༄༅།།བོད་ཡུལ་གྱི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་སློབ་གྲྭའི་སློབ་གསོ་ཟུང་འབྲེལ་བྱ་འོས་ཚུལ་མདོ་ཙམ་གླེང་བ།

སྒོམ་པ་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། སྤེལ་དུས། 08-20



 སྒོམ་པ་བཀྲ་ཤིས།
[ནང་དོན་གནད་བསྡུས] རྩོམ་འདིར་བོད་ཡུལ་གྱི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་སློབ་གྲྭའི་སློབ་གསོ་ཇི་ལྟར་ཟུང་འབྲེལ་དམ་ཟབ་བྱས་ནས། མིའི་རིགས་ཀྱི་སྤྱི་ནོར་དེ་ཉིད་སྔར་ལས་ལྷག་པར་སྲུང་སྐྱོབ་དང་རྒྱུན་འཛིན་ལེགས་པར་བྱ་འོས་པའི་སྐོར་མདོ་ཙམ་གླེང་ཡོད། 
[གནད་ཚིག]    གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག  སྲུང་སྐྱོབ།   སློབ་གསོ། 
       མདོ་དབུས་མཐོ་སྒང་དུ་འཚོ་བའི་སྒང་བ་བོད་པ་རྣམས་ཀྱིས་དུས་ཡུན་རིང་པོའི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ། མི་རིགས་རང་གི་གཟི་བྱིན་གྱི་འོད་སྣང་རབ་ཏུ་འཚེར་བའི་སྲོལ་རྒྱུན་རིག་གནས་གསར་སྐྲུན་མཛད། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་རྣམ་མང་ཕུན་སུམ་ཚོགས་པའི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་ནི་སྤྱིར་འཛམ་གླིང་རིག་གནས་ནོར་བུའི་བང་མཛོད་ཁྲོད་ཀྱི་རིན་པོ་ཆེ་རྩ་ཆེན་ཞིག་ཡིན་པར་མ་ཟད། སྒོས་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། བོད་ཡུལ་གྱི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་སློབ་གྲྭའི་སློབ་གསོ་ཟུང་འབྲེལ་དམ་ཟབ་བྱས་ནས། མིའི་རིགས་ཀྱི་སྤྱི་ནོར་དེ་ཉིད་སྔར་ལས་ལྷག་པར་སྲུང་སྐྱོབ་དང་རྒྱུན་འཛིན་ལེགས་པར་བྱེད་རྒྱུ་ནི། ང་ཚོ་བོད་ཡུལ་གྱི་སློབ་གསོའི་ལས་ཀ་བྱེད་མཁན་ཚང་མའི་ཕྲག་ཏུ་བབ་པའི་གཞོལ་དུ་མེད་པའི་འོས་འགན་གལ་ཆེན་ཞིག་ཡིན་པར་སྙམ་ལ། རྩོམ་འདིར་དེའི་སྐོར་རང་བློས་དཔོག་ཚོད་ཙམ་ཞིག་མཁས་མང་ལ་དཔྱད་གཞིའི་ཚུལ་དུ་གླེང་བར་འདོད་དོ། ། 
དང་པོ།“གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་”ཅེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་དང་གོ་དོན། 
       “གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག”ཅེས་པའི་ཐ་སྙད་འདི་ནི། དབྱིན་ཇིའི་ཡི་གེintangible heritageསྐད་སྒྱུར་བྱས་པ་ཡིན་སྐད། intangibleཞེས་པ་དབྱིན་སྐད་དུ་རེག་ཏུ་མེད་པ་དང་། གཟུགས་མེད་ཀྱི་དོན་ལ་འཇུག་སྐད་དུ་བཤད་ལ། heritageཞེས་པ་གཙོ་བོ་གཟུགས་དང་ཤེས་པ་གཉིས་ལས་ཤེས་པའི་ཁོངས་སུ་གཏོགས་པའི་ནང་བསམ་པའི་ཕྱོགས་ཀྱི་ཤུལ་བཞག་ལ་གོ་བས་ན། འདིར“གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག”ཅེས་བསྒྱུར་ཅིང་། ཚིག་བསྡུ་བར་འདོད་ན“གཟུགས་མིན་རིག་གནས་ཤུལ་བཞག”ཅེས་ཀྱང་བརྗོད་ཆོག་སྟེ།གཞན་དུ“མངོན་མེད་རིག་གནས་ཤུལ་བཞག” དང་། “ དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག”ཅེས་ཀྱང་བསྒྱུར་འདུག་མོད། འགྱུར་དེ་དག་མ་ཡིག་གི་བསྟན་དོན་དང་མཐུན་མིན་གླེང་ན་སྐབས་དོན་བསྒྲིབ་པར་འགྱུར་བས་འདིར་མི་གླེང་ངོ་།། 
       ང་ཚོས་འདིར་གང་གླེང་བར་བྱ་བའི“གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག”ཅེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་དངོས་ནི། 1997ལོའི་ཟླ11པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཚོགས་ཆེན་སྐབས29པའི་ཐོག་གྲོས་འཆམ་བྱུང་ཞིང་། 2000ལོ་ནས་བཙུགས་པའི་ལས་གཞི“Masterpieces of the oral and intangible heritage of humanity”སྟེ་བོད་སྐད་དུ “མིའི་རིགས་ཀྱི་ངག་ཐོག་དང་གཟུགས་ཅན་མ་ཡིན་པའི་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས”ཟེར་པ་དེ་ཡིན་སྐད་དུ་བཤད་ལ། ལས་གཞི་དེའི་དབྱིན་སྐད་ཁ་བྱང་ཁྲོད་ཀྱི “heritage of humanity”ཞེས་པ་རྒྱ་ཡིག་ཏུ“文化遗产”སྟེ “རིག་གནས་ཤུལ་བཞག” ཅེས་དང་། ངག་ཐོག་དང་ངག་རྒྱུན་གྱི་གོ་དོན་ལྡན་པའི“oral”ཞེས་པ་རྒྱ་ཡིག་ཏུ“非物质的” སྟེ “གཟུགས་ཅན་མ་ཡིན་པའི”ཞེས་བསྒྱུར་པ་གཞིར་བྱས་ཏེ“གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག”ཅེས་པའི་ཐ་སྙད་འདི་བྱུང་ངོ་། ། 
       མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས2003ལོའི་ཟླ10བའི་ཚེས17ཉིན་པེ་རི་སིར་སྐོང་འཚོག་བྱེད་པའི་ཚོགས་ཆེན་སྐབས32པའི་ཐོག་གྲོས་འཆམ་བྱུང་བའི《གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་སྤྱི་ཆིངས》སུ། “གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག”ཅེས་པའི་བསྟན་བྱ་ནི། མི་མང་ཚོགས་པ་སོ་སོ་དང་། ཚོགས་སྡེ། སྐབས་འགར་མི་སྒེར་རང་ངོས་ནས་ཁོའི་རིག་གནས་ཤུལ་བཞག་ཏུ་བལྟ་བའི་ཕྱག་ལེན་སྣ་ཚོགས་དང་། འཁྲབ་སྟོན། མཚོན་སྟངས། ཤེས་ཡོན་མ་ལག་དང་ལག་རྩལ་བཅས་དང་དེར་འབྲེལ་གྱི་ཡོ་བྱད་དང་། དངོས་རྫས། ལག་བཟོའི་ཐོན་རྫས་དང་རིག་གནས་བྱེད་སྒོ་སྤེལ་ཡུལ་བཅས་ཡིན་སྐད་དུ་བཤད། 
       ཡོ་བྱད་དང་དངོས་རྫས་སོགས་གཟུགས་ཅན་མ་ཡིན་ནམ་ཞེ་ན། སྤྱིར་བཏང་གི་ཡོ་བྱད་སོགས་ནི་གཟུགས་ཅན་ཡིན་པ་སྨོས་མེད་ཡིན་ཀྱང་། འདིར་དེ་དག“གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག”གི་མཚོན་བྱར་བཞག་པ་ནི། “ཆོས་ཅན་ཡོད་ན་ཆོས་རྣམས་ལ། །འཇིག་རྟེན་ན་ནི་དཔྱོད་པ་འཇུག །”ཅེས་གསུངས་པ་ལྟར། ཡོ་བྱད་སོགས་ཆོས་ཅན་དེ་དག་རང་རང་སོ་སོའི་སྟེང་ན་རང་དང་འབྲེལ་བའི་ལག་ལེན་བྱེད་ཐབས་དང་། མཚོན་སྟངས། ཤེས་ཡོན་དང་ནུས་རྩལ་སོགས་གཟུགས་ཅན་མ་ཡིན་པའི་ཆོས་ཅི་རིགས་ཤིག་སྣང་ཞིང་། གཟུགས་ཅན་མ་ཡིན་པའི་ཁྱད་ཆོས་དེ་རིགས་མི་ཉམས་རྒྱུན་འཛིན་བྱེད་དགོས་ན། ཆོས་ཅན་ཡོ་བྱད་ལ་སོགས་པའི་གཟུགས་ཅན་གྱི་དངོས་པོ་དེ་དག་ཀྱང་སྲུང་སྐྱོབ་བྱེད་དགོས་ཏེ། དཔེར་ན། དིང་གླིང་འབུད་དཀྲོལ་བྱ་ཚུལ་མི་ཉམས་རྒྱུན་འཛིན་བྱ་དགོས་ན། དིང་གླིང་སྲུང་སྐྱོབ་བྱེད་དགོས་ཤིང་། རྫ་བུམ་བཟོ་ཚུལ་གྱི་ལག་རྩལ་ཐུན་མོང་མ་ཡིན་པ་སྲུང་སྐྱོབ་བྱེད་པ་ལ་དེར་འབྲེལ་གྱི་རྫ་བུམ་སྲུང་སྐྱོབ་བྱ་དགོས་པ་བཞིན་ནོ། ། དེའི་ཕྱིར། འདིར“གཟུགས་ཅན་མ་ཡིན་པ”ཞེས་པ་དེ་གཟུགས་སམ་གཟུགས་ཅན་དང་གཏན་ནས་མ་འབྲེལ་བ་ཞིག་ལ་མི་གོ་བར། མི་རྣམས་ཀྱི་ཕྱི་དངོས་པོའི་འཚོ་བའི་དགོས་མཁོ་སྐོང་བྱེད་གཟུགས་ཅན་གྱི་དངོས་པོ་དང་བལྟོས་ཏེ་བཤད་ན། གཟུགས་ཅན་གྱི་དངོས་པོ་དེ་དག་གི་སྟེང་ན་ནང་སེམས་ཀྱི་རྣམ་གཞག་དང་འབྲེལ་བའི་གཟུགས་ཅན་མ་ཡིན་པའི་ཆ་ཞིག་ཡོད་པ་དེ་ལ་གོ་དགོས་པ་རེད། 
       《གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་སྤྱི་ཆིངས》སུ་གོང་སྨོས“གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག”གི་བསྟན་དོན་གཞིར་བྱས་ཏེ། སྲུང་སྐྱོབ་འཐོབ་འོས་པའི“གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག” གི་ཁྱབ་ཁོངས་རིགས་བཀར་ནས་འགྲེལ་བརྗོད་བྱས་པ་ནི། 
       1.ངག་ཐོག་གི་ཁ་རྒྱུན་དང་བཤད་རྒྱུན། དེའི་ཁོངས་སུ་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་གོ་བརྡ་སྤྲོད་བྱེད་དུ་གྱུར་པའི་དེར་འབྲེལ་གྱི་སྐད་ཆའང་འདུ། 
       2.འཁྲབ་སྟོན་སྒྱུ་རྩལ། 
       3.སྤྱི་ཚོགས་ཀྱི་གོམས་སྲོལ་དང་། གུས་ལུགས། དུས་སྟོན། 
       4.རང་བྱུང་ཁམས་དང་འཇིག་རྟེན་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན། 
       5.སྲོལ་རྒྱུན་གྱི་ལག་ཤེས་དང་ལག་རྩལ་བཅས་སོ། ། 
       མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི《མིའི་རིགས་ཀྱི་ངག་ཐོག་དང་གཟུགས་ཅན་མ་ཡིན་པའི་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་མིང་ཐོ》ཞེས་པ་རུ་རྒྱལ་སྤྱིའི་ལས་གཞི་དེ་ཡར་ཞུ་ཇི་ལྟར་བྱ་ཚུལ་གཏན་འབེབས་བྱས་པ་ལས།“《མིང་ཐོའི》ནང་དུ་བཀོད་པའི་བརྩམས་ཆོས་གང་དེ་ནི་ངེས་པར་དུ་ཚབ་མཚོན་རང་བཞིན་ལྡན་པའི་སྲོལ་རྒྱུན་གྱི་ཕུལ་བྱུང་ལག་ཤེས་ཡིན་པ་དང་། ཚབ་མཚོན་རང་བཞིན་ལྡན་པའི་ཡི་གེའི་རྣམ་པ་ཅན་མ་ཡིན་པའི་སྒྱུ་རྩལ་དང་། རྩོམ་རིག་ཡིན་པ། མི་རིགས་རིག་གནས་གཅིག་མཐུན་ངོས་ལེན་གྱི་ཚབ་མཚོན་གཟེངས་ཐོན་བྱ་ནུས་པ་དང་། ད་དུང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རྒྱུན་ཆད་ཉེན་ཡོད་པའམ་རྒྱུན་འཆད་བཞིན་པའི་རིག་གནས་མཚོན་སྟངས་ཡིན་དགོས་ཤིང་།  རིག་གནས་མཚོན་སྟངས་འདི་དག་གི་ནང་དུ་ཟློས་གར་གྱི་རིགས་སྣ་ཚོགས་དང་དེར་འབྲེལ་གྱི་འབག་དང་། འཆམ་ལྭ་བཟོ་བའི་ལག་རྩལ། ཞབས་བྲོ་སྟེ་དཔེར་ན་མི་རིགས་དམངས་ཁྲོད་དུས་ཆེན་གྱི་ཞབས་བྲོ་དང་། མཆོད་བཀུར་གྱི་ཞབས་བྲོ། གུས་ལུགས་ཆོ་ག་དང་། རོལ་མོ་སྟེ། དཔེར་ན་མི་རིགས་དམངས་ཁྲོད་ཀྱི་རོལ་མོ་དང་རོལ་ཆ་བཟོ་བའི་ལག་རྩལ། ངག་བརྒྱུད་རྩོམ་རིག་སྟེ། དཔེར་ན་ལྷ་རབས་དང་། ངག་རྒྱུན། བྱུང་བ་བརྗོད་པའི་སྙན་ངག རྩེད་རིགས་དང་གཏམ་རྒྱུད། ཁྱད་དུ་འཕགས་ཤིང་ཞིབ་ཚགས་ཅན་གྱི་བཟོ་རྩལ་སྣ་ཚོགས་དང་། ལག་ཤེས་བཟོ་རྩལ་ཏེ། དཔེར་ན་སླས་འཐག་དང་། སྣམ་བུ་ཚོན་བསྒྱུར། གཙག་དྲུབ། རྐོ་བཞེངས། སྨྱུག་ལྕུག་གིས་ཡོ་བྱད་སླས་པ། ཕྱེ་མི་བཟོ་བ་དང་། རྩེད་ཆས་བཟོ་བ་དང་ཤོག་རིས་དྲ་བ་སོགས་སོ། །”ཞེས་བསྟན་པ་ལས།  ང་ཚོས་མིའི་རིགས་ཀྱི་ངག་ཐོག་དང་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་ཅེས་པ་ནི་ནང་དོན་ཁྱབ་རྒྱ་ཆེ་བ་ཞིག་ཡིན་པ་ཟུར་བསྟན་ལེབ་མཐོང་གི་ཚུལ་དུ་རྟོགས་ཐུབ། 
གཉིས་པ། “གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག”སྲུང་སྐྱོབ་བྱེད་པའི་དགོས་པ། 
       མདོར་དྲིལ་ནས་བཤད་ན། གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་ནི་མིའི་རིགས་ཀྱི་རིག་གནས་ཤུལ་བཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཅིང་། དེ་ནི་མིའི་རིགས་རྒྱུན་རིང་དུ་འཚོ་གཞེས་དང་འཕེལ་རྒྱས་སུ་འགྲོ་བར་འབྲེལ་བ་དམ་ཟབ་ཡོད་པའི་རིག་གནས་ཀྱི་ཐོན་ཁུངས་ཆེས་ཤིན་ཏུ་གལ་ཆེན་ཞིག་སྟེ། གཟུགས་ཅན་མ་ཡིན་པའི་རང་བཞིན་ཅན་གྱི་རིག་གནས་དེ་གཟུགས་ཅན་གྱི་རིག་གནས་དང་བསྡུར་ན་ལྷག་ཏུ་ཉམས་སླ་ཞིང་། ཉམས་པར་གྱུར་ན་སླར་གསོ་བྱེད་ཐབས་མེད་པས། མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་རྒྱུ་ལྷག་ཏུ་གལ་ཆེའོ། ། 
       འཛམ་གླིང་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བའི་ཤུགས་ཇེ་དྲག་དང་དེང་རབས་ཅན་དུ་བསྒྱུར་བའི་འགྲོས་ཇེ་མགྱོགས་སུ་འགྲོ་བཞིན་པ་དང་ཆབས་ཅིག་ཏུ། དཔལ་འབྱོར་དར་སྟོབས་ཆེ་བའི་རྒྱལ་ཁབ་དང་མི་རིགས་ཀྱི་ཤུགས་དྲག་པའི་རིག་གནས་ཀྱིས་དཔལ་འབྱོར་རྗེས་ལུས་ཐེབས་པའི་རྒྱལ་ཁབ་དང་ས་ཁུལ་གྱི་ཉམ་ཆུང་བའི་རིག་གནས་ལ་ཤན་ཞུགས་ཚད་ཉིན་རེ་བཞིན་ཇེ་དྲག་ཏུ་འགྱུར་བཞིན་པས། རྒྱལ་ཁབ་དང་ས་ཁུལ་དེ་དག་གི་མི་རྣམས་ཀྱི་བསམ་པའི་འདུ་ཤེས་དང་། ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་ཚུལ་སོགས་ལ་ངང་ངམ་ཤུགས་ཀྱིས་འགྱུར་བ་ཚབས་ཆེན་ཐེབས་ཏེ། མི་རིགས་མང་པོ་ཞིག་གི་གཟུགས་ཅན་མ་ཡིན་པའི་རིག་གནས་རྩ་ཉམས་དང་གཞན་འགྱུར་ཚབས་ཆེན་ཐེབས་པར་བྱས་དང་བྱེད་བཞིན་པ་ཡོད་ཅིང་།  མི་རིགས་དང་། རིག་གནས། ཆོས་ལུགས་ཐ་དད་ཅིང་། འཚོ་གཞེས་ཀྱི་རིན་ཐང་ལྟ་ཚུལ་ཐ་དད་པ་དག་ལ་སྣང་འཇོག་མི་བྱེད་པར། ཤུགས་དྲག་པའི་སྤྱི་རྒྱུག་རིག་གནས་ཀྱིས་དེ་དག་ཚང་མ་ཆུ་བརྒྱ་ཟམ་གཅིག་གི་ཚུལ་གྱིས་དབང་གཅིག་ཏུ་བསྒྱུར་བའི་གནས་སྟངས་དང་གནད་དོན་བྱུང་དང་འབྱུང་མུས་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ཤིང་། ཕྱི་དངོས་པོའི་ཐོན་སྐྱེད་དང་དཔལ་འབྱོར་དར་རྒྱས་འགྲོས་མགྱོགས་ཤིང་ཤུགས་དྲག་པ་དེས་མིའི་རིགས་ཀྱི་མདུན་དུ་གནས་པའི་གནད་དོན་མཐའ་དག་སེལ་མི་ནུས་པར་མ་ཟད། མིའི་རིགས་རྒྱུན་མཐུད་སྒོས་འཚོ་ཞིང་གནས་པ་དང་འཕེལ་རྒྱས་སུ་འགྲོ་བ་གཉིས་བར་གྱི་འགལ་བ་ཚབས་ཇེ་ཆེར་འགྲོ་བཞིན་པ་ཀུན་ལ་མཐུན་སྣང་དུ་གྲུབ།  
       དེ་ལྟ་བུའི་གནས་བབ་འོག་ཏུ། མི་རྣམས་ཀྱིས་རིག་གནས་རང་ས་ཅན་དུ་བསྒྱུར་བའི་གནད་དོན་ལ་དོ་སྣང་བྱེད་མགོ་བརྩམས་ཤིང་། མིའི་རིགས་རང་ཉིད་འཚོ་གཞེས་ཀྱི་རྩ་བ་དང་། མི་རིགས་ཐ་དད་པ་དག་གི་ལོ་རྒྱུས་བག་ཆགས་དང་ཐུན་མོང་མ་ཡིན་པའི་འཚོ་གཞེས་ཀྱི་མཚོན་རྟགས། མིའི་རིགས་ཀྱི་རིག་གནས་ཐ་དད་པ་དག་གི་ཁྱད་གཤིས་སྲུང་འཛིན་བྱེད་པ་སོགས་ཀྱི་གནད་དོན་ལ་དོ་སྣང་བྱེད་མགོ་བརྩམས་པར་མ་ཟད། རིམ་གྱིས་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་དང་། གཟུགས་ཅན་གྱི་རིག་གནས་ཤུལ་བཞག་གམ་རང་བྱུང་ཤུལ་བཞག་བར་ན་སོ་སོར་དགར་དུ་མེད་པའི་ཕན་ཚུན་རྟེན་ཅིང་འབྲེལ་འབྱུང་གི་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་བ་རེད།  འགྲོ་བ་མིའི་རིགས་ལ་མཚོན་ན། རིག་གནས་སྣ་མང་ཡིན་པ་དང་སྐྱེ་དངོས་སྣ་མང་ཡིན་པ་གཉིས་གལ་ཆེ་ཚུལ་གཅིག་མཚུངས་ཡིན་པས་ན། མིའི་རིགས་ཀྱི་རིག་གནས་སྣ་མང་ལ་སྲུང་སྐྱོབ་དང་དེ་དར་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་པ་དང་། གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པ་ནི། འགྲོ་བ་མིའི་རིགས་རྒྱུན་མཐུད་སྒོས་རིང་དུ་འཚོ་ཞིང་གནས་པ་དང་འཕེལ་རྒྱས་སུ་འགྲོ་ཐུབ་པ་ཁག་ཐེག་བགྱི་བྱེད་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི“གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག”སྲུང་སྐྱོབ་བྱེད་པའི་གྲོས་གཞི་བཏོན་ཅིང་། “མིའི་རིགས་ཀྱི་ངག་ཐོག་དང་གཟུགས་ཅན་མ་ཡིན་པའི་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས”ཟེར་པའི་ལས་གཞི་བཙུགས་པ་དང་། དེར་བསྟུད་ནས《གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་སྤྱི་ཆིངས》གཏན་འབེབས་འགྲེམ་སྤེལ་བྱས་པ་ཡིན་ནོ། ། 
གསུམ་པ། བོད་ཡུལ་གྱི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་གནས་བབ། 
       ས་སྒང་ཧྲིལ་པོའི་དཔལ་འབྱོར་གཞི་གཅིག་ཅན་དང་འཕྲུལ་ཆས་ཅན་དང་དེང་རབས་ཅན་དུ་འགྱུར་བཞིན་པའི་གནས་བབ་འོག་ཏུ། རྒྱལ་ཁབ་གང་དང་མི་རིགས་སུ་ཞིག་ཡིན་ནའང་རིག་གནས་སྲུང་སྐྱོབ་དང་གདམ་ང་བྱེད་པའི་གནད་དོན་ལ་ཕྲད་པ་ནི་གཞོལ་ཐབས་བྲལ་བ་ཞིག་སྟེ། རང་རེའི་རྒྱལ་ཁབ་སྤྱི་དང་སྒོས་སུ་བོད་ཡུལ་ལ་མཚོན་ནའང་དེ་ལས་མ་འདས་པས། ཉེ་བའི་ལོ་འདི་དག་གི་རིང་ལ་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་དེ་བརླན་གྱིས་བཏང་བའི་སྤང་ལྗོངས་དང་། ལྟག་ཆུ་ཆད་པའི་རྫིང་བུའི་མཆེད་ཟླར་གྱུར་ཏེ། ངག་ནས་ངག་ཏུ་བརྒྱུད་པ་དང་ལུས་ཀྱི་བྱ་སྤྱོད་ལ་བརྟེན་ནས་བརྒྱུད་འཛིན་བྱ་དགོས་པའི་རིག་གནས་ཤུལ་བཞག་མང་པོ་ཞིག་ལོ་རེ་ཟླ་རེ་བཞིན་དུ་བར་མ་ཆད་པར་ཉམས་དམས་སུ་འགྲོ་བཞིན་ཡོད་ཅིང་། སྲོལ་རྒྱུན་གྱི་ལག་རྩལ་མང་པོ་ཞིག་རྒྱུན་ཆད་ཉེན་འདུག་ལ། ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ལྡན་པའི་དངོས་རྫས་དང་རྒྱུ་ཆ་འབོར་ཆེན་ཞིག་ལ་མི་དང་རང་བྱུང་གི་གཏོར་རློག་ཐེབས་བཞིན་ཡོད་པ་དང་གཞན་ལག་ཏུ་འཆོར་བཞིན་ཡོད་པའི་རྐྱེན་གྱིས། རང་རེ་རྒྱལ་ཁབ་ཀྱིས2005ལོར《རང་རྒྱལ་གྱི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》ཞེས་བྱ་བ་འགྲེམ་སྤེལ་བྱས་ཤིང་། དེ་དང་ཆབས་ཅིག་ཏུ《རྒྱལ་ཁབ་རིམ་པའི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་ཚབ་མཚོན་བརྩམས་ཆོས་ཡར་ཞུ་དཔྱད་སྡུར་འཕྲལ་སེལ་བྱེད་ཐབས》ཞེས་པ་དང་། 《གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བའི་པུའུ་ཁག་མཉམ་ཞུགས་ཚོགས་འདུའི་ལམ་ལུགས》སོགས་ཀྱི་སྒྲིག་སྲོལ་ཡིག་ཆ་གཏན་འབེབས་འགྲེམ་སྤེལ་བྱས་ཏེ། སྲིད་ཇུས་དང་བཅའ་ཁྲིམས་ཀྱི་རིམ་ངོས་ནས་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུ་གཏན་ལ་ཕབ་ཏེ་རྒྱལ་ཡོངས་སུ་ལག་བསྟར་བྱེད་མགོ་བརྩམས། དེ་ནས་བཟུང་སྟེ་ཞིང་ལྗོངས་ལྔའི་བོད་ཡུལ་དུའང་རྒྱལ་ཡོངས་ཀྱི་ས་གནས་གཞན་དག་དང་འདྲ་བར་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་བྱ་བ་རྒྱ་ཆེར་སྤེལ་ཏེ་གྲུབ་འབྲས་མི་དམན་པ་ཐོབ།  དཔེར་ན།  གེ་སར་རྒྱལ་པོའི་སྒྲུང་དང་།  བོད་ཀྱི་ཟློས་གར། རེབ་གོང་སྒྱུ་རྩལ་བཅས2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི《མིའི་རིགས་ཀྱི་ངག་ཐོག་དང་གཟུགས་ཅན་མ་ཡིན་པའི་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་མིང་ཐོ》ཞེས་པའི་གྲས་སུ་བདམས་ཏེ་འཛམ་གླིང་རིམ་པའི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་ཏུ་གྱུར་ཡོད་ལ། བོད་རང་སྐྱོང་ལྗོངས་གཅིག་པུར་མཚོན་ན། 2006ལོ་དང་། 2008ལོ། 2011ལོ་བཅས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་རིམ་པའི་གཟུགས་ཅན་མ་ཡིན་པའི་ཤུལ་བཞག་གི་མིང་ཐོ་ཁྲོད་དུ། གེ་སར་རྒྱལ་པོའི་སྒྲུང་དང་། ནང་བསྟན་རོལ་མོ། ཤོན། སྟོད་གཞས། ཐང་ག རྟ་རྒྱུག པང་གདན་དང་ཁ་གདན་བཟོ་རྩལ། བོད་ཤོག་བཟོ་རྩལ། བོད་ཀྱི་ཤིང་དཔར་ལག་རྩལ། བྱང་ལུགས་ཀྱི་དངུལ་ཆུ་བཙོ་བཀྲུ་བྱེད་ལུགས་དང་། རིན་ཆེན་གྲང་སྦྱོར་ཕབ་ཚུལ། བོད་ཀྱི་གྱོན་ཆས། བོད་ཀྱི་སྐར་རྩིས། བོད་ཀྱི་ལོ་སར་སོགས་སྣ་ཁ51བདམས་འདུག་ཅིང་། བྱིས་སྒྲུང་དང་། གཏམ་དཔེ། ངག་རྒྱུན། དམངས་གཞས། དིང་གླིང་འབུད་དཀྲོལ་སྒྱུ་རྩལ། བྲོ་གར། འཆམ། ཐང་ཁ་གཙག་དྲུབ། བོད་སྤོས་བཟོ་རྩལ། ཡིག་གཟུགས། ཨར་ག་གཅོག་ཚུལ། གཡང་ཊི་རྐོ་བཟོ་ལག་རྩལ། བོད་ཁང་ཕུབ་པའི་ལག་རྩལ། རྡོ་སླང་བཟོ་རྩལ། ཀོ་སྤྱིན་བཟོ་རྩལ། བོད་ཕག་གི་ཤ་གཡོ་སྦྱོར་ལག་རྩལ། ཆུར་བ་བཟོ་བའི་ལག་རྩལ། མར་ཟན་རྩམ་པ་བཟོ་རྩལ། ཨ་རག་བཟོ་རྩལ། སྲོལ་རྒྱུན་སྣུམ་བཙག་ལག་རྩལ། མེ་ཏོག་མཆོད་པ་བཟོ་བའི་ལག་རྩལ། སྒྲ་སྙན་བཟོ་བའི་ལག་རྩལ། རྡུལ་ཚོན་གྱིས་དཀྱིལ་འཁོར་བཞེངས་པའི་ལག་རྩལ། སྨན་བྱིན་རླབས་ཀྱི་ཆོ་ག འོང་སྐོར་དུས་ཆེན་སོགས་རྣམ་གྲངས101 ལྗོངས་རིམ་པའི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་གི་མིང་ཐོ་གྲས་སུ་བཀོད་ཡོད་པ་ལྟ་བུའོ། །
བཞི་པ། བོད་ཡུལ་གྱི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་སློབ་གྲྭའི་སློབ་གསོ་ཟུང་འབྲེལ་བྱ་འོས་པ། 
       2003ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་བཀྲམ་པའི《གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་སྤྱི་ཆིངས》 ཀྱི་དོན་ཚན་བཅུ་བཞི་པར། ཆིངས་ཡིག་ཁས་ལེན་པའི་རྒྱལ་ཁབ་སོ་སོས་ཅི་ཐུབ་གང་ནུས་ཀྱིས་བྱེད་ཐབས་ལག་ལེན་དུ་བསྟར་ཏེ། མང་ཚོགས་བྱིངས་དང་། ལྷག་པར་ན་གཞོན་རྣམས་ལ་དྲིལ་སྒྲོག་དང་ཆ་འཕྲིན་ཁྱབ་སྤེལ་གྱི་སློབ་གསོའི་འཆར་གཞི་ལ་བརྟེན་ནས། “གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པ”སྤྱི་ཚོགས་སུ་ཁས་ལེན་དང་། བརྩི་བཀུར་དང་དར་སྤེལ་ཐོབ་པར་བྱ་འོས་པར་བསྟན་ཡོད་ཅིང་། 2001ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་བཀྲམ་པའི《འཛམ་གླིང་རིག་གནས་སྣ་མང་ཅན་གྱི་སྒྲགས་གཏམ》དུའང་། མི་སོ་སོར་རང་ཉིད་ཀྱི་རིག་གནས་ཁྱད་གཤིས་ལ་བརྩི་བཀུར་གང་ལེགས་བྱེད་པའི་སློབ་གསོ་དང་སྦྱོང་བརྡར་སྤུས་ལེགས་དང་ལེན་བྱེད་པའི་དབང་ཆ་ཡོད་ཅིང་། སློབ་གསོ་ལ་བརྟེན་ནས། རིག་གནས་སྣ་མང་གི་དགེ་མཚན་ལྡན་པའི་དོན་སྙིང་ངོས་ཟིན་པ་སྐྱེད་སྲིང་བྱེད་པ་དང་། དེའི་སླད་དུ་སློབ་ཁྲིད་འཆར་གཞི་གཏན་འབེབས་དང་དགེ་རྒན་གྱི་དཔུང་སྡེའི་སྦྱོང་བརྡར་ལེགས་བཅོས་བྱ་འོས་པར་བསྟན་ཡོད། 
       རང་རེའི་རྒྱལ་ཁབ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི《འཛམ་གླིང་རིག་གནས་སྣ་མང་ཅན་གྱི་སྒྲགས་གཏམ》དང་《གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་སྤྱི་ཆིངས》ཁས་ལེན་པའི་རྒྱལ་ཁབ་ཅིག་ཡིན་པས། ཉེ་བའི་ལོ་འདི་དག་གི་རིང་ལ། རང་རྒྱལ་གྱི་སྲིད་གཞུང་རིམ་པ་ཁག་གིས་ཀྱང་། “སྲུང་སྐྱོབ་གཙོ་བོ་དང་། མྱུར་སྐྱོབ་དང་པོ། ལུགས་མཐུན་བེད་སྤྱོད། རྒྱུད་འཛིན་གོང་སྤེལ”བཅས་ཀྱི་རྩ་དོན་ལྟར། ཕྱོགས་ཡོངས་ནས་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་བྱ་བ་བསྒྲུབས་ཏེ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་བསྙོན་མེད་རེད། ཡིན་ནའང་དེ་ནི་ལེ་བར་ཁྲི་ཕྲག་གི་རྒྱང་སྐྱོད་ཀྱི་གོམ་པ་དང་པོ་ཙམ་ཡིན་ཅིང་། གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་དཀའ་ཚེགས་ཅན་གྱི་ལམ་ཐག་རིང་པོ་ད་དུང་ང་ཚོའི་མདུན་དུ་གནས་ཡོད་པ་རེད། 
       མིག་སྔའི་དུས་སུ་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་བྱ་བའི་ཁྲོད་དུ་གནས་པའི་གནད་དོན་གཙོ་བོ་ནི། གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད་དོ་མི་ཉམས་པ་དང་། ལས་གཞི་ཡར་ཞུ་བྱེད་པར་གཙིགས་ཆེན་དང་སྲུང་སྐྱོབ་བྱེད་པར་སྣང་ཆུང་བགྱིད་པ། སྲིད་སྐྱོང་ལག་རྗེས་ཀྱི་མིང་ཙམ་ལས་རིག་གནས་སྲུང་སྐྱོབ་ཀྱི་དོན་དངོས་ཕན་འབྲས་ལ་མི་ལྟ་བ། རང་སའི་རིག་གནས་རྒྱུད་འཛིན་པ་སྲུང་སྐྱོབ་དང་སྐྱེད་སྲིང་བྱེད་པ་མི་འདང་བ་སོགས་ཏེ། ལྷག་པར་དུ་བོད་ཡུལ་གྱི་སློབ་གསོའི་ལས་རིགས་ཁག་ཏུ་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་སློབ་གྲྭའི་སློབ་གསོ་ཡ་བྲལ་དུ་གྱུར་པའི་གནད་དོན་ཚབས་ཆེ་ཆུང་མི་འདྲ་བར་གནས་ཡོད་པའང་སུས་ཀྱང་བསྙོན་དུ་མེད་དོ། ། 
       1999ལོའི་ཟླ6པར།  ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲེམ་སྤེལ་བྱས་པའི《སློབ་གསོ་བཅོས་སྒྱུར་གཏིང་ཇེ་ཟབ་ཏུ་བཏང་སྟེ་ཕྱོགས་ཡོངས་ནས་རྒྱུ་སྤུས་སློབ་གསོ་སྐུལ་འདེད་གཏོང་བའི་ཐག་གཅོད》ཅེས་པར། “ཁྲིད་གཞི་མ་ལག་དང་། སྒྲིག་གཞི། ནང་དོན་བཅས་ལེགས་སྒྲིག་དང་བཅོས་སྒྱུར་བྱས་ཏེ། རྨང་གཞི་སློབ་གསོའི་ཁྲིད་གཞི་མ་ལག་གསར་པ་འཛུགས་པ་དང་། རྒྱལ་ཁབ་ཀྱི་ཁྲིད་གཞི་དང་། ས་གནས་ཀྱི་ཁྲིད་གཞི། སློབ་གྲྭ་རང་གི་ཁྲིད་གཞི་ཚོད་ལྟའི་ཚུལ་དུ་ལག་ལེན་བྱེད་རྒྱུ”ཞེས་གཏན་འབེབས་བྱས་ཤིང་། སློབ་གསོ་པུའུ་ཡིས་བཀྲམ་པའི་ཡིག་ཆ 《རྨང་གཞི་སློབ་གསོའི་ཁྲིད་གཞི་བཅོས་སྒྱུར་རྩ་གནད(ཚོད་ལྟ)》(སློབ་རྨང [2002]ཨང17པ)ཅེས་པར།  “ཁྲིད་གཞི་བདག་གཉེར་གཅིག་བསྡུས་བྱས་དྲགས་པའི་གནས་བབ་བསྒྱུར་ཏེ། རྒྱལ་ཁབ་དང་། ས་གནས། སློབ་གྲྭ་བཅས་རིམ་པ་གསུམ་གྱི་ཁྲིད་གཞི་བདག་གཉེར་ལག་བསྟར་བྱས་ཏེ། ཁྲིད་གཞི་ས་གནས་དང་། སློབ་གྲྭ། སློབ་མ་བཅས་ལ་འོས་འཚམ་གྱི་རང་བཞིན་ཤུགས་ཆེ་རུ་གཏོང་རྒྱུ”ཞེས་གཏན་ཁེལ་བྱས་འདུག་པས། ང་ཚོར་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་སློབ་གྲྭའི་སློབ་གསོ་ཟུང་འབྲེལ་བྱེད་པར་སྲིད་ཇུས་ཀྱི་ཐོག་ནས་གཞི་འཛིན་ས་དང་རྒྱབ་རྟེན་འདོན་སྤྲོད་བྱས་ཡོད་པས། ང་ཚོས་ཅིས་ཀྱང་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་སློབ་གྲྭའི་སློབ་གསོ་ཡ་བྲལ་དུ་གྱུར་པའི་དོན་དངོས་གནད་དོན་ངོས་གསལ་པོ་ཟིན་པའི་ཐོག་ནས་གནད་དོན་དེ་སེལ་བར་བྱེད་པ་ལ་ཁ་ཞེ་གཉིས་མེད་ཀྱིས་འབད་བརྩོན་བྱ་རིགས་སོ། ། 
       སློབ་གྲྭ་ནི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་ས་ཡིན་པར་མ་ཟད། རིག་གནས་སྲུང་ཉར་བྱ་ས་དང་། འཛིན་སྐྱོང་སྤེལ་གསུམ་བྱེད་ས་གལ་ཆེན་ཞིག་ཡིན་པས། བོད་ཡུལ་གྱི་རིགས་དང་རིམ་པ་མི་འདྲ་བའི་སློབ་གྲྭ་ཁག་གིས་སློབ་གྲྭ་རང་ཉིད་ཀྱི་ཁྲིད་གཞི(校本课程) འཛུགས་སྐྲུན་བྱེད་པ་དང་སྦྲགས་ནས་རང་སའི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་བྱེད་སྒོ་སྣ་ཚོགས་རྒྱུན་མར་སྤེལ་བ་ནི། གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་དང་། སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་ཀྱི་རྒྱུ་སྤུས་ཇེ་མཐོར་གཏོང་བའི་ཐབས་ལམ་ལེགས་ཤོས་ཤིག་ཡིན་པས། སློབ་གྲྭ་སྒྲུབ་པའི་བརྒྱུད་རིམ་ཁྲོད་དུ། ང་ཚོས་རང་སའི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་དེ་སློབ་ཁྲིད་ཀྱི་ཐོན་ཁུངས་གལ་ཆེན་ཞིག་ཏུ་བརྩིས་ནས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱ་འོས་སོ། ། 
       ལག་ལེན་དངོས་ཀྱི་བརྒྱུད་རིམ་ཁྲོད་དུ། སློབ་གྲྭ་སོ་སོས་རང་རང་གི་བབ་ཐོབ་དང་བསྟུན་ནས། འཆར་གཞི་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་གང་འཚམ་དེ་འགྲིག་གི་ཐབས་ལམ་ལ་བརྟེན་ཏེ་རང་སའི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་སློབ་གསོའི་ཕྱག་ལས་སྤེལ་འོས་ཏེ། སློབ་གྲྭ་ཆུང་འབྲིང་དུ་གཙོ་བོ་སློབ་གྲྭ་རང་ཉིད་ཀྱི་ཁྲིད་གཞི་གསར་སྤེལ་དང་དེའི་སྐོར་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བའི་ཐབས་ལམ་ལ་བརྟེན་འོས་ཤིང་། སློབ་གྲྭ་ཆེན་མོ་རྣམས་སུ་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་རིག་ཚན་ཆེད་ལས་འཛུགས་པ་དང་། ཁྲིད་གཞི་གསར་འཛུགས་བྱེད་པ། ཚན་རིག་ཞིབ་འཇུག་གི་ལས་གཞི་འཛུགས་པ་དང་། གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐོན་ལས་ཅན་དུ་བསྒྱུར་བ་སོགས་བྱ་འོས་སོ་སྙམ། ། 
ལྔ་པ། མཇུག་གྲུབ་པའི་མཆིད། 
       བརྒྱ་བཤད་ཚིག་གི་རྩ་བ་མདོར་དྲིལ་ན། ང་ཚོས་མིའི་རིགས་ཀྱི་རིག་གནས་སྤྱི་ཡོངས་ལ་དམིགས་པའི་བློ་རྒྱ་བསྐྱེད་ནས་མི་རིགས་རང་ཉིད་ཀྱི་རིག་གནས་ཐོན་ཁུངས་དང་དེའི་རིན་ཐང་ངོས་ཟིན་པར་བྱེད་དགོས་ཤིང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། དེང་རབས་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་ཞིང་མི་རིགས་རིག་གནས་ཀྱི་ཁྱད་གཤིས་དང་མི་འགལ་བའི་རིག་གནས་གསར་པ་གསར་གཏོད་དང་ནང་འདྲེན་བྱ་འོས་ཤིང་། ཕྱོགས་ཡོངས་དང་སྣ་སྒོ་མོ་ནས་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་ཀྱི་བག་ལ་ཉལ་བའི་སློབ་གསོའི་རིན་ཐང་དངོས་ཡོད་ཀྱི་དོན་སྙིང་ངོས་ཟིན་པར་བྱས་ཏེ། ཁ་བཤད་ཆུ་ཡི་ལྦུ་བའི་རྗེས་སུ་མ་སོང་བར། ལག་ལེན་དངོས་ཀྱི་ཐོག་ནས་རང་སའི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པ་དང་སློབ་གྲྭའི་སློབ་གསོ་ཟུང་འབྲེལ་རྐྱ་སྒྲིལ་གང་ལེགས་བྱས་ནས། མིའི་རིགས་ཀྱི་རིག་གནས་མི་ཉམས་གོང་དུ་འཕེལ་བར་རང་འཁོས་དང་བསྟུན་པའི་ལག་རྗེས་ཅུང་ཟད་ཙམ་རེ་ཨེ་ཞོགས་བལྟ་རྒྱུ་ནི་གནད་ཀྱི་དོན་པོའོ། །               ཟུར་བལྟའི་དཔྱད་གཞི། 
       1. 于海光 . 中国的世界非物质文化遗产 [M]. 济南:山东画报出版社,2011.
       2. 李向民,王晨等著 . 文化产业:变革中的文化 [M]. 北京:经济科学出版社,2005. 
       3.སློབ་གསོ་པུའུ་ཡིས་བཀྲམས་པའི་ཡིག་ཆ《རྨང་གཞི་སློབ་གསོའི་ཁྲིད་གཞི་བཅོས་སྒྱུར་རྩ་གནད(ཚོད་ལྟ)》(སློབ་རྨང [2002]ཨང17པ) 
       4.《རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་འཆར་བཀོད་རྩ་གནད(2010-2020ལོ)》 2010ལོའི་ཟླ7ཚེས29ཉིན་བཀྲམས་པ། 
       5. སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། 2013(2):5-10. 
       6. 中国非物质文化遗产网:中国非物质文化遗产数字博物馆,中国艺术院主办,www.ihchina.cn  

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1