསྡོམས་བྱེད་པ་དང་། ལག་ལེན་ཉམས་མྱོང་དེ་མ་ལག་ཅན་གྱི་དཔལ་འབྱོར་རིག་པར་བསྒྱུར་ནས། རྒྱུན་ཆད་མེད་པར་དེང་རབས་ཀྲུང་གོའི་མར་ཁི་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གོ་རྟོགས་གསར་བ་གསར་འབྱེད་བྱེད་དགོས།
        གསུང་བཤད་ལས་བསྟན་དོན། ང་ཚོས་ནམ་ཡིན་ཡང་མར་ཁི་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་སློབ་སྦྱོང་དང་ཞིབ་འཇུག བེད་སྤྱོད་བཅས་ལ་མཐོང་ཆེན་བྱེད་པ་དང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ། ང་ཚོའི་ཏང་གིས་མར་ཁི་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལག་ལེན་གསར་བ་ཟུང་དུ་སྦྲེལ་ནས། རྒྱུན་ཆད་མེད་པར་མར་ཁི་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་སྟེ། དེང་རབས་ཀྲུང་གོའི་མར་ཁི་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གཞུང་ལུགས་གྲུབ་འབྲས་གལ་ཆེན་མང་བོ་ཆགས་པར་བྱས་ཡོད། གཞུང་ལུགས་གྲུབ་འབྲས་དེ་དག་མར་ཁི་སི་རིང་ལུགས་ཀྱི་བསྟན་བཅོས་ལས་གསུང་མེད་པ་དང་། བཅོས་བསྒྱུར་སྒོ་འབྱེད་མ་བྱས་གོང་ང་ཚོར་ཡང་དེའི་ཐད་ཀྱི་ལག་ལེན་དང་ངོས་ཟིན་མེད། དེང་རབས་ཀྲུང་གོའི་གནས་ཚུལ་དང་དུས་རབས་ཁྱད་ཆོས་ལ་འཚམ་པའི་ཆབ་སྲིད་དཔལ་འབྱོར་རིག་པ་ཞིག་ཡིན་ལ། ཤུགས་ཆེན་པོས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལག་ལེན་ལ་མཛུབ་སྟོན་བྱས་པར་མ་ཟད། མར་ཁི་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གོ་རྟོགས་གསར་བ་གསར་འབྱེད་བྱས་ཡོད་ཟེར། 
        གསུང་བཤད་ལས་བསྟན་དོན། འགྱུར་ལྡོག་ཆེ་བའི་འཛམ་གླིང་གི་དཔལ་འབྱོར་རླབས་རྒྱུན་ཁྲོད། རང་རྒྱལ་གྱི་དཔལ་འབྱོར་ལ་སྣེ་ཁྲིད་གང་ལེགས་བྱེད་ཐུབ་མིན་ནི་ང་ཚོའི་ཏང་གི་ཉམས་སད་ཆེན་པོ་ཞིག་རེད། ཧ་ཅང་རྙོག་འཛིང་ཡིན་པའི་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་དང་སྣ་མང་ཕུན་སུམ་ཚོགས་པའི་དཔལ་འབྱོར་སྣང་ཚུལ་གྱི་མདུན་ནས། མར་ཁི་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གཞི་རྩའི་རིགས་པའི་གཞུང་ལུགས་དང་བྱེད་ཐབས་ལ་སློབ་སྦྱོང་བྱས་ན། ང་ཚོས་ཚན་རིག་གི་དཔལ་འབྱོར་དབྱེ་ཞིབ་བྱེད་ཐབས་ཁོང་དུ་ཆུད་པ་དང་། དཔལ་འབྱོར་འཁོར་སྐྱོད་འཕེལ་རིམ་ལ་ངོས་འཛིན་བྱེད་པར་ཕན་ཐོགས་ཡོད་ལ། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ལ་ཁ་ལོ་བསྒྱུར་བའི་ནུས་པ་ཇེ་མཐོར་གཏོང་དགོས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞུང་ལུགས་དང་ལག་ལེན་གནད་དོན་ལ་ལན་འདེབས་དགོས་ཟེར། 
        གསུང་བཤད་ལས་བསྟན་དོན། མི་དམངས་སྙིང་བོར་བྱེད་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་གཏོང་བ་མི་དམངས་ཀྱི་ཆེད་ཡིན་པ་ནི་མར་ཁི་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གཞི་རྩའི་ལངས་ཕྱོགས་ཡིན་པ་དང་། དཔལ་འབྱོར་བྱ་བར་བཀོད་སྒྲིག་དང་དཔལ་འབྱོར་སྲིད་ཇུས་གཏན་འབེབས། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གང་ཡིན་ཡང་གཞི་རྩའི་ལངས་ཕྱོགས་དེ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། གསར་གཏོད་དང་མཐུན་སྦྱོར། ལྷད་མེད། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་དང་མར་ཁི་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་ལྟ་ཚུལ་མང་བོ་ཕན་ཚུན་འབྲེལ་ཡོད་ཡོད་ལ། འཕེལ་རྒྱས་འདུ་ཤེས་གསར་བས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་དཔལ་འབྱོར་འཕེལ་རྒྱས་ཀྱི་དཀའ་ཁག་ཐག་གཅོད་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་བསྐྲུན་བྱེད་དགོས་ཟེར། 
        གསུང་བཤད་ལས་བསྟན་དོན། ཐོན་སྐྱེད་རྒྱུ་ཆའི་དབང་བའི་ལམ་ལུགས་ནི་ཐོན་སྐྱེད་འབྲེལ་བའི་སྲོག་ཤིང་ཡིན་པ་དང་། སྤྱི་ཚོགས་ཀྱི་གཞི་རྩའི་ངོ་བོ་དང་འཕེལ་རྒྱས་ཁ་ཕྱོགས་གཏན་འཁེལ་བྱས་ཡོད། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་ཁྲིད་སྟོན་བྱས་ནས། དབང་བའི་ལམ་ལུགས་ཀྱི་ཆད་ལྷག་ཁ་གསབ་དང་ཕན་ཚུན་སྐུལ་འདེད། མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་གོ་གནས་གཙོ་བོར་གཡོ་འགུལ་འབྱུང་མི་རུང་བ་དང་། རྒྱལ་དབང་དཔལ་འབྱོར་གྱི་སྣེ་ཁྲིད་ནུས་པར་གཡོ་འགུལ་འབྱུང་མི་རུང་། རང་རྒྱལ་གྱི་ཡོང་འབབ་བགོ་བཤའི་ཁྲོད་གནས་པའི་འབུར་ཐོན་གནད་དོན་རེ་འགར་མཐོང་ཆེན་བྱས་ནས་སྒྲིག་ལུགས་རྐྱེན་སྲོལ་དང་བྱེ་བྲག་གི་སྲིད་ཇུས་འཐུས་ཚང་དུ་འཛུགས་དགོས་ལ། རྒྱལ་དམངས་ཡོང་འབབ་བགོ་བཤའི་རྣམ་པར་ལེགས་སྒྲིག་བྱེད་པ་དང་། བསྟུད་མར་མཁར་གྲོང་སྡོད་དམངས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་ནས་ཡོང་འབབ་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་བཅོས་བསྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་དང་མུ་མཐུད་དུ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་དང་ཚོང་རའི་དཔལ་འབྱོར་གྱི་ཟུང་འབྲེལ་ཐད་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར། 
        གསུང་བཤད་ལས་བསྟན་དོན། ཕྱི་ཕྱོགས་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་ནང་དང་རྒྱལ་སྤྱིའི་ཆེ་ཕྱོགས་ལ་གཅིག་གྱུར་བཀོད་འདོམ་བྱེད་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་ར་ཆེན་པོ་གཉིས་དང་ཐོན་ཁུངས་རིགས་གཉིས་བེད་སྤྱོད་གང་ལེགས་བྱས་ཏེ། རིམ་པ་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཧུར་ཐག་སྒོས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་ནང་ཞུགས་ནས། རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་དེ་འདྲ་མཉམ་དྲང་བདེན་དང་མཉམ་ལས་གཉིས་རྒྱལ་གྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རང་རྒྱལ་གྱི་འཕེལ་རྒྱས་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཤིང་། རིགས་སྣ་ཚོགས་ཀྱི་ཉེན་ཁར་དོགས་ཟོན་བྱས་ནས། རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1