༄༅།།ཏུ་ལི་པ་རྡོ་སྡེར། མཚོ་སྔོན་དང་སྐར་མ་གཞན་བར་གྱི་དོགས་གཞི།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། 08-19


ཏུ་ལི་པ་རྡོ་སྡེར།(杜立巴石碟) མཚོ་སྔོན་དང་སྐར་མ་གཞན་བར་གྱི་དོགས་གཞི།


 ཏུ་ལི་པ་རྡོ་སྡེར་གྱི་དོན་རྐྱེན།
        ཏུ་ལི་པ་རྡོ་སྡེར་གྱི་དོན་རྐྱེན་ནི་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་བ་ཡན་ཧ་རིའི་རྒྱུད་དུ་བྱུང་བ་ཡིན།
        1938ལོར། པེ་ཅིང་སློབ་ཆེན་གྱི་གནའ་རྫས་རྟོག་ཞིབ་རིག་པའི་དགེ་རྒན་ཆེ་མོ་ཆི་ཧྥུ་ཐེ(齐福泰)དང་ཁོའི་སློབ་མ་ཚོས་བ་ཡན་ཧ་རིའི་རྒྱུད་ཀྱི་བྲག་ཕུག་ཅིག་ཏུ་ཚངས་ཐིག་ལ་ལི་སྨི30ཙམ་ཡོད་པའི་རྡོ་སྡེར་བརྒྱ་ཕྲག་ཙམ་རྙེད་པ་དང་། དེའི་མིང་ལ་ཏུ་ལི་པ་རྡོ་སྡེར་ཟེར། རྡོ་སྡེར་དག་གི་དཀྱིལ་དུ་ལི་སྨི2ཙམ་གྱི་བུ་ག་ཡོད་ལ། རྡོ་སྡེར་གྱི་མཐའ་ནས་དཀྱིལ་དུ་ཀོང་ཤུར་འདུག་སྟབས། ཕྱོགས་སྟོན་འཁོར་ལོ་ཞིག་དང་མཚུངས།
        ཏུ་ལི་པ་རྡོ་སྡེར་གསར་རྙེད་བྱུང་རྗེས། དེའི་སྐོར་ལ་རྟགས་ཞིབ་མོ་བཀོད་པ་རྣམས་པེ་ཅིང་སློབ་ཆེན་དུ་ཉར་བ་དང་། 1958ལོ་ལ་སླེབས་དུས། ད་གཟོད་པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ཁྲུའུ་ཝུན་རྨིན(楚闻明)གྱིས་རྡོ་སྡེར་ཐོག་གི་ཡི་གེ་ལ་གསལ་དཀྲོལ་ཐུབ་པ་དང་། ནང་དོན་ནི་ཏུ་ལི་པ་མིའི་འཕུར་གྲུ་བརླགས་རྗེས། མི་མང་པོ་ཞིག་ས་གནས་དེ་གའི་མི་ཡིས་བསད་པ་དང་། ཤུལ་དུ་ལུས་པ་རྣམས་ལ་ཁག་ཅིག་གིས་ཕྱིར་བུད་སོང་ཟེར་ཞིང་། ཁག་ཅིག་གིས་བ་ཡན་ཧ་རིའི་རྒྱུད་ནས་བསྡད་དེ་གྲོང་ཚོའི་མིང་ལའང་འོད་སྣང(维朗)ཟེར་ཞེས་བཤད།
        སྐབས་དེ་དུས་ཀྱི་ཚགས་པར་དུ། ཏུ་ལི་པ་རྡོ་སྡེར་སྐོར་གྱི་གནས་ཚུལ་ཕྱོགས་བསྡུས་ངང་སྤེལ་ཡོད་སྟབས། མི་མང་པོ་ཞིག་གིས་ཤེས་པ་རེད།

 འཇིག་རྟེན་གྱི་ལྡེབས་རིས་དང་ཀེང་རིས་ཆུང་ཆུང་།
        བཤད་རྒྱུན་ལ། སྐབས་དེ་དུས་ཀྱི་གནའ་རྫས་རྟོག་ཞིབ་ཁྲོད་དུ། རྡོ་ཡི་སྡེར་མའི་རིགས་དག་རྙེད་པར་མ་ཟད། ད་དུང་ལྡེབས་རིས་ངོས་ན་ཉི་མ་དང་སྐར་མ། རི་མོ་གཞན་པ་སོགས་ཀྱང་འདུག
        དེར་གནས་ཀྱི་བྲག་ཕུག་དེ་དག་ཀྱང་གོ་རིམ་མེད་པར་གང་འདོད་དུ་བརྐོས་པ་ཞིག་མིན་པར། བྲག་ཕུག་ནང་གི་བགྲོད་ལམ་དང་མཛོད་ཁང་སོགས་འཛོམས་པོ་ཞིག་ཡིན་པ་དང་། བྲག་ཕུག་གི་གྱང་ངོས་ནི་གྲུ་བཞི་མ་ཏག་ཏག་ཡིན་ལ། ནང་དུ་ད་དུང་གྲལ་དག་པའི་དུར་སའང་མང་པོ་ཡོད།
        དུར་ས་དག་ཏུ་མཐོ་ཚད་ལ་ལི་སྨི138ཙམ་ཡོད་པའི་ཀེང་རུས་མང་པོ་ཡོད་པ་དང་། དེ་ཚོ་ནི་ས་གནས་དེར་འཚོ་སྡོད་ཀྱི་མིའི་གཟུགས་ཚད་དང་བསྡུར་ན། ཧ་ཅང་ཆུང་བ་རེད། གནའ་རྫས་རྟོག་ཞིབ་མི་སྣས་ཚོད་དཔག་བྱས་ན། ཀེང་རུས་དེ་དག་ནི་ཤེས་རྟོགས་བྱུང་མེད་པའི་སྤྲ་རིགས་སྐོར་ཞིག་ཡིན་པར་འདོད།
        དུར་སའི་ནང་ན་ཡི་གེ་སོགས་གཅིག་ཀྱང་མེད་སྟབས། ཏུ་རི་པ་རྡོ་སྡེར་ནི་གསལ་བཀྲོལ་བྱེད་པའི་ལྡེ་མིག་ཁོ་ནར་གྱུར་པ་རེད།

        རྡོ་སྡེར་དུ་སྐར་མ་གཞན་པའི་མི་ཡོང་ཚུལ་བཀོད་པ།
        རྩོད་གླེང་མང་པོ་ཞིག་བརྒྱུད་རྗེས། དགེ་རྒན་ཆེ་མོ་ཁྲུའུ་ཝུན་རྨིན་ལགས་ཀྱིས་རང་གི་སྙན་ཞུ་ཡོངས་བསྒྲགས་བྱས། ཁོང་གིསUFOདོན་རྐྱེན་ཁྲོད་ཀྱི་སྐར་མ་གཞན་པའི་མི་ནི་ཏུ་ལི་པ(Dropa)རིགས་ཡིན་པར་མ་ཟད། ལོ་ངོ་ཆིག་ཁྲི་ཉིས་སྟོང་ལྷག་གི་སྔོན་ལ། ཏུ་རོ་ཕ་མི་མཁའ་དབྱིངས་སུ་རྒྱང་སྐྱོད་བྱེད་སྐབས། ཁོང་ཚོའི་འཕུར་གྲུ་མཚོ་སྔོན་གྱི་ས་ཆ་ནས་བརླགས་ཚུལ་བསྟན་པ་རེད།
        དགེ་རྒན་ཆེ་མོ་ཁྲུའུ་ཝུན་རྨིན་ལགས་ཀྱང་ངོ་མཚར་གྱི་གཏམ་རྒྱུད་མང་པོ་ཞིག་དང་འདྲ་བར། ཏུ་རོ་ཕ་རྡོ་སྡེར་གྱི་གསང་བ་གསལ་བཀྲོལ་གྱི་ཟིན་ཐོ་བྲིས་ཚར་རྗེས། ཚེ་ལས་འདས་པ་རེད།

       ཡང་ན་རྟོག་བཟོ་ཆེན་མོ་ཞིག་ཡིན་པ།
        ཏུ་ལི་པ་རྡོ་སྡེར་གྱི་དོན་རྐྱེན་འདི་ལ་བལྟས་ན། མགོ་མཇུག་ཆ་ཚང་བ་ཞིག་ཡིན་ནའང་། དོགས་གཞི་མང་པོ་ཞིག་ཀྱང་ཡོད་པ་སྟེ།

 གཅིག སྐབས་ཐོག་གི་མི་སྣ་ཆི་ཧྥུ་ཐེ་དང་ཁྲུའུ་ཝུན་རྨིན།
        ཁོང་གཉིས་ནི་ཀྲུང་གོའི་མི་ཡིན་ན། མིང་ནི་དབྱིན་ཡིག་གི་སྒྲ་བསྒྱུར་ཡིན་དོན་ཅི་ཡིན་ནམ། ཁོང་གཉིས་ཀྱི་མིང་ལ་བལྟས་ན། ནུབ་གླིང་གི་སྨྱན་སྦྱོར་ཁྲོད་ཀྱི་ཀྲུང་གོའི་མི་ཡི་མིང་དང་འདྲ། ད་དུང་། གཉིས་ཀ་ཆེད་མཁས་པ་ཡིན་ན། ཁོང་གཉིས་ལ་ཏུ་ལི་པ་རྡོ་སྡེར་ལས་ཁྱབ་ཁོངས་གཞན་པའི་སྐོར་གྱི་ཚན་ཞིབ་གྲུབ་འབྲས་གཅིག་ཀྱང་མཐོང་རྒྱུ་མེད་པ་རེད།
 གཉིས། ཏུ་ལི་པའི་ཡི་གེ་གསལ་བཀྲོལ།
        སྐར་མ་གཞན་པའི་ཡི་གེ་མ་ཚུད་པར། ཀྲུང་གོའི་གནའ་བོའི་རུས་ཡིག་ཡིན་ནའང་། དེང་དུས་ཀྱི་ཆེད་མཁས་པ་ཚོས་རེ་གཉིས་ཤིག་ལས་གསལ་བཀྲོལ་ཐུབ་མི་འདུག ཡིན་ནའང་། ཏུ་ལི་པའི་ཡི་གེ་འདི་གསལ་བཀྲོལ་བྱས་པ་ཞིབ་གསལ་ཡིན་པས། འདི་ལ་ཡིད་ཆེས་དཀའ་བ་ཞིག་ཏུ་སྣང་།

 གསུམ། ཏུ་རོ་ཕའི་མི་དང་ལྷ་སྒྲུང་གཉིས་མཚུངས་པ།
        བོད་ཀྱི་གནའ་བོའི་ལྷ་སྒྲུང་ཞིག་ཏུ། སྤྲིན་པའི་གསེབ་ནས་བཙན་འཛུལ་པ་སྐྱུག་བྲོ་བ་སྐོར་ཞིག་བྱུང་ཚུལ་འདུག ཏུ་རི་པའི་མི་འདི་དག་ཀྱང་ལྷ་སྒྲུང་དེའི་ནང་གི་མི་སྣའི་ཞིབ་འབྲི་དང་འདྲ་བས། ཏུ་ལི་པའི་མི་འདི་སྒྲུང་དེ་ནས་བྱུང་བར་འདོད།

 བཞི། མི་དང་དངོས་པོ་གང་ལའང་དཔང་པོ་གཅིག་ཀྱང་མི་འདུག

        དོན་རྐྱེན་མིང་དུ་གྲགས་པ་ཞིག་ཡིན་པའི་ཆ་ནས། ཏུ་རོ་ཕའི་དོན་རྐྱེན་དང་འབྲེལ་བའི་ཚན་རིག་པ་དང་གསར་འགོད་པ་ཚང་མ་ས་ཆ་གཞན་པ་ཞིག་ཏུ་གླེང་མྱོང་མི་འདུག མི་སུ་ཞིག་གིས་ཀྱང་ཁོང་ཚོ་སུ་ཡིན་པ་མི་ཤེས་ལ། ཐ་ན་ཁོང་ཚོ་དངོས་སུ་བྱུང་མིན་ལའང་དཔང་པོ་གཅིག་ཀྱང་མེད་པ་རེད།


        ད་དུང་། ཏུ་ལི་པ་རྡོ་སྡེར་བརྒྱ་ལྷག་དང་བྲག་ཕུག ཀེང་རུས་ཆུང་ཆུང་སོགས་ཀྱང་མཉམ་དུ་གར་སོང་ཆ་མེད་དུ་གྱུར་ཅིང་། ད་ལྟར་མཐོང་བའི་དཔང་པོ་ནི་རྡོ་སྡེར་དང་འདྲ་བའི་པར་རིས་འགའ་ཡོད་པ་དེ་རེད།

        ཡིན་ནའང་། མི་མང་པོ་ཞིག་གིས་སྔར་བཞིན་ཏུ་ལི་པའི་མི་ཡོད་པར་འདོད་ཅིང་། དུས་ག་གེ་མོ་ཞིག་ལ། བྲག་ཕུག་དེ་དག་ཡང་བསྐྱར་རྙེད་བྱུང་ན། དེ་ནི་འཛམ་གླིང་དུ་སྐད་གྲགས་ཆོད་པ་ཞིག་རེད། གལ་ཏེ། དེ་འདྲ་བྱུང་ན། ཏུ་ལི་པའི་མི་དང་འབྲེལ་བའི་བཤད་རྒྱུན་ལའང་རྫོགས་ཚིག་ཅིག་བཀོད་སོང་བ་རེད།

འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས་ཀྱིས་སྒྲིག་སྒྱུར་བྱས། པར་རིས་དྲ་བ་ལས་དྲངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1