གཙོ་ངོས།>> དེང་རབས་མི་སྣ།>>དམངས་ཁྲོད་མི་སྣ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༨ཚེས་༢༡ཉིན།

༄༅།།སྐར་མ་ཆོས་གྲགས།

སྲོལ་རྒྱུན་གྱི་ཤིང་བརྐོས་ལག་རྩལ་གྱི་རྒྱུན་འཛིན་བ་སྐར་མ་ཆོས་གྲགས།


སྙེ་མོའི་ཕུ་གསུམ་པར་རྐོའི་རྒྱུན་འཛིན་བ་སྐར་མ་ཆོས་གྲགས།

སྐར་མ་ཆོས་གྲགས་ཀྱི་པར་རྐོའི་ཡོ་བྱད།

“སྙེ་བྲིས”ཀྱི་རྒྱུན་འཛིན་བ་རྡོ་རྗེ་ཆོས་འཕེལ(རབས་ལྔ་པ)(གཡས)གྱིས་སྐར་མ་ཆོས་གྲགས(རབས་དྲུག་པ)(གཡོན)ཀྱི་བརྩམས་ཆོས་ལ་ལྟ་བ།

སྐར་མ་ཆོས་གྲགས་དང་ཁོང་གི་མཉམ་ལས་ཁང་ལ་ཐོབ་པའི་གཟེངས་རྟགས་དང་ལག་ཁྱེར་སྣ་ཚོགས།

སྐར་མ་ཆོས་གྲགས་ཀྱིས“སྙེ་བྲིས”འབྲི་བཞིན་པ།
        དང་པོ།
        ཕུ་གསུམ་ཤང་ལ“ཤིང་བརྐོས་ཀྱི་ཕ་ཡུལ”ཞེས་སུ་གྲགས། ཤང་ཡོངས་ཀྱི་ཁྱིམ་ཚང་ཕྱེད་ཀ་ཙམ་གྱིས་ཤིང་པར་དང་དར་པར་གྱི་ལས་ལ་འཇུག་གི་ཡོད། ཕུ་གསུམ་ཤང་གི་ཤིང་བརྐོས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དེ་ནི་ཕུ་གསུམ་ཤང་གི་མི་རབས་མང་པོས་ཕ་མེས་ཡང་མེས་ནས་རྒྱུན་བསྐྱངས་པའི་གནའ་བོའི་ལག་རྩལ་ཞིག་རེད། ཤིང་རྐོ་མཁན་ཚོས་ལག་ལེན་གྱི་ཆུ་རྒྱུན་རིང་མོའི་ཁྲོད་པར་ཤིང་བརྐོས་ལག་རྩལ་གྱི་ཉམས་མྱོང་གསོག་པ་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མི་ཉམས་གོང་འཕེལ་ལ་རྩེ་གཅིག་ཏུ་གཞོལ་ཡོད། ད་ཆ་ཤིང་བརྐོས་ཀྱི་ནང་དོན་ཐོག་མའི་ཆོས་ལུགས་བྱེད་སྒོ་དང་། མི་དང་རང་བྱུང་མཛེས་ལྗོངས་སོགས་དཀྲུག་རྒྱག་པ་ནས་མིག་སྔའི་སྤྱི་ཚོགས་འཚོ་བའི་ཕྱོགས་གང་སར་ཁྱབ་ཡོད། ཡུལ་སྐོར་ཁྲོམ་ར་ཉིན་བཞིན་དར་རྒྱས་འགྲོ་བ་དང་བསྟུན་ནས་ཤིང་བརྐོས་ཀྱི་ནང་དོན་ཡང་སྒྱུ་རྩལ་ཐོན་རྫས་ནས་ཡུལ་སྐོར་ཐོན་རྫས་དུ་རིམ་བཞིན་གྱུར་པ་དང་། ཤིང་བརྐོས་ཀྱི་སྒྱུ་རྩལ་ཐོན་རྫས་ཀྱང་ཡུལ་སྐོར་བས་དགའ་པོ་བྱེད་པའི་ཡུལ་སྐོར་ཐོན་རྫས་སུ་གྱུར་ཡོད། 2009ལོར་ཕུ་གསུམ་གྱི་ཤིང་བརྐོས་ལག་རྩལ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མིང་གཞུང་དུ་བཅུག་པ་རེད།
        ཕུ་གསུམ་གྱི་ཤིང་བརྐོས་ལག་རྩལ་ཞིབ་ཚགས་ལ་བཟོ་རྩལ་བྱང་ཆུབ་པ་དང་ལས་རིམ་རྙོག་འཛིང་ཆེན་པོ་ཡོད། ཤིང་རྒྱུ་འདེམས་པ་དང་། བཟོ་བ། རྐོ་བ་བཅས་ནས་ཐོན་རྫས་མ་གྲུབ་བར་ལས་རིམ་30ལྷག་ཙམ་བརྒྱུད་དགོས་པ་མ་ཟད། ཚང་མ་ལག་པ་ཁོ་ནར་བརྟེན་དགོས་ཀྱི་ཡོད། ལག་རྩལ་འདི་ནི་འཕྲུལ་ཆས་ཀྱིས་དཀྲུག་ཐབས་བྲལ་བའི་གནའ་བོའི་ལག་རྩལ་ཞིག་ཏུ་གྱུར་ཡོད། གཞན་ཡང་ཕུ་གསུམ་གྱི་ཤིང་བརྐོས་ཐབས་རྩལ་མང་ལ་སྤྱོད་གོ་ཆེན་པོ་ཡོད་ཅིང་། ཡིག་རིས་དཀྲུག་པའི་ཐད་སྤྱོད་པ་དང་འབྲེལ་ད་དུང་དར་པར་རྒྱག་པའི་ཐད་ལའང་སྤྱོད་ཀྱི་ཡོད།
        སྐར་མ་ཆོས་གྲགས་དཔེ་ཆ་བཤུ་འབྲི་དང་པར་ཤིང་རྐོ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཕ་རྡོ་རྗེ་ཆོས་འཕེལ་གྱིས་ཤིང་བརྐོས་ལ་མཁས་པའི་དགེ་ཕྲུག་མང་པོ་བསྐྱངས་ཡོད། སྤོ་བོ་དངོས་གྲུབ་རྡོ་རྗེས་ཀྱང་ཚེ་གང་རིང་པར་ཤིང་རྐོ་བར་གཞོལ་ཡོད། ཡང་སྤོ་བསོད་ནམས་དབང་རྒྱལ་ནི་ས་གནས་དེ་གའི་ཡིག་མཁན་གྲགས་ཅན་ཞིག་རེད། གཅེན་པོ་བསྟན་པ་རབ་རྒྱས་སྐར་མ་ཆོས་གྲགས་ལས་ལོ་8ཀྱིས་རྒན་པ་དང་ད་ཆ་ཕོ་བྲང་པོ་ཏ་ལར་བོད་ཡིག་གི་གནའ་དཔེ་མྱུར་སྐྱོབ་ལས་ལ་ཞུགས་བཞིན་ཡོད། “ང་རང་ཧ་གཉིད་གོ་བ་ནས་གཅེན་པོ་དགེ་ཕྲུག་ཐོན་ཟིན་ཡོད། པཱ་ལགས་དང་གཅེན་པོས་ཉིན་ལྟར་དཔེ་ཆ་བཤུ་འབྲིའི་ཕྱག་ལས་གནང་ནས་ཞུགས་ཀྱི་རེད། ངའི་བྱིས་དུས་ཀྱི་དྲན་འཆར་མང་ཆེ་བ་བོད་ཡིག་གི་ཡིག་གཟུགས་དང་ཤིང་པར་དང་འབྲེལ་བ་ཡོད”ཅེས་སྐར་མ་ཆོས་གྲགས་ཀྱིས་ཤིང་པར་རྐོ་བཞིན་དུ་བཤད། སྐབས་དེ་དུས་ཁོང་འགོ་ཁྲིད་མི་སྣའི་སྐུ་བརྙན་རྐོ་བཞིན་འདུག ཁོང་གིས་མ་ལག་བདེ་པོས་རྐོ་གྲིས་ཤིང་པར་རྐོ་བ་དང་དེ་ནས་ཞ་སྨྱུག་གིས་སྐྱ་བྲིས་འབྲི་གི་འདུག མི་སྣའི་སྐྲ་བརྐོས་པ་དག་ཀྱང་ཇི་མ་ཇི་བཞིན་དུ་སྣང་གི་འདུག
        ཕ་མེས་ཡང་མེས་རྣམས་བོད་ཡིག་གི་ཡིག་གཟུགས་དང་ཤིང་བརྐོས་ལས་རིགས་ཀྱི་གཙུག་རྒྱན་ལྟ་བུ་ཡིན་པས། ཤིང་བརྐོས་སྒྱུ་རྩལ་སྐར་མ་ཆོས་གྲགས་ཀྱི་ངེས་པར་དུ་སྒྲུབ་དགོས་པའི་འགན་འཁྲི་ཞིག་ཏུ་གྱུར། ལོ་བཅུ་གསུམ་ལ་སོན་པ་ནས་བཟུང་སྐར་མ་ཆོས་གྲགས་ཀྱིས་ཤིང་བརྐོས་ལས་ལ་གཞོལ་འགོ་བརྩམས། “བོད་ཡིག་གི་ཡིག་གཟུགས་རྐོ་བའི་བརྒྱུད་རིམ་ཧ་ཅང་རྙོག་འཛིང་ཆེན་པོ་ཡོད། ཐོག་མར་བོད་སྨྱུག་གིས་པར་ཤིང་ངོས་སུ་བརྐོ་བྱའི་དཔེ་ཆ་འབྲི་དགོས་པ་དང་། དེ་ནས་ཤིང་པར་ངོས་སུ་བརྐོ་དགོས། ཉིན་ལྟར་སྐྱིལ་ཀྲུང་མར་དུས་ཚོད་རིང་པོ་སྡོད་དགོས། སྐབས་དེ་དུས་ངས་ཀྱང་འཁང་ར་བྱེད་མྱོང་ཡོད། ལྷག་དོན་དུ་རང་དང་ན་མཉམ་གྱི་ཕྲུ་གུ་ཚོ་རྩེད་འཇོར་རོལ་ནས་སྡོད་དུས་ང་ཡིད་སྨོན་ཆེན་པོ་སྐྱེ་མྱོང”ཞེས་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་བརྗོད། ཁོང་གིས“པ་ཕས་ཉིན་ལྟར་ངར་ལས་འགན་སྤྲོད་གནང་གི་རེད། གལ་སྲིད་ངས་ལས་འགན་མ་གྲུབ་ན་ཉེས་ཆད་ལྕི་པོ་གཏོང་གནང་གི་རེད” ཕ་རྡོ་རྗེ་ཆོས་འཕེལ་གྱིས་སྔ་ས་ནས་ཤིང་བརྐོས་ལག་རྩལ་རྒྱུན་འཛིན་གྱི་ལས་འགན་བུར་སྤྲད་ཟིན་ཡོད། གསར་འགོད་པས་ཁོང་ལ་ལྟ་བར་འགྲོ་སྐབས་ཁོང་སྒོ་རའི་ནང་ཉི་མ་སྲོ་བཞིན་འདུག “ངའི་མིག་ཤེད་སྐྱོ་རུ་ཕྱིན་འདུག ད་ལྟ་ཤིང་པར་རྐོ་གི་མེད། བུའི་ལག་ཤེས་བྱང་ཆུབ་པོ་ཆགས་འདུག ད་ཆ་སེམས་ཁྲལ་གཏན་ནས་མི་འདུག”ཅེས་བརྗོད་བྱུང་།
        གཉིས་པ།
        ཡུན་རིང་འབད་པ་ལྷོད་མེད་བྱས་པར་བརྟེན། སྐར་མ་ཆོས་གྲགས་ཀྱི་བོད་ཡིག་ཤིང་བརྐོས་ལག་རྩལ་སྔར་བས་ཇེ་ལེགས་སུ་སོང་ཡོད། 2014ལོར་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་བར་གྱུར་ཅིང་། “ད་ལྟ་བསམས་ན། སྐབས་དེ་དུས་ངས་ཤིང་བརྐོས་ལག་རྩལ་སྦྱོང་མཚམས་མ་བཞག་པ་དེ་འགྲིག་འདུག ཉེ་འཁོར་གྱི་གྲོགས་པོ་མི་ཉུང་བ་ཕྱུག་བདག་ཤ་སྟག་ཡིན་རུང་། ཡིད་སྨོན་ཕྲན་ཙམ་ཡང་སྐྱེ་མ་མྱོང་། ད་ཆ་ངས་བློ་གཅིག་སེམས་གཅིག་གིས་བོད་ཡིག་གི་ཤིང་བརྐོས་ལས་ཀ་འདི་ལེགས་པོ་ཞིག་སྒྲུབ་འདོད་པ་ལས་རེ་བ་གཞན་མེད། འདི་ནི་ང་རང་འཇུག་འདོད་ཀྱི་ལས་རེད་ལ་བདེ་སྐྱིད་ཀྱི་རྩ་བའང་རེད”ཅེས་སྐར་མ་ཆོས་གྲགས་ཀྱིས་གསར་འགོད་པར་བརྗོད།
        སྐར་མ་ཆོས་གྲགས་ཀྱི་བོད་ཡིག་ཤིང་བརྐོས་ལག་རྩལ་སྙན་གྲགས་གང་སར་ཁྱབ་པས་མངགས་ཐོའང་རྒྱུན་ཆད་མེད། ཁོང་རང་ཉིད་ཕྱུག་པོ་ཆགས་ནའང་ཁོང་གིས་གྲོང་མི་ཚང་མ་ཕྱུག་པོའི་ལམ་དུ་འཁྲིད་རྒྱུ་གཏན་ནས་བརྗེད་མེད།
        གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ཆ་ཤས་ཤིག་གི་ངོས་ནས། 2016ལོའི་ཟླ་4པའི་ཚེས་11ཉིན་སྐར་མ་ཆོས་གྲགས་ཀྱིས་སྙེ་མོ་རྫོང་སྲིད་གཞུང་གི་རོགས་སྐྱོར་འོག་ཁྲིམས་མི་བྱས་ནས་བདེ་ལེགས་དཔལ་འབྱོར་བོད་ཡིག་ཤིང་བརྐོས་ལག་རྩལ་རྒྱུན་འཛིན་གྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། ཡུལ་དེ་གར་ལས་ཞུགས་དང་ཁེ་སྤོགས་བགོ་འགྲེམས་སོགས་ཀྱི་བྱེད་ཐབས་སྣ་མང་ལ་བརྟེན་ནས་ཡུལ་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་གྱི་རོགས་པ་བཟང་པོར་གྱུར་ཡོད། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་མང་དུ་བཏང་ཁར་ཡུལ་དེ་གའི་དཔལ་འབྱོར་རྒྱུན་མཐུད་དང་། སྐྱོན་བྲལ། མགྱོཌ་མྱུར་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བས་དམངས་འཚོ་ཡར་རྒྱས་ཆེན་པོ་བྱུང་ཡོད། “ང་ཚོའི་མཉམ་ལས་ཁང་དུ་བསྡུས་པའི་དགེ་ཕྲུག་ཕལ་ཆེ་བ་གྲོང་ཚོའི་ནང་གི་དུད་ཁྱིམ་དབུལ་པོ་ནས་རེད། ཤིང་བརྐོས་ལག་རྩལ་སྦྱོང་རིང་ཁོ་ཚོར་གླ་ཆ་འོས་འཚམ་སྤྲོད་ཀྱི་ཡོད། ངས་ཁྱོན་དགེ་ཕྲུག་40ཉར་བའི་ནང་ནས་མིག་སྔར་དགེ་ཕྲུག་12སློབ་མཐར་ཕྱིན་ཟིན། བོད་ཡིག་གི་ཤིང་བརྐོས་ལག་རྩལ་སྦྱོང་བར་ལོ་གསུམ་དགོས་ཀྱི་ཡོད། འབུར་རྐོས་ལག་རྩལ་སྦྱོང་བར་བརྩོན་འགྲུས་ཆེ་ཙམ་དགོས་ཏེ་ལོ་8རིང་བསླབས་ན་མཐར་ཕྱིན་པ་ཤེས་ཐུབ་ཅིང་། དེ་རྗེས་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་ཐུབ”ཅེས་སྐར་མ་ཆོས་གྲགས་ཀྱིས་བརྗོད།
        “ངའི་ཕུགས་འདུན་ཆེ་ཤོས་ནི་སློབ་གྲྭ་ཞིག་གཉེར་ནས་དབུལ་པོའི་བུ་ཕྲུག་དང་དངོས་གནས་སློབ་སྦྱོང་བྱེད་འདོད་ཡོད་པའི་སློབ་མ་བསྡུས་ཏེ། ངས་ཁོ་ཚོར་བོད་ཡིག་གི་ཤིང་བརྐོས་དང་ལྡེབས་རིས་སླར་གསོ་སོགས་ཀྱི་ལག་རྩལ་སློབ་འདོད་འདུག དེ་ལྟར་བྱེད་དོན་ནི་ཕྱོགས་གཅིག་ནས་རྗེས་རབས་པ་ཚོས་ཤིང་བརྐོས་ལག་རྩལ་མུ་མཐུད་རྒྱུན་འཛིན་ཐུབ་པ་དང་། ཕྱོགས་གཞན་ཞིག་ནི་དུད་ཚང་དབུལ་པོའི་བུ་ཕྲུག་ཚོས་ལག་རྩལ་སྣ་གཅིག་ཤེས་ནས་རྗེས་མར་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་ཐུབ། རྒྱུན་འཛིན་བ་ཞིག་གི་ཆ་ནས། ངས་རང་ཉིད་ཀྱི་ཤེས་པ་ཚང་མ་རྗེས་རབས་པ་ཚོར་སློབ་འདོད་ཡོད”ཅེས་སྐར་མ་ཆོས་གྲགས་ཀྱིས་བཤད། 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1