༄༅།།དམངས་དོན་ཁྲིམས་གཞུང་དུ་ནར་མ་སོན་པའི་མི་ལ་འདི་ལྟར་སྲུང་སྐྱོབ་བྱས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-17



སྦྲུམ་བུ་ལའང་རྒྱུན་འཛིན་དང་འབུལ་སྐྱེས་ལེན་པའི་དབང་ཆ་ཡོད་པ།
        དཔེར་མཚོན། ཀླུ་རྒྱལ་དང་ཚེ་རིང་འཚོ་གཉིས་གཉེན་བསྒྲིགས་ནས་ཅང་མ་འགོར་བར།ཀླུ་རྒྱལ་ལ་འཁོར་བགེགས་བྱུང་སྟེ་ཚེ་ལས་འདས་བ་དང་།སྐབས་དེར་ཚེ་རིང་འཚོར་མངལ་སྦྲུམ་ནས་ཟླ་ངོ་བཞི་འགོར་ཡོད།རྗེས་སུ་ཀླུ་རྒྱལ་གྱི་རྒྱུ་ནོར་བགོ་བའི་ཕྱོགས་ནས་ཚེ་རིང་འཚོ་དང་སྒྱུག་པོ་སྒྱུག་མོའི་བར་ལ་འགལ་ཟླ་བྱུང་།ཚེ་རིང་འཚོའི་མངལ་དུ་ཡོད་པའི་སྦྲུམ་བུ་ལ་ཀླུ་རྒྱལ་གྱི་ཤུལ་ནོར་རྒྱུན་འཛིན་བྱེད་པའི་དབང་ཆ་ཡོད་དམ།
        དམངས་དོན་ཁྲིམས་གཞུང་གི་དོན་ཚན16པའི་ནང་གི་གཏན་འཁེལ་ལྟར་ན།ཤུལ་ནོར་རྒྱུན་འཛིན་དང་འབུལ་སྐྱེས་ལེན་པ་སོགས་སྦྲུམ་བུའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་དང་འབྲེལ་སྐབས།སྦྲུམ་བུ་དེ་ནི་དམངས་དོན་དབང་ཆ་ཡོད་པར་ངོས་འཛིན་དགོས་མོད།ཡིན་ནའང་མངལ་གནས་སྦྲུམ་བུ་དེ་བཙའ་བའི་སྐབས་སུ་ཚེ་ལས་འདས་ན།དེའི་དམངས་དོན་དབང་ཆའི་ནུས་པ་ནི་ཚེ་ལས་འདས་པའི་སྐབས་དེ་ནས་བཟུང་མེད་པར་གྱུར་པ་རེད།དོན་ཚན1155པའི་ནང་དུ“ཤུལ་ནོར་བགོ་བའི་སྐབས་སུ།སྦྲུམ་བུ་ལ་དབང་བའི་རྒྱུན་འཛིན་ཐོབ་སྐལ་དེ་ཤུལ་འཇོག་བྱེད་པ་དང་།སྦྲུམ་བུ་བཙའ་བའི་སྐབས་སུ་ཚེ་ལས་འདས་ན།ཤུལ་འཇོག་བྱས་པའི་ཤུལ་ནོར་དེ་ཁྲིམས་བཀོད་རྒྱུན་འཛིན་ལྟར་བགོ་དགོས”པ་གཏན་འཁེལ་བྱས་ཡོད།
        དོ་སྣང་བྱེད་དགོས་པ་ཞིག་ནི།དམངས་དོན་ཁྲིམས་གཞུང་གི་དོན་ཚན1009པའི་ནང་དུ།“མི་ལུས་རྒྱུད་རྒྱུ་དང་མི་ལུས་སྦྲུམ་སྲུང་སོགས་འབྲེལ་ཡོད་གསོ་རིག་དང་ཚན་རིག་རྟོག་ཞིབ་བྱ་བ་གཉེར་མཁན་དག་གིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ།རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་སོགས་བརྩི་སྲུང་བྱས་ཏེ།མི་ལུས་ཀྱི་བདེ་ཐང་ལ་གནོད་འཚེ་མི་གཏོང་བ་དང་མི་ཆོས་ཀུན་སྤྱོད་དང་མི་འགལ་བ།སྤྱི་པའི་ཁེ་ཕན་ལ་མི་གནོད་པ་བཅས་བྱེད་དགོས”པ་གཏན་འཁེལ་བྱས་ཡོད་པ་དང་།གཏན་འཁེལ་འདིས་ཉེ་བའི་ལོ་འགའི་རིང་གི་རྒྱུད་རྒྱུ་རྩོམ་སྒྲིག་སོགས་ཀྱི་ཚན་རྩལ་ཐད་ལ་དམར་ཐིག་བཀོད་ཡོད་པར་མ་ཟད།ཚེ་སྲོག་ཞིག་གི་ཆེས་ཐོག་མའི་དབང་ཆའི་ཐད་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད།

    བྱིས་པ་ལོ་གཅིག་ལ་མ་བུད་གོང་ཨ་ཕས་གཉེན་འཐོར་རྒྱུའི་རེ་འདུན་ཞུས་མི་ཆོག་པ།

         དཔེར་མཚོན། བསོད་ནམས་དང་ཚེ་སྐྱིད་གཉིས་ངོ་ཤེས་ནས་ཅང་མ་འགོར་བར་གཉེན་སྒྲིག་པ་དང་།གཉེན་བསྒྲིགས་རྗེས་གཤིས་ཀ་མི་མཐུན་པའི་དབང་གིས་རྒྱུན་དུ་འཛིང་རེས་བྱས་པ་རེད།ཚེ་སྐྱིད་ཀྱིས་ཕྲུ་གུ་བཙས་ནས་ཟླ་དྲུག་མ་འགོར་བར་བསོད་ནམས་ཀྱིས་ཁྲིམས་ཁང་ལ་གཉེན་འཐོར་རྒྱུའི་རེ་འདུན་ཞུས་པ་དང་།བསོད་ནམས་ཀྱི་རེ་འདུན་དེར་ཁྲིམས་ཁང་འཐད་པ་འབྱུང་ངམ།

དམངས་དོན་ཁྲིམས་གཞུང་གི་དོན་ཚན1082པའི་ནང་དུ“མོ་ཕྱོགས་ལ་མངལ་སྦྲུམ་པའི་སྐབས་དང་།ཕྲུ་གུ་བཙས་རྗེས་ཀྱི་ལོ་གཅིག་གི་ནང་།མངལ་བླངས་ནས་ཟླ་དྲུག་གི་ནང་བཅས་ལ་མོ་ཕྱོགས་ཀྱིས་རེ་འདུན་ཞུས་པའམ་ཡང་ན་མི་དམངས་ཁྲིམས་ཁང་གིས་ཕོ་ཕྱོགས་ཀྱི་རེ་འདུན་བདག་སྤྲོད་བྱེད་འོས་པར་འདོད་པའི་གནས་ཚུལ་ཡོད་ན་མ་གཏོགས་ཕོ་ཕྱོགས་ཀྱིས་གཉེན་འཐོར་རྒྱུའི་རེ་འདུན་ཞུས་མི་ཆོག”པ་གཏན་ཁེལ་བྱས་ཡོད།
        གཏན་འཁེལ་འདི་གཉེན་འབྲེལ་བཅའ་ཁྲིམས་ཀྱི་ནང་དོན་དང་མཐུན་ཞིང་།འདི་ནི་མོ་ཕྱོགས་ལ་མངལ་སྦྲུམ་པ་དང་ནུ་མ་སྣུན་པའི་སྐབས་སུ་ཕོ་ཕྱོགས་ཀྱིས་གཉེན་འཐོར་རེ་འདུན་ཞུ་བར་བཀག་འགོག་བྱས་པ་ཞིག་ཡིན་པས།བུད་མེད་དང་ཕྲུ་གུའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་ཅིག་རེད།གལ་ཏེ་གོང་གི་གནས་ཚུལ་དེ་དག་གི་ནང་མོ་ཕྱོགས་ཀྱིས་གཉེན་འཐོར་རྒྱུའི་རེ་འདུན་ཞུས་པའམ་ཡང་ན་ཁྲིམས་ཁང་གིས་མོ་ཕྱོགས་ལ་ནོར་འཁྲུལ་ཆེན་པོ་ཡོད་པ་ངོས་འཛིན་བྱས་ན། གཉེན་འཐོར་དུ་བཅུག་ཆོག 

ལོ་བརྒྱད་མན་གྱི་བྱིས་པ་ནི་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མི་ལྡན་པའི་མི་ཡིན།

        དཔེར་མཚོན། ལོ6ལ་བུད་མ་ཐག་པའི་དོན་གྲུབ་ཀྱིས་ཞོར་ཟས་ཉོ་ཆེད།ཨ་ཕའི་རིན་གོང་སྒོར་ཁྲི2ཅན་གྱི་དུས་ཚོད་འཁོར་ལོ་དེ་དུས་ཚོད་འཁོར་ལོ་ཞིག་གསོ་བྱེད་མཁན་ཞིག་ལ་བཙོང་བ་དང་།ཁྱིམ་བདག་གིས་ཤེས་རྗེས་དུས་ཚོད་འཁོར་ལོ་ཞིག་གསོ་བྱེད་མཁན་ལ་ཕྱིར་སློག་བྱེད་དགོས་པའི་རེ་བ་བཏོན་པར།དུས་ཚོད་འཁོར་ལོ་ཞིག་གསོ་བྱེད་མཁན་གྱིས་ཕྱིར་སློག་བྱེད་དགོས་སམ།
        དམངས་དོན་ཁྲིམས་གཞུང་གི་དོན་ཚན20པའི་ནང་དུ“ལོ8མ་ལོངས་པའི་བྱིས་པ་ནི་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མི་ཡིན་པས།ཁྲིམས་བཀོད་འཐུས་ཚབ་པས་དེའི་འཐུས་ཚབ་བྱས་ཏེ་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ལག་བསྟར་བྱེད་དགོས་པ”གཏན་འཁེལ་བྱས་ཡོད།
        ལོ8ནི་དམངས་དོན་ཁྲིམས་གཞུང་ནང་གི་ལོ་ཚོད་ཆེས་གལ་ཆེ་བ་ཞིག་ཡིན་ལ།དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མི་ནས་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མི་ཡི་བར་འཚམས་ཤིག་རེད།དེ་ལས་གཞན་ད་རུང་ཕ་མ་གཉིས་ཀ་གཉེན་འཐོར་རྗེས་ནར་མ་སོན་པའི་བྱིས་པ་སྙོར་སྐྱོང་བྱེད་པའི་གནད་དོན་དང་ནར་མ་སོན་པའི་མིའི་ཉར་གསོ་གནད་དོན་སོགས་ཀྱང་ལོ8ཀྱི་བར་འཚམས་དེ་ལ་འབྲེལ་བ་ཡོད།

ལོ8ལ་བུད་རྗེས་སྙོར་སྐྱོང་བྱེད་མཁན་བྱིས་པ་རང་ཉིད་ཀྱིས་ཐག་གཅོད་བྱེད་ཆོག

        དཔེར་མཚོན། སུས་སྙོར་སྐྱོང་བྱེད་པའི་ཐད་ནས་ཚེ་རིང་གི་ཕ་མ་གཉིས་ཀ་འཛིང་རེས་བྱས་པར་མ་ཟད་ཁྲིམས་ཁང་དུ་གཏུག་ནས་ཕན་ཚུན་ལ་གུ་ཡངས་གཏན་ནས་མི་གཏོང་བ་རེད།ཡིན་ནའང་ཚེ་རིང་ནི་ཨ་ཕ་དང་མཉམ་དུ་འདུག་འདོད་ཡོད་པས།ཁོའི་བསམ་འཆར་ལ་ཁྲིམས་ཁང་གིས་སྣང་འཇོག་བྱེད་དམ།
        དམངས་དོན་ཁྲིམས་གཞུང་གི་དོན་ཚན1084པའི་ནང་དུ“གཉེན་འཐོར་རྗེས།ལོ2མན་གྱི་བུ་ཕྲུག་ལ་ངེས་པར་དུ་ཨ་མས་སྙོར་སྐྱོང་བྱེད་པའི་རྩ་དོན་ལག་བསྟར་བྱེད་དགོས་པ་དང་།ལོ2ཡན་གྱི་བུ་ཕྲུག་གི་སྙོར་སྐྱོང་ཐད་ནས་ཕ་མ་གཉིས་ཀ་གྲོས་མཐུན་མི་ཡོང་ན།མི་དམངས་ཁྲིམས་ཁང་གིས་ཕྱོགས་གཉིས་ཀྱི་བྱེ་བྲག་གི་གནས་ཚུལ་ལ་བལྟས་ནས།བུ་ཕྲུག་ལ་ཆེས་ཕན་པའི་རྩ་དོན་ལྟར་ཐག་གཅོད་བྱེད་དགོས་ལ།བུ་ཕྲུག་ལོ8ལ་བུད་རྗེས་བུ་ཕྲུག་གི་འདོད་བློ་ངོ་མར་བརྩི་སྲུང་བྱེད་དགོས”པ་གཏན་འཁེལ་བྱས་ཡོད།
        དམངས་དོན་ཁྲིམས་གཞུང་གི་ནང་དུ་ཕ་མ་གཉིས་ཀ་གཉེན་འཐོར་རྗེས།བུ་ཕྲུག་གི་སྙོར་སྐྱོང་གནད་དོན་ཐད་ནས་ལོ་ཚོད་དབྱེ་འཚམས་གསུམ་དུ་བགར་ཡོད་དེ།ལོ2ལ་མ་བུད་གོང་ཨ་མས་སྙོར་སྐྱོང་བྱེད་པ་དང་།ལོ2ཡན་ལ་བུད་རྗེས་སྙོར་སྐྱོང་ཐད་ནས་གྲོས་འཆམ་མ་བྱུང་ན།བུ་ཕྲུག་ལ་ཆེས་ཕན་པའི་རྩ་དོན་ལྟར་ཐག་གཅོད་པ་དང་།ལོ8ལ་བུད་རྗེས་བུ་ཕྲུག་རང་ཉིད་ཀྱིས་ཐག་གཅོད་དགོས།
        ལོ་ཚོད་ཀྱི་དབྱེ་འཚམས་དེས། དམངས་དོན་ཁྲིམས་གཞུང་གིས་ནར་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོབ་བྱེད་ཚད་ཇེ་ཆེར་བཏང་བར་མ་ཟད།ཁྲིམས་འཛིན་འདྲི་གཅོད་ལས་ཁུངས་ལ་འདྲི་གཅོད་ཀྱི་ཚད་གཞི་གསལ་བོ་འདོན་སྤྲོད་བྱས་ཡོད།

ལོ8ཡན་གྱི་བྱིས་པ་ནི་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེངས་པའི་མི་ཡིན།

        དཔེར་མཚོན། ལོ10ཅན་གྱི་རིག་བྷས་ཨ་ཕས་མི་ཤེས་པའི་གནས་ཚུལ་འོག་ཨ་ཕའི་ལག་ཁྱེར་ཁ་པར་གྱི་སྟེང་ནས་བསྡོམས་པས་སྒོར་ཁྲི10ལྷག་གི་རོལ་རྩེད་མཚོན་ཆ་ཉོས།ཨ་ཕས་ཤེས་རྗེས་རོལ་རྩེད་དྲ་ཚིགས་ལ་སྒོར་མོ་ཕྱིར་སློག་བྱེད་དགོས་པའི་རེ་བ་བཏོན་ཆོག་གམ།
        དམངས་དོན་ཁྲིམས་གཞུང་གི་དོན་ཚན19པའི་ནང་དུ“ལོ8ཡན་གྱི་བྱིས་པ་ནི་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མི་ཡིན་པས།དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་དགོས་ན་དེའི་ཁྲིམས་བཀོད་འཐུས་ཚབ་པས་འཐུས་ཚབ་བྱེད་པ་དང་དེའི་ཁྲིམས་བཀོད་འཐུས་ཚབ་པ་འཐད་པ་བྱུང་བའམ་ཡང་ན་རྗེས་སུ་ཁས་ལེན་བྱེད་དགོས་མོད།འོན་ཀྱང་རང་ཉིད་ཁེར་རྐྱང་གིས་ལག་བསྟར་བྱེད་ཐུབ་པའི་ཁེ་ཕན་ཁོ་ན་ཅན་གྱི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དང་ཡང་ན་དེའི་ལོ་ཚོད་དང་རིག་སྟོབས་དང་མཐུན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་ཆོག”པ་གཏན་འཁེལ་བྱས་ཡོད།

        དམངས་དོན་ཁྲིམས་གཞུང་གིས་མི་ཞིག་མངལ་དུ་སྦྲུམ་པ་ནས་ཚེ་ལས་འདས་པའི་བར་གྱི་ཚེ་སྲོག་དང་སྤྱི་ཚོགས་བརྒྱུད་རིམ་ཡོངས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད།ཨ་མའི་མངལ་ནང་དུ་ཡོད་པའི་སྦྲུམ་བུ་དང་འཇིག་རྟེན་གྱི་འགྲོ་ལུགས་མི་ཤེས་པའི་བྱིས་པ།སྐྱེས་སྟོབས་ཀྱི་དཔལ་འབར་བའི་ན་གཞོན་སུ་ཞིག་ཡིན་རུང་།དམངས་དོན་ཁྲིམས་གཞུང་གི་ནང་དུ་དེས་ལོངས་སུ་སྤྱད་ཆོག་པའི་དབང་ཆ་དང་འཁུར་འོས་པའི་འོས་འགན་གསལ་བོར་བཀོད་ཡོད།

དཔེར་ན་རིག་བྷས་རང་ཉིད་ཀྱིས་དུས་རྒྱུན་གསོག་འཇོག་བྱས་པའི་ལག་དངུལ་སྒོར་བཅུ་ཕྲག་འགའ་སྤྱད་དེ་རྩེད་ཆས་ཉོས་ན།དེ་ནི་རིག་བྷའི་ལོ་ཚོད་དང་རིག་སྟོབས་ལ་མཐུན་པའི་བྱ་སྤྱོད་ཡིན་པས།ཕ་མས་ཚོང་བར་ཕྱིར་སློག་བྱེད་དགོས་པའི་རེ་བ་བཏོན་མི་ཆོག་པ་ལྟ་བུ།
        དམངས་དོན་ཁྲིམས་གཞུང་གི་དོན་ཚན145པའི་ནང་དུ“དམངས་དོན་བྱ་སྤྱོད་ནུས་པར་ཚོད་འཛིན་ཐེབས་པའི་མིས་ལག་བསྟར་བྱས་པའི་ཁེ་ཕན་ཁོ་ན་ཅན་གྱི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དང་ཡང་ན་དེའི་རིག་སྟོབས་དང་ལོ་ཚོད།བསམ་བློའི་བདེ་ཐང་གནས་ཚུལ་སོགས་དང་མཐུན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ནི་ནུས་ལྡན་ཡིན་ལ།ལག་བསྟར་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་གཞན་པ་ནི་ཁྲིམས་བཀོད་འཐུས་ཚབ་པ་འཐད་པ་བྱུང་བའམ་ཡང་ན་རྗེས་སུ་ཁས་ལེན་བྱས་རྗེས་ད་གཟོད་ནུས་ལྡན་ཡིན”པ་གཏན་འཁེལ་བྱས་ཡོད།

བྱིས་པ་ཉར་གསོ་བྱེད་པར་ལོ14ཡི་ལོ་ཚོད་ཚད་བཀག་མེད་པར་བཟོས་པ།

        དཔེར་མཚོན། སྒྲོལ་མ་ནི་མི་བསླུས་འཚོང་བྱེད་མཁན་གྱི་ལག་ནས་བསྐྱབས་པའི་བྱིས་པ་ཞིག་ཡིན་ལ།ཡིད་ཕངས་པ་ཞིག་ལ་མོའི་ཕ་མ་ངོ་མ་ད་རག་བར་དུ་མ་རྙེད་པ་རེད།ད་ལོ་ལོ15ལ་བུད་པའི་སྒྲོལ་མ་ཁྱིམ་ཚང་གཞན་པས་སྙོར་སྐྱོང་བྱེད་ཆོག་གམ།
        དམངས་དོན་ཁྲིམས་གཞུང་གི་དོན་ཚན1044པའི་ནང་གི་གཏན་འཁེལ་ལྟར་ན། ཉར་གསོ་བྱེད་ན་ངེས་པར་དུ་ཉར་གསོ་བྱ་ཡུལ་ལ་ཆེས་ཕན་པའི་རྩ་དོན་བརྩི་སྲུང་བྱེད་དགོས་པ་ལས།ཉར་གསོ་བྱེད་པར་ཁ་གཡར་ཏེ་ནར་མ་སོན་པའི་མི་ཉོ་འཚོང་བྱེད་པ་གཏན་འགོག་བྱེད་དགོས།
        ད་སྤྱོད་ཉར་གསོ་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན།ཉར་གསོ་བྱ་ཡུལ་ནི་ལོ14མན་གྱི་ནར་མ་སོན་པའི་མི་ཡིན་དགོས་པ་དང་།དེས་ལོ14ཡན་དང་ལོ18མན་གྱི་ནར་མ་སོན་པའི་མི་ནི་ཁྲིམས་དང་མཐུན་པའི་སྒོ་ནས་ཉར་གསོ་བྱེད་ཐབས་མེད་པ་མཚོན་ཡོད།དམངས་དོན་ཁྲིམས་གཞུང་གི་དོན་ཚན1093པའི་ནང་དུ“ལོ14ཡི་མན”ཞེས་པའི་ལོ་ཚོད་ཀྱི་ཚད་བཀག་དེ་མེད་པར་བཟོས་ཡོད།
        དམངས་དོན་ཁྲིམས་གཞུང་གི་དོན་ཚན1104པའི་གཏན་འཁེལ་ལྟར་ན། ལོ8ཡན་གྱི་ནར་མ་སོན་པའི་མི་ཉར་གསོ་བྱེད་ན།ངེས་པར་དུ་ཉར་གསོ་བྱ་ཡུལ་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་དང་། དོན་ཚན1114པའི་གཏན་འཁེལ་ལྟར་ན། ཉར་གསོ་བྱེད་མཁན་དང་ཉར་གསོ་སྤྲོད་མཁན་གཉིས་ཀ་གྲོས་མཐུན་བྱུང་ཡོད་ན་མ་གཏོགས། ཉར་གསོ་བྱེད་མཁན་གྱིས་ཉར་གསོ་བྱ་ཡུལ་ནར་མ་སོན་གོང་།ཉར་གསོ་འབྲེལ་བ་འཚམས་བཞག་མི་ཆོག་པ་དང་། ཉར་གསོ་བུ་ཕྲུག་ལོ8ཡན་ལ་བུད་ཡོད་ན་བུ་ཕྲུག་གི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་རེད།

ལོ16ཡན་གྱི་ནར་མ་སོན་པའི་མིའང་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཡོངས་རྫོགས་ཡོད་པའི་མི་རུ་ངོས་འཛིན་བྱེད་ཆོག

        དཔེར་མཚོན། འབྲུག་ཐར་གྱིས་མཐོ་འབྲིང་འགྲིམ་མ་ཚར་བར་ཕྱི་རོལ་དུ་སོང་ནས་གླ་བརྒྱབ་པ་དང་།ད་ལྟ་ལོ17ལ་བུད་མ་ཐག་པའི་ཁོར་རང་ཉིད་ལ་དབང་བའི་ཚོང་ཁང་ཆུང་ཆུང་ཞིག་ཡོད།འབྲུག་ཐར་གྱིས་རང་ཉིད་ཀྱི་ཡོང་སྒོ་སྤྱད་དེ་རླངས་འཁོར་ཞིག་ཉོ་བསམ་པར།ཕ་མ་གཉིས་ཀ་མི་འཐད་པ་རེད།བྱ་བ་དེ་འབྲུག་ཐར་གྱིས་རང་ཉིད་ཀྱི་འདོད་བློ་ལྟར་ཐག་གཅོད་བྱེད་ཆོག་གམ།
        དམངས་དོན་ཁྲིམས་གཞུང་གི་གཏན་ཁེལ་ལྟར་ན།ལོ18ཡན་གྱི་རང་བྱུང་མི་ནི་མི་དར་མ་ཡིན་ལ།མི་དར་མར་ད་གཟོད་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཡོངས་རྫོགས་ལྡན་པས།ཁེར་རྐྱང་གི་སྒོ་ནས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་ཆོག་མོད།འོན་ཀྱང་དམངས་དོན་ཁྲིམས་གཞུང་གི་དོན་ཚན18པའི་གཏན་འཁེལ་ལྟར་ན།ལོ16ཡན་གྱི་ནར་མ་སོན་པའི་མིས་རང་ཉིད་ཀྱི་ངལ་རྩོལ་ཡོང་སྒོར་བརྟེན་ནས་འཚོ་བ་རོལ་གྱིན་ཡོད་ན།དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཡོངས་རྫོགས་ལྡན་པར་ངོས་བཟུང་ཆོག་པ་རེད།

ནར་མ་སོན་གོང་འཁྲིག་སྤྱོད་གནོད་འཚེ་ཐེབས་ན་ལོ18ལ་བུད་རྗེས་སྔར་བཞིན་གཏུག་བཤེར་བྱེད་ཆོག

        དཔེར་མཚོན། ལྷ་མོ་ལོ7ཡིན་པའི་སྐབས་སུ་ཁྱིམ་མཚེས་ཚང་གི་ཕུ་བོས་འཁྲིག་སྤྱོད་གནོད་འཚེ་བཏང་ནའང་། ངོ་ཚ་དང་སྐྲག་སྣང་གི་དབང་གིས་ལྷ་མོས་བྱ་བ་དེ་ཕ་མ་སོགས་མི་གཞན་པ་གཅིག་ལའང་བཤད་མ་མྱོང་བ་རེད།ད་ལྟ་ལྷ་མོ་ལོ18ལ་བུད་ཡོད་པས།མོས་སྐབས་དེར་རང་ཉིད་ལ་འཁྲིག་སྤྱོད་གནོད་འཚེ་བཏང་བའི་མི་དེར་གནོད་འཚེའི་སྐྱིན་ཚབ་འཇལ་དུ་འཇུག་འདོད་མོད།འོན་ཀྱང་ལོ་ངོ་མང་པོ་འདས་ཟིན་པས།ཁྲིམས་ཁང་གིས་བདག་སྤྲོད་བྱེད་དམ།

        སྤྱིར་བཏང་གིས་བཤད་ན།མི་དམངས་ཁྲིམས་ཁང་ལ་དམངས་དོན་དབང་ཆར་སྲུང་སྐྱོབ་བྱེད་དགོས་པའི་རེ་འདུན་ཞུ་བའི་ནུས་ལྡན་དུས་ཡུན་ནི་ལོ་གསུམ་ཡིན་ལ།གཏུག་བཤེར་གྱི་ནུས་ལྡན་དུས་ཡུན་དེ་ནི་དབང་ཆ་ཡོད་པའི་མིས་རང་ཉིད་ཀྱི་དབང་ཆར་གནོད་འཚེ་ཐེབས་པ་ཤེས་པའམ་ཡང་ན་ཤེས་འོས་པའི་དུས་དེ་ནས་བརྩི་དགོས།
        དམངས་དོན་ཁྲིམས་གཞུང་གི་དོན་ཚན191པའི་ནང་དུ“ནར་མ་སོན་པའི་མི་ལ་འཁྲིག་སྤྱོད་གནོད་འཚེ་ཐེབས་པར་གནོད་འཚེའི་སྐྱིན་ཚབ་ཀྱི་རེ་འདུན་ཞུ་བའི་ནུས་ལྡན་དུས་ཡུན་དེ་ནི་གནོད་འཚེ་ཐེབས་པའི་མི་དེ་ལོ18ལ་བུད་པའི་ཉིན་དེ་ནས་བཟུང་བརྩི་དགོས”པ་གཏན་ཁེལ་བྱས་ཡོད་ལ།དེས་ནར་མ་སོན་གོང་འཁྲིག་སྤྱོད་གནོད་འཚེ་ཐེབས་ན་ལོ18ལ་བུད་རྗེས་སྔར་བཞིན་གཏུག་བཤེར་བྱེད་ཆོག་པ་མཚོན་ཡོད།
        མངོན་སུམ་གྱི་འཚོ་བའི་ཁྲོད།ནར་མ་སོན་པའི་མིའི་རིགས་སྟོབས་མ་རྒྱས་པའི་དབང་གིས།འཁྲིག་སྤྱོད་གནོད་འཚེ་ཐེབས་རྗེས་ངོ་ཚ་བ་དང་ཡང་ན་སྐྲག་སྣང་གིས་ལྟ་སྐྱོང་པར་མི་བཤད་པ་དང་།བཤད་པའི་དབང་དུ་བཏང་ནའང་ཁྱིམ་བདག་ཁ་ཤས་ཀྱིས་བྱིས་པའི་མཚན་སྙན་ལ་གནོད་པར་སྐྲག་ནས་གང་སར་མི་སྒྲོག་པ།ཡང་ན་འཁྲིག་སྤྱོད་གནོད་འཚེ་ལ་ཡིབ་གཤིས་ལྡན་པས།ལྟ་སྐྱོང་པས་དུས་ཐོག་ཏུ་གནོད་འཚེ་ཐེབས་པའི་དོན་དངོས་གནས་ཚུལ་ཤེས་དཀའ་བ་རེད།དམངས་དོན་ཁྲིམས་གཞུང་གི་གཏན་ཁེལ་དེས་ཁྲིམས་འཛུགས་ཀྱི་རིམ་པ་ནས་ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་ཚད་ཇེ་ཆེར་བཏང་བར་མ་ཟད།ཁྲིམས་འགལ་ཉེས་བསགས་མཁན་ལ་འཇིགས་སྐུལ་བའི་ནུས་པ་ཐོན་ཡོད།

ལྟ་སྐྱོང་ལམ་ལུགས་ཀྱི་ནང་དུ་གནས་སྐབས་ཀྱི་ལྟ་སྐྱོང་གཏན་འཁེལ་ཁ་སྣོན་བྱས་ཡོད།

        དཔེར་མཚོན། བཀྲ་ཤིས་ད་ལོ་ལོ5ཡིན་ལ།པྲོག་གསར་གློ་ཚད་རིམས་ནད་ཀྱི་སྐབས་སུ།ཁོའི་ཁྱིམ་མི་ཚང་མ་པྲོག་གསར་གློ་ཚད་རིམས་ནད་ཀྱི་དབང་གིས་ཟུར་དུ་བཀར་བས།བཀྲ་ཤིས་ལ་སུས་སྙོར་སྐྱོང་བྱེད་དགོས་སམ།
        དམངས་ཁྲིམས་སྤྱི་སྲོལ་ནང་གི་ཁྲིམས་བཀོད་ལྟ་སྐྱོང་པ་དང་མོས་འདུན་ལྟ་སྐྱོང་པ།དམིགས་བཙུགས་ལྟ་སྐྱོང་པ་ལས་གཞན་ད་རུང་།དམངས་དོན་ཁྲིམས་གཞུང་དུ་ཁ་ཆེམས་ལྟ་སྐྱོང་པ་དང་གྲོས་འཆམ་ལྟ་སྐྱོང་པ།གནས་སྐབས་ལྟ་སྐྱོང་པ་སོགས་རྣམ་པ་མང་པོ་ཁ་སྣོན་བྱས་ཏེ།“ཁྱིམ་ཚང་གི་ལྟ་སྐྱོང་ནི་རྨང་གཞི་དང་།སྤྱི་ཚོགས་ཀྱི་ལྟ་སྐྱོང་ནི་རམ་འདེགས།རྒྱལ་ཁབ་ཀྱི་ལྟ་སྐྱོང་ནི་མཐིལ་རྟོལ་བ”ཡི་ནར་མ་སོན་པའི་མིའི་ལྟ་སྐྱོང་ལམ་ལུགས་མ་ལག་ཅིག་བཙུགས་ཡོད།
        བཀྲ་ཤིས་འཕྲད་པའི་གནས་ཚུལ་དེའི་རིགས་ལ་དམངས་དོན་ཁྲིམས་གཞུང་ནང་གི“གནས་སྐབས་ལྟ་སྐྱོང་པ”ཡི་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱེད་ཆོག་ལ།ལམ་ལུགས་འདི་དང་འབྲེལ་བར་གཤམ་གྱི་དོན་ཚན་གསུམ་ཡོད་དེ།
        དམངས་དོན་ཁྲིམས་གཞུང་གི་དོན་ཚན31པའི་ནང་དུ“ལྟ་སྐྱོང་པ་གཏན་འཁེལ་བྱས་པའི་ཐད་ནས་རྩོད་གཞི་ཡོད་པ་དང་།གཏན་འཁེལ་མ་བྱས་གོང་ལྟ་སྐྱོང་བྱ་ཡུལ་གྱི་མི་ལུས་དབང་ཆ་དང་རྒྱུ་ནོར་དབང་ཆ།གཞན་ད་རུང་ཁྲིམས་མཐུན་ཁེ་དབང་གཞན་པར་སྲུང་སྐྱོབ་བྱེད་མཁན་མེད་ན།ལྟ་སྐྱོང་བྱ་ཡུལ་གནས་སའི་སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་།བཅའ་ཁྲིམས་ནང་གཏན་འཁེལ་བྱས་ཡོད་པའི་འབྲེལ་ཡོད་རྩ་འཛུགས་དང་། ཡང་ན་དམངས་སྲིད་སྡེ་ཁག་གིས་གནས་སྐབས་ལྟ་སྐྱོང་པའི་འགན་འཁུར་དགོས”པ་གཏན་འཁེལ་བྱས་ཡོད།
        དོན་ཚན34པའི་ནང་དུ“ཐོལ་བྱུང་དོན་རྐྱེན་སོགས་ཀྱི་བྲེལ་མྱུར་གནས་ཚུལ་འོག ལྟ་སྐྱོང་པས་གནས་སྐབས་སུ་ལྟ་སྐྱོང་གི་འགན་འཁུར་མ་ཐུབ་པར།ལྟ་སྐྱོང་བྱ་ཡུལ་གྱི་འཚོ་བར་སྙོར་སྐྱོང་བྱེད་མཁན་མེད་ན།ལྟ་སྐྱོང་བྱ་ཡུལ་གནས་སའི་སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། དམངས་སྲིད་སྡེ་ཁག་བཅས་ཀྱིས་ལྟ་སྐྱོང་བྱ་ཡུལ་ལ་དགོས་ངེས་ཀྱི་གནས་སྐབས་འཚོ་བའི་ལྟ་སྐྱོང་གི་འགན་འཁུར་དགོས”པ་གཏན་འཁེལ་བྱས་ཡོད།
        དོན་ཚན36པའི་ནང་དུ“ལྟ་སྐྱོང་པར་གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་ན།མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་མི་སྒེར་དང་རྩ་འཛུགས་ཀྱི་རེ་འདུན་ལྟར།དེའི་ལྟ་སྐྱོང་པའི་ཐོབ་ཐང་བླངས་ཏེ།དགོས་ངེས་ཀྱི་གནས་སྐབས་ལྟ་སྐྱོང་བྱེད་ཐབས་འདོན་དགོས་པར་མ་ཟད།ལྟ་སྐྱོང་བྱ་ཡུལ་ལ་ཆེས་ཕན་པའི་རྩ་དོན་གཞིར་བཟུང་ནས་ཁྲིམས་ལྟར་ལྟ་སྐྱོང་པ་གཏན་ཁེལ་བྱེད་དགོས”པ་གཏན་འཁེལ་བྱས་ཡོད།
        “གནས་སྐབས་ལྟ་སྐྱོང་པ”ནི་དམངས་དོན་ཁྲིམས་གཞུང་ནང་གསར་དུ་བསྣན་པའི་ལྟ་སྐྱོང་བྱེད་ཐབས་ཤིག་ཡིན་ལ།ཕ་མ་དང་ལྟ་སྐྱོང་པ་གཞན་པའི་ལྟ་སྐྱོང་གི་གནས་སྐབས་ཁ་གསབ་ཞིག་ཡིན་པས།ཕ་མ་དང་ལྟ་སྐྱོང་པ་གཞན་པར་དོན་རྐྱེན་བྱུང་བའི་སྐབས་སུ་ནར་མ་སོན་པའི་མི་ལ་ནུས་ལྡན་གྱི་ལྟ་སྐྱོང་ཐོབ་པའི་ཆེད་དུ་ཡིན་ནོ། །

(རྩོམ་ཡིག་འདིའི་ནང་གི་མི་མིང་ཚང་མ་བསྒྱུར་མིང་ཡིན།)



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1