གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

ཚེ་རིང་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༨ཚེས་༡༩ཉིན།

༄༅།། འཛམ་གླིང་ན་མིང་གྲགས་ཆེ་བའི་སློབ་གསོའི་གཏན་སྲོལ་སྐོར།


མཚོ་ལྷོ། ཚེ་རིང་སྒྲོལ་མ།
        བྱིས་པར་འཚར་ལོངས་འབྱུང་བའི་ཁོར་ཡུག་ཅི་འདྲ་ཞིག་བསྐྲུན་དགོས་པ་དང་། དགེ་རྒན་དང་ཕ་མས་སློབ་གསོ་ཇི་ལྟར་གནང་དགོས་པ་སོགས་ལ་སྔོན་བྱོན་སློབ་གསོ་མཁན་པོ་རྣམས་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱས་པའི་གཏན་སྲོལ་འགའ་ཞིག་ཀུན་ལ་རྔོ་ཐོགས་པར་སྙམ་པས་ངོ་སྤྲོད་ཙམ་ཞུ་བར་བྱ།

1. ཉ་བུམ་གཏན་སྲོལ། སེམས་ཁམས་ཀྱི་འཚར་ལོངས་ལ་རང་དབང་མཁོ།
        ཀུང་སི་ཞིག་གིས།ཉ་ཕྲུག་འགའ་ཉ་བུམ་ཆུང་ཆུང་ཞིག་ཏུ་གསོས།ལོ་འགའ་འགོར་རུང་ཉ་དེ་དག་གི་ལུས་པོ་སྔར་བཞིན་ཆེར་མ་བསྐྱེད། དེ་བས་མི་རྣམས་ཀྱི་སེམས་སུ་ཉ་ཕྲུག་དེ་དག་ནི་ལུས་པོ་ཆེར་ཆགས་རྒྱུ་མེད་པའི་ཉ་ཆུང་ཆུང་གི་རིགས་ཤིག་རེད་སྙམ།
        ཉིན་ཞིག་ལ། ཉ་བུམ་དེར་གློ་བུར་དུ་ཆག་ཀྲུམ་ཤོར་བས་རེ་ཞིག་ཉ་བུམ་འོས་འཚམ་ཞིག་མ་རྙེད་པར།ཉ་ཆུང་ཆུང་དེ་དག་སྒོ་ཁའི་རྫིང་བུའི་ནང་དུ་བཏང་ནས་གསོས།བློ་ཡུལ་ལས་འགོངས་པ་ཞིག་ལ་ཉ་ཆུང་ཆུང་དེ་དག་ཉིན་བཞིན་ཇེ་ཆེར་སོང་སྟེ་ཉ་ཆེན་པོ་དག་ཏུ་ཆགས།

ཉ་ལ་རང་དབང་གི་བར་སྟོང་མཁོ་ལ། མི་ལ་དེ་བས་ཀྱང་ངོ་།།
        ང་ཚོས་རྒྱུན་པར་བྱིས་པ་ཚོའི་ཚབ་བྱས་ཏེ་སློབ་གྲྭ་དང་ལྭ་བ།རྩེད་ཆས་སོགས་འདེམས་རོགས་བྱེད་ཀྱིན་ཡོད།རྒྱུན་པར་དེ་ལྟར་བྱས་ན་བྱིས་པ་དག་ལ་གདམ་གསེས་དང་བསམ་གཞིག་གི་ནུས་པ་མེད་པར་འགྱུར་ཞིང་།གསར་གཏོད་ཀྱི་འདུ་ཤེས་དང་ཚོད་ལྟའི་ནུས་པའང་མེད་པར་འགྱུར།ང་ཚོས་བྱིས་པ་ཚོའི་ཚབ་བྱས་ཏེ་འཚར་ལོངས་ཀྱི་ཁོར་ཡུག་ལ་ཚད་བཀག་བྱས་ཟིན་ཚེ།བྱིས་པ་དེར་ཤེས་བྱ་མང་པོ་ཞིག་རྟོགས་སུ་འཇུག་ཐུབ་པའི་དབང་དུ་བཏང་ནའང་། གཅིག་ཤེས་ཀུན་གྲོལ་བྱེད་པའི་བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱེད་མི་ཐུབ་ལ།དེ་ལས་ལྷག་པའི་ཐུན་མོང་མ་ཡིན་པའི་འཆར་རྟོག་གི་ནུས་པ་ལྷག་ཏུ་སྐྱེད་སྲིང་བྱེད་མི་ཐུབ་པས་ང་ཚོས་བྱིས་པའི་ཚོའི་སེམས་ཁམས་ཀྱི་འཚར་ལོངས་ལ་རང་དབང་གི་ཁོར་ཡུག་བསྐྲུན་དགོས།

2. ལུའོ་སེན་ཐ་ཨེར་ནུས་སྣང་།བྱིས་པར་རེ་བ་ཆེན་པོ་བཅངས་དགོས།
        ཨ་རིའི་སེམས་ཁམས་རིག་པ་ལུའོ་སེན་ཐ་ཨེར་གྱིས་ལོ་རིམ་དང་པོ་ནས་དྲུག་པའི་བར་གྱི་འཛིན་གྲྭ3རེ་བདམས་ནས།འཛིན་གྲྭ18ཀྱི་སློབ་མ་ཚོར་འབྱུང་འགྱུར་འཕེལ་རྒྱས་ཕྱོགས་ཀྱི་ཚོད་ལྟ་ཐེངས་ཤིག་བྱས་རྗེས།དེ་དག་ནང་གི་བསྔགས་པར་འོས་པའི་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན་པའི་སློབ་མ་སྐོར་ཞིག་གི་མིང་ཐོ་སློབ་གྲྭའི་སློབ་གཙོ་དང་འབྲེལ་ཡོད་དགེ་རྒན་རྣམས་ལ་སྤྲད་པར་མ་ཟད།ད་དུང་ཁོང་ཚོར“དོན་འདི་གཞན་ལ་ཤེས་སུ་མི་འཇུག་པར་དགེ་རྒན་རྣམས་ཀྱིས་ངེས་པར་དུ་གསང་དགོས”ཞེས་བཤད།
        དོན་དངོས་སུ་ལུའོ་སེན་ཐ་ཨེར་གྱིས་ཁོ་ཚོར་རྫུན་གཏམ་པ་རེད།གང་ཡིན་ཞེ་ན།མིང་ཐོའི་ཐོག་གི་སློབ་མ་རྣམས་ནི་རང་དགར་བདམས་པ་ཡིན་པ་ལས། ཁོས་བཤད་པ་ལྟར་འཕེལ་རྒྱས་འགྲོ་འོས་ཀྱི་རྟགས་མཚན་གཞི་འཛིན་ས་གང་ཡང་མེད།
        སློབ་གྲྭའི་ཕྱོགས་སུ་སློབ་མ་དེ་དག་གི་མིང་ཐོ་བྱིན་ནས་ཟླ8འགོར་རྗེས། ལུའོ་སེན་ཐ་ཨེར་དང་ལས་གྲོགས་ཚོས་སླར་ཡང་འཛིན་གྲྭ18ཀྱི་སློབ་མ་ཚང་མར་བརྟག་དཔྱད་བྱས་ཚེ། མིང་ཐོའི་ནང་དུ་ཚུད་པའི་སློབ་མ་དེ་དག་ལ་ཐོན་པའི་མཇུག་འབྲས་ཀྱིས་ཁོ་ཚོ་ཧ་ལས་སུ་བཅུག ཅིའི་ཕྱིར་ཞེ་ན།མིང་ཐོའི་ནང་ཚུད་པའི་སློབ་མ་ཚང་མས་གྲུབ་འབྲས་ཆེན་པོ་བླངས་པར་མ་ཟད།གཤིས་ཀ་འཇམ་པ་དང་གྲུང་ཤ་དོད་པ།སྤོབས་པས་ཕྱུག་པ།ཤེས་འདོད་ཀྱི་འདུན་པ་ཤུགས་ཆེ་བ།མི་གཞན་དང་འབྲེལ་འདྲིས་བྱ་རྒྱུར་དགའ་ཞིང་རང་ཉིད་ལ་ཡིད་ཆེས་ཡོད་པ་དག་ཏུ་གྱུར་འདུག
        དེ་ནས་ཁོ་ཚོས་དེ་ལྟར་གྱུར་པའི་རྒྱུ་མཚན་ལ་དཔྱད་དུས།ཁོ་ཚོའི་མིང་ཐོ་དེས་དགེ་རྒན་ཚོར་ཚོད་ལྟ་བྱ་ཡུལ་དེ་དག་ནི་གཞན་དང་མ་འདྲ་བའི་ནུས་པ་ཅན་དག་ཡིན་པའི་གསང་བརྡ་སྤྲད་ཡོད། དེ་བས་དགེ་རྒན་གྱིས་མིང་ཐོའི་ཐོག་གི་སློབ་མ་རྣམས་ལ་རེ་བ་ཆེན་པོ་བཅངས་པར་མ་ཟད།བསམ་བཞིན་དུ་རྣམ་འགྱུར་དྲང་པོ་དང་།བཟོ་ལྟ་ཡག་པོ།བསམ་ཤེས་བཅས་ཀྱི་སྒོ་ནས་དྲི་བ་འདོན་པ་དང་།ཟུར་ཁྲིད་བྱེད་པ།བསྟོད་བསྔགས་བྱེད་པ་སོགས་ཀྱི་བྱ་སྤྱོད་མང་དུ་སྤེལ་ནས་ལྐོག་གྱུར་གྱི་རེ་བ་སྣ་ཚོགས་སློབ་མ་དེ་དག་ལ་བརྒྱུད་སྤྲོད་བྱས་ཡོད་པས།སློབ་མ་ཚོས་ཀྱང་སྔར་ལས་ལྷག་པའི་བརྩོན་པ་བསྐྱེད་དེ། དགེ་རྒན་ལ་རང་ཉིད་ཀྱི་ཡར་རྒྱས་མཐོང་དུ་བཅུག དེའི་ཚེ་དགེ་རྒན་གྱི་སློབ་གསོའི་སྤྲོ་སེམས་དེ་བས་ཇེ་ཆེར་འཕེལ་ཏེ་སྔར་ཡོད་ཀྱི་རེ་བ་རྒྱུན་འཁྱོངས་བྱས་པར་མ་ཟད།སློབ་མ་དེ་དག་ལ་ལྟ་རྟོག་དེ་བས་མང་པོ་བྱས་འདུག དེ་ལྟར་ཡུན་རིང་བོར་བསྒྲུབས་པས། སློབ་མ་དེ་དག་གི་བློ་རིག་དང་། སྦྱངས་འབྲས། དེ་བཞིན་སྤྱི་ཚོགས་ཀྱི་བྱ་སྤྱོད་བཅས་ཕྱོགས་ཡོངས་ནས་དགེ་རྒན་གྱིས་རེ་སྒུག་བྱས་པ་ནང་བཞིན་གོང་ནས་གོང་དུ་འཕེལ་རྒྱས་བྱུང་ཡོད་པར་སྣང་། འདི་ནི་འཛམས་གླིང་ན་མིང་དུ་གྲགས་པའི་ལུའོ་སེན་ཐ་ཨེར་ནུས་སྣང་ཡིན། དེ་བས་ང་ཚོས་བྱིས་པ་ཚོར་འཇོན་ནུས་ལྡན་པར་འགྱུར་ཐུབ་པའི་ཡིད་ཆེས་དང་རེ་བ་ཆེན་པོ་བཅངས་ཏེ་ངང་སྒུག་དང་སྐུལ་ལྕག་བྱ་རྒྱུ་ཤིན་ཏུ་གལ་ཆེ།

3. གཏན་འཇགས་གཏན་སྲོལ། གོམས་གཤིས་བཟང་པོ་གསོ་སྐྱོང་བྱེད་དགོས།
        ཚན་རིག་པས་འདི་འདྲའི་ཚོད་ལྟ་ཞིག་བྱས་མྱོང་། ཆུའི་ནང་དུ་ཆུ་སྲིན་དང་ཉ་ཆུང་ཆུང་སྐོར་ཞིག་བཏང་ཞིང་། དེ་དག་གི་བར་ལ་སོ་སོར་འགེར་བྱེད་ཀྱི་ཤེལ་གྱི་བར་ཆོད་ཅིག་བསླངས།ཐོག་མའི་དུས་སུ་ཆུ་སྲིན་གྱིས་ཤེད་ཤུགས་དྲག་པོས་ཤེལ་ལ་བརྡབས་ནས་ཁ་གཏད་ཀྱི་ཉ་ཕྲུག་དེ་དག་ཡོད་སར་རྐྱལ་འདོད་བྱས།དེ་འདྲའི་ཚོད་ལྟ་ཐེངས་མང་བྱས་རྗེས་དེ་ནི་མི་སྲིད་པའི་ངལ་བ་འབྲས་མེད་ཀྱི་དོན་ཞིག་ཡིན་པ་རྟོགས་ནས་ཤེལ་ལ་བརྡབས་མཚམས་བཞག ཕྱིས་སུ་ཚན་རིག་པས་ཤེལ་གྱི་བར་ཆོད་བླངས་ཀྱང་། ཆུ་སྲིན་གྱིས་སྔར་བཞིན་ཤེལ་གྱི་བར་ཆོད་ཡོད་པར་བསམས་ཏེ་རང་གི་ཆུ་ཁོངས་སུ་ཕར་རྐྱལ་ཚུར་རྐྱལ་བྱེད་པ་ལས།ཉ་ཕྲུག་ཡོད་སའི་ཕྱོགས་སུ་རྐྱལ་རྒྱུའི་ཚོད་ལྟ་ཙམ་ཡང་མ་བྱས།
        མིའི་བྱ་སྤྱོད་ཀྱང་ཚོད་ལྟ་འདི་དང་འདྲ་བར།དུས་ཡུན་ངེས་ཅན་ཞིག་གམ་ཡང་ན་བསྐྱར་ཟློས་ཀྱི་གོ་རིམ་འགའ་བརྒྱུད་རྗེས། མཐར་གཏན་འཇགས་སུ་གྱུར་ཏེ་གོམས་གཤིས་སུ་ཆགས་འགྲོ།
        གོམས་གཤིས་བཟང་པོ་ནི་དགོས་འདོད་ཀུན་འབྱུང་གི་ནོར་བུ་རྩ་ཆེན་བཞིན་རིན་ཐང་གཞལ་དུ་མེད་པས།བྱིས་པས་ཚེ་གང་བོར་ལོངས་སུ་སྤྱད་ཆོག་ན། ང་ཚོས་ཆུང་དུས་གོམས་གཤིས་བཟང་པོ་དག་རྒྱུད་ལ་གཏན་འཇགས་སུ་ཆགས་པར་རོགས་སྐྱོར་བྱེད་དགོས།

4. སྤྱང་གཤིས་གཏན་སྲོལ། བྱིས་པའི་མཚར་སྣང་སྐྱེད་སྲིང་བྱེད་དགོས།
        སྤྱང་ཀི་ནི་འཛམ་གླིང་སྟེང་མཚར་སྣང་ཆེས་ཆེ་བའི་སྲོག་ཆགས་ཤིག་ཡིན་ལ།ཆ་རྒྱུས་ཡོད་པའི་ཁོར་ཡུག་དང་བྱ་དངོས་གང་ཞིག་ཡིན་ནའང་། ཁོ་ཚོས་དེ་དག་ནི་རྒྱུན་ལྡན་ལུགས་མཐུན་ཞིག་ཡིན་པར་མི་འདོད་པར། རང་བྱུང་ཁམས་ཀྱི་རུས་པ་སྐམ་པོ་དང་ཤྭ་རྭ་ཟད་པོ་ཞིག་ཡིན་ནའང་ཁོ་ཚོའི་མཚར་སྣང་ཅན་གྱི་རྩེད་ཆས་སུ་འགྱུར་སྲིད། སྤྱང་ཕྲུག་དག་ཀྱང་མཚར་སྣང་གི་འགུག་ཤུགས་འོག་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ཏེ་འཚར་ལོངས་འབྱུང་བ་ཡིན།
        དེ་བཞིན་དུ། བྱིས་པ་ཚོའི་ཆེས་ཐོག་མའི་གཉུག་གཤིས་ནི་མཚར་སྣང་གིས་ཁེངས་ཤིང་། དངོས་པོ་སྣ་ཚོགས་ལ་རྒྱུས་ལོན་དང་ཚོད་ལྟ་སྣ་ཚོགས་བྱེད་འདོད་པ་ཞིག་ཡིན་ལ། ང་ཚོས་ལན་འདེབས་མི་ཐུབ་པའི་དྲི་བ་འདྲ་མིན་སྣ་ཚོགས་འདྲི་སྲིད། དེ་འདྲའི་སྐབས་སུ་ཕ་མ་དང་དགེ་རྒན་ཚོས་བྱིས་པ་ཚོར་ཚོད་ལྟ་མང་ཙམ་བྱེད་དུ་འཇུག་པ་དང་། བྱིས་པ་ཚོ་དང་མཉམ་དུ་གནད་དོན་རྩད་ཞིབ་བྱས་ཏེ་ཤེས་བྱ་གསོག་འཇོག་བྱས་ཚེ་ཕྲུ་གུའི་མཚར་སྣང་སྲུང་སྐྱོང་དང་སྐུལ་སློང་ཡག་པོ་བྱེད་ཐུབ།
        མཚར་སྣང་གིས་ཕྱུག་པའི་མི་རྣམས་ནི་ཕྱོགས་གང་ཐད་ནས་ལེགས་འགྲུབ་འབྱུང་སླ་བ་ཚན་རིག་གིས་བརྟག་དཔྱད་ར་སྤྲོད་བྱས་ཟིན།

5. ཕུགས་འདུན་གཏན་སྲོལ། ཆུང་དུས་ནས་ཕུགས་འདུན་གསལ་པོ་ཡོད་དགོས།
        དགེ་རྒན་པེ་ཨར་གྱིས་མ་འོངས་པའི་ཕུགས་འདུན་དང་འབྲེལ་བའི་རྩོམ་ཡིག་ཅིག་འབྲི་དགོས་པའི་ལས་བྱ་བཀོད་སྒྲིག་བྱས། ལོ་ན་ཆུང་བའི་ལོ་པའོ་ཐི་ཡིས་ས་མུའུ200ཅན་གྱི་ཕྱུགས་སྐྱོང་ར་བ་ཞིག་འཛུགས་འདོད་པའི་ཕུགས་འདུན་བྲིས་པར་མ་ཟད།ཕྱུགས་རའི་རི་མོ་ཞིག་ཀྱང་ཇུས་འགོད་བྱས།དགེ་རྒན་གྱིས་ཁོའི་ལས་བྱ་དེ་ལས་བྱ་ཞན་པའི་གྲས་སུ་བཞག རྒྱུ་མཚན་ནི་ལོ་པའོ་ཐིའི་ཨ་ཕ་ནི་རྟ་འདུལ་མཁན་ཞིག་ཡིན་པས། དགེ་རྒན་གྱིས་ལོ་པའོ་ཐིའི་ཕུགས་འདུན་ནི་དོན་དངོས་དང་མི་མཐུན་པའི་སྟོང་བསམ་ཙམ་རེད་འདོད། ཁོང་གིས་ལོ་པའོ་ཐི་ལ་ལས་བྱ་ཡང་བསྐྱར་འབྲི་དགོས་པའི་རེ་བ་བཏོན་ཞིང་།དེ་ལྟར་ན་ལས་བྱར་སྐར་མ་མཐོན་པོ་བྱིན་ཆོག་པའི་ཁས་བླངས་མོད། འོན་ཀྱང་ལོ་པའོ་ཐི་ཡིས་བསམ་བློ་ཞིབ་མོ་བཏང་རྗེས་རང་གི་ཕུགས་འདུན་ལ་འགྱུར་བ་མ་བཏང་བས།ལོ་ངོ་དུ་མའི་རྗེས་སུ་ཁོ་རང་དངོས་གནས་ས་མུའུ200ཅན་གྱི་ཕྱུགས་ར་ཞིག་གི་བདག་པོར་གྱུར། དེ་དུས་དགེ་རྒན་པེ་ཨར་ལྟ་སྐོར་དུ་ཡོང་ནས་མིག་ཆུ་དབང་མེད་དུ་ཤོར་བཞིན་ཅུང་ཙམ་མིན་ཚེ་ངས་བྱིས་པ་ཞིག་གི་ཕུགས་འདུན་བརླག་སོང་ཟེར།
        སྔོན་གྱི་ལྷ་སྒྲུང་གཏམ་རྒྱུད་དག་ཏུ་མི་རྣམས་གཤོག་པ་ཐོགས་པའི་བྱ་བཞིན་འཕུར་སོང་ཟེར་ན་ལྷ་སྒྲུང་ཙམ་ལས་དོན་དངོས་འཚོ་བའི་ཁྲོད་དཔེ་མི་སྲིད་པ་ལྟར་སྣང་མོད།འོན་ཀྱང་ད་ཆ་ཕུགས་འདུན་དེ་མངོན་འགྱུར་བྱུང་སྟེ་མི་རྣམས་གནམ་གྲུར་བསྡད་དེ་གང་འདོད་དུ་འཕུར་གྱིན་ཡོད་པ་མ་ཡིན་ནམ། དེ་བས་ང་ཚོས་བྱིས་པ་ཆུང་ཆུང་ཚོར་བྱ་བ་ཞིག་བཅོལ་སྐབས།ཁོ་ཚོར་ཇི་ལྟར་བསྒྲུབ་དགོས་པའི་ཐད་ཀྱི་གཏན་འཁེལ་མི་བྱེད་པར། ཁོ་ལ་གང་འདྲ་ཞིག་ཡིན་དགོས་པའི་དམིགས་ཚད་བཤད་པས་ཆོག དགོས་ངེས་ཀྱི་དུས་སུ་བདེ་འཇགས་ཐད་ཀྱི་དྲན་སྐུལ་ཁ་ཤས་བྱེད་དགོས་ཀྱང་སྲིད། ཐབས་ཤེས་ཅི་འདྲ་སྤྱོད་པའི་ཐད་ལ་ཁོ་ཚོར་བསམ་བློ་གཏོང་དུ་འཇུག་དགོས་པ་དང་།དེའི་བརྒྱུད་རིམ་ཁྲོད་ང་ཚོས་བསྒྲུབ་དགོས་པ་ནི་སྐུལ་ལྕག་དང་རྒྱབ་སྐྱོར་ཁོ་ན་ཡིན་ནོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1