༄༅།།རིག་གནས་ཀྱི་དཔྱིད་དཔལ་ཞེས་པའི་སྙན་ངག་གི་ཁྱད་ཆོས་ཅུང་ཟད་གླེང་བ།

ལྷུན་འགྲུབ་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-21



མགོ་ལོག ལྷུན་འགྲུབ་སྐྱིད།
        རིག་གནས་ཀྱི་དཔྱིད་དཔལ་ཞེས་པའི་སྙན་ངག་འདི་ནི་རྩོམ་པ་པོ་གླང་མདུན་དཔལ་འབྱོར་གྱིས་བརྩམས་ཤིང་། ཁོང་གི་སྙན་ངག་འདི་ལ1985ལོར་ཞིང་ལྗོངས་ལྔའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཨང་དང་པོ་ཐོབ་པར་མ་ཟད། ཞིང་ལྗོངས་ལྔའི་མཉམ་སྒྲིག་སློབ་གཞི་དམའ་འབྲིང་གི་དེབ་བཞི་པའི་སྟེང་དུའང་བཀོད་ཡོད། སྙན་ངག་འདིར་བརྗོད་བྱའི་དོན་ཟབ་ལ་སྒྱུ་རྩལ་གྱི་ཉམས་ཁྱད་པར་བ་ལ་བརྟེན་ནས་བརྗོད་བྱའི་དོན་དེ་མཚོན་པར་བྱས་ཡོད་ཕྱིར་ཁོ་མོས་ལོ་ངོ་དུ་མའི་སློབ་ཁྲིད་ཀྱི་ཉམས་མྱོང་ཁྲོད་བྱུང་བའི་ངོས་ཟིན་གཞིར་བཅས་ནས་འདིར་ཅུང་ཞིག་གླེང་བར་བྱ་སྟེ།

 གཅིག ཁ་བྱང་ལས་བརྗོད་དོན་གསལ་པོར་རྟོགས་པ།
        རྩོམ་ཡིག་ལ་མིང་བཏགས་པ་དོན་ལ་འབྱོར་ཚེ་བརྗོད་བྱའི་དོན་གྱི་སྙིང་པོ་མིང་ལ་བརྟེན་ནས་གསལ་པོར་རྟོགས་ཐུབ་པ་ཡིན། དེ་ཡང་རྩོམ་ཡིག་འདིའི་ཁ་བྱང་ལ་རིག་གནས་ཀྱི་དཔྱིད་དཔལ་ཞེས་རིག་གནས་ཉམས་པ་ནས་སླར་ཡང་དར་ཞིང་རྒྱས་པ་དཔྱིད་ཀྱི་དཔལ་ཡོན་གྱི་གཟུགས་སུ་བཀོད་ལ། སྤྱིར་དཔྱིད་ཀྱི་དཔལ་ཡོན་ཡིན་ཙ་ན། མི་རྣམས་ཀྱི་བློ་ངོར་རི་བོར་མདངས་རྒྱས་ཤིང་ཆུ་བོར་བོགས་ཐོན་ནས་ཐམས་ཅད་ཐམས་ཅད་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ཐམས་ཅད་ཐམས་ཅད་ལ་གསོན་ཤུགས་རྒྱས་བཞིན་པའི་སྣང་བ་ཞིག་འཆར་བར་བྱེད། དེ་བཞིན་དུ་རིག་གནས་ཀྱི་དཔྱིད་དཔལ་ཞེས་པ་ཙམ་གྱིས་ཀྱང་བོད་ཀྱི་རིག་གནས་ལ་དཔྱིད་ཀྱི་དཔལ་ཡོན་ཤར་བ་ལྟ་བུའི་རྣམ་པ་སྟེ། རིག་གནས་ལ་སློབ་སྦྱོང་དང་། རིག་གནས་ཉམས་པ་སླར་གསོ་དང་། རིག་གནས་འཕེལ་རྒྱས་གཏོང་བ་དང་། རིག་གནས་ཁྱབ་བརྡལ་དུ་གཏོང་བ། རིག་གནས་བེད་སྤྱོད་བྱེད་པ་སོགས་སྔར་ཡོད་མ་མྱོང་བའི་ཉམས་དགའ་བའི་རྣམ་པ་གསར་པ་ཞིག་གི་མགོ་ཚུགས་པ་རྟོགས་ཐུབ་པས། ཁ་བྱང་ལ་བལྟས་པ་ཙམ་གྱིས་བརྗོད་དོན་གྱི་སྙིང་པོ་ཡིད་ལ་གསལ་པོར་འཆར་ཐུབ་པ་ཡིན། ལྷག་པར་དུ་སྙན་ངག་འདི་བསྡུས་བརྗོད་ཀྱི་འབྲི་ཐབས་བཀོལ་ནས་བྲིས་ཡོད་པས། རྩོམ་ཡིག་ཧྲིལ་པོ་བཀླགས་ཚར་རྗེས། ཡང་བསྐྱར་རྩོམ་ཡིག་གི་ཁ་བྱང་ལ་བསམ་བློ་བཏང་ཚེ་སྙན་ངག་གི་བརྗོད་དོན་གསལ་པོར་རྟོགས་པར་བྱེད་པའི་ནུས་པ་ལྡན།

  གཉིས། བརྗོད་བྱའི་བསྟན་དོན་བསྡུས་བརྗོད་ཀྱི་ལམ་ནས་བསྟན་པ།
        རྩོམ་པ་པོས་རྩོམ་ཡིག་གི་བརྗོད་བྱའི་སྙིང་པོ་སྟེ། རིག་གནས་གསར་བརྗེ་ལས་འགུལ་མཇུག་སྒྲིལ་ནས། ཡང་དག་པའི་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱས་པ་བརྒྱུད་དེ། བོད་ཀྱི་རིག་གནས་ལ་དཔྱིད་ཀྱི་དཔལ་ཡོན་ཤར་བ་ལྟ་བུའི་གནས་བབ་ལེགས་པོ་བྱུང་བ་དེ་ཐད་ཀར་མ་བརྗོད་པར། ཆུ་སྐྱེས་པད་མ་དང་ལང་ལོང་འཁྲིག་པའི་སྤྲིན་ནག རྐང་དྲུག་བུང་བ། རྟ་བདུན་དབང་བོ་སོགས་དང་སྦྱར་ནས་མཚོན་ཡོད། དེ་ཡང་བོད་ཀྱི་ཡུལ་འདིར་མེས་པོས་བཞག་པའི་རིག་གནས་ཀྱི་ཆུ་སྐྱེས་པད་མ་རྣམ་པར་བཞད་པ་ལ། ནམ་ཞིག་གི་ཚེ། ལང་ལོང་སྤྲིན་ནག་འཁྲིགས་པའི་དུས་ཀྱི་ནམ་ཟླས་གནོད་འཚེ་ཐེབས་ཏེ་མི་རབས་དུ་མ་ཞིག་ལ་ཉམས་པར་གྱུར་པས། དེ་ལ་རོལ་བའི་རྐང་བ་དྲུག་པའི་ཚོགས་ཀྱང་གྲང་ལྷགས་ཀྱིས་མནར་བ་ལ། རེ་ཞིག་ཁྲི་གདུགས་ཉི་མའི་འོད་ཟེར་འཕྲོས་པའི་བཀའ་དྲིན་གྱིས་བསིལ་ལྷགས་གངས་འཁྱག་བཞི་ཡི་དགུན་གྱི་དུས་བཅོམས་པས། ས་གཞི་ཡོངས་ལ་དཔྱིད་ཀྱི་དཔལ་ཡོན་རྒྱས་ཤིང་། ཆུ་སྐྱེས་པད་མ་ལ་སླར་ཡང་སྐྱེ་སྟོབས་རྒྱས་ཤིང་འདབ་མ་གྲོལ་ཏེ་མེ་ཏོག་བཞད་པས། བུང་བའི་ཚོགས་ཀྱིས་རང་དགར་མེ་ཏོག་གི་བཅུད་ལ་རོལ་བའི་ཉམས་དགའ་བའི་གནས་བབ་དེ་མཚོན་པའི་ཤུགས་ལས།བོད་ཀྱི་རིག་གནས་ལ་བྱུང་བའི་ལོ་རྒྱུས་ཏེ། རིག་གནས་གསར་བརྗེ་ཆེན་པོའི་རླུང་འཚུབ་ཀྱིས་རིག་གནས་མཐའ་དག་ཉམས་དམས་སུ་བཏང་ཞིང་། དེ་ལ་སྦྱང་བརྩོན་བྱེད་པའི་སྐལ་བ་འཕྲོག་པར་བྱས་མོད། འོན་ཀྱང་། ཡང་དག་པའི་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱས་པ་བརྒྱུད་དེ་བོད་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བའི་ཉམས་དགའ་བའི་གནས་བབ་དེ་བསྟན་ཡོད་ཕྱིར། ཕྱི་ངོས་ནས་མེ་ཏོག་གི་ར་བ་ཞིག་ལ་ནམ་ཟླས་ཆག་འཇིག་ཐེབས་པ་དང་། དེ་ནས་ཉི་མའི་སྣང་བ་ལ་བརྟེན་ནས་སླར་ཡང་དཔལ་ཡོན་རྒྱས་པའི་རང་བྱུང་གི་རྣམ་པ་བརྗོད་པ་ལ་བརྟེན་ནས་དོན་མཚོན་པར་བྱས་ཡོད་པས། རྩོམ་ཡིག་ཧྲིལ་པོར་ཉམས་ཁྱད་པར་བ་ཞིག་ལྡན་པ་རེད།

 གསུམ། རབ་བཏགས་དང་གཟུགས་འགོད་ཀྱི་རྒྱན་ལ་བརྟེན་ནས་རྩོམ་ལ་སྣང་བརྙན་ལྡན་པར་བྱས་པ།
        དེ་ཡང་རྩོམ་པ་པོས་རྩོམ་ཡིག་ཏུ་བརྗོད་དོན་ལ་ལ་ཞིག་ཀློག་པ་པོའི་སྤྱན་གྱི་གཟིགས་མོར་འགོད་དུས། རབ་བཏགས་ཀྱི་རྒྱན་སྤྱད་ནས་བརྗོད་ཡོད་ཕྱིར་བརྗོད་བྱའི་དོན་དེ་གཟུགས་སྣང་ཅན་དུ་བྱས་པ་དང་། སྣང་བརྙན་ཡོད་པའི་སྒོ་ནས་ཀློག་པ་པོའི་བློ་ངོར་གསལ་པོར་བཞག་ཡོད་པ་སྟེ། དཔེར་ན། ཉི་མའི་གཟི་བྱིན་གྱིས་གྲང་ལྷགས་འཇོམས་པ་ནི་རང་བྱུང་གི་ཆོས་ཉིད་ཅིག་ཡིན་མོད། འོན་ཀྱང་རྩོམ་པ་པོས་ཉི་མས་གྲང་ལྷགས་འཇོམ་པའི་རྐྱེན་གྱིས་གྲང་ལྷགས་ཀྱིས་ཉི་མ་ལ་སྡང་སེམས་འཛིན་པར་རབ་བཏགས་བྱས་ནས། གྲང་ལྷགས་ཀྱིས་ཉི་མའི་གཟི་བྱིན་མི་བཟོད་པར་བརྗོད་པ་དང་། ཁ་བས་རྩེ་མོ་བརྒྱན་ཞིང་ནགས་ཀྱི་གོས་གྱོན་པའི་རི་བོ་མཐོན་པོ་དེ་འབྲི་དུས། རི་བོས་ནམ་མཁའ་བརྟོལ་བར་རྟོག་བཏགས་བྱས་པས་རི་དེ་ཤིན་ཏུ་མཐོ་བ་མིག་ལམ་དུ་མངོན་པར་བྱས་པ། མེ་ཏོག་གི་འདབ་མ་གྲོལ་བ་དེ་ཕྱག་སོར་གྱི་ཐལ་མོ་གྲོལ་བའི་གཟུགས་སུ་བཀོད་པས་མེ་ཏོག་གི་འདབ་མ་གྲོལ་བའི་བྱ་རིམ་དེ་གཟུགས་སྣང་ཅན་དུ་བཏང་བ། བསིལ་རླུང་གི་ཁྲོད་ན་མེ་ཏོག་གི་གར་སྟབས་ཀྱིས་འགྱིང་བའི་ཚུལ་གྱིས་མངོན་པར་རབ་རྟོག་བྱས་ཡོད་པ་ལྟ་བུས་སྙན་ངག་གི་བརྗོད་བྱའི་ཚིག་ལ་ཉམས་ཁྱད་པར་བ་ཞིག་ཐོན་པར་བྱས་ཡོད།

 བཞི། གསོན་ཉམས་ལྡན་པའི་མིང་དང་ཚིག་གིས་བརྗོད་དོན་ལ་ནུས་པ་ཁྱད་པར་ཅན་ཞིག་ཐོན་པ།
        བརྗོད་པར་འདོད་པའི་མཚོན་བྱ་དངོས་དེ་མཚོན་སྟོབས་ཆེ་ཞིང་མཚོན་བྱེད་ཀྱི་མིང་ངམ་ཚིག་དུ་མ་བཀོལ་བས་བརྗོད་བྱ་གསལ་སྟོན་བྱས་པར་ནུས་པ་ཁྱད་པར་ཅན་ཞིག་ལྡན་པར་མ་ཟད། གནད་དུ་ཁེལ་ཞིང་དོན་ལ་འབྱོར་བས་ཚིག་ལ་ཐུན་མོང་མ་ཡིན་པའི་ཉམས་ཀྱིས་ཕྱུག་པ་སྟེ། དཔེར་ན། ལང་ལོང་སྤྲིན་ནག་འཁྲིགས་ཤིང་མུན་འཐིབས་པའི། །དུས་ཀྱི་ནམ་ཟླར་ཡིད་འོང་པད་མའི་ཚལ། །གཤེད་མ་ཉུང་ཤས་འགའ་ཡིས་སྒེར་བཟུང་བས། །འདབ་མ་རྙིད་ཅིང་བཞིན་བཟང་དུད་པར་གྱུར། ཞེས་ལང་ལོང་སྤྲིན་ནག་འཁྲིགས་ཤིང་མུན་པ་འཐིབས་པའི་དུས་ཀྱི་ནམ་ཟླ་ནི་སྤྱི་ཚོགས་རྙིང་བའམ་འདས་པའི་ལོ་ཟླ་རིང་མོའི་མཚོན་བྱེད་དང་། ཡིད་འོང་པདྨའི་ཚལ་ནི་རང་ཅག་གི་རིག་གནས་ཀྱི་མཚོན་བྱེད། གཤེད་མ་ཉུང་བ་ནི་དབང་སྒྱུར་གྲལ་རིམ་གྱི་མཚོན་བྱེད་དང་། བོད་ཀྱི་རིག་གནས་ནི་འདབ་མ་རྙིད་ཅིང་བཞིན་བཟང་དུད་པར་གྱུར་པའི་པདྨ་བཞིན་དུ་སྐྱེ་སྟོབས་མེད་པ་དང་། རྙིད་པར་གྱུར་པ་དང་། བུང་བའི་ཚོགས་ནི་སློབ་གཉེར་ལ་བརྩོན་པའི་གཞོན་ནུ་དག་གི་མཚོན་བྱེད་དུ་མངོན་ཡོད། ལྡིར་ལྡིར་འབྱུང་བ་འཁྲུགས་ཤིང་གནམ་ལྕགས་དང་། ། འུར་འུར་རླུང་དམར་འཚུབ་པའི་ར་བའི་གྱང་། །ལྷག་ལྷག་ཤུལ་མེད་གྱུར་ཞིང་སྤྲིན་ནག་འཐོར། ། དྲོ་དྲོ་སྐྱིད་པའི་ཉི་མ་དགུང་དུ་ཤར། །སྐམ་ལ་ཉེ་བའི་པདྨའི་རྩ་བ་ནས། ། སྐྱེ་སྟོབས་འབར་བའི་མྱུ་གུ་གསར་དུ་འབུས། ། དེའི་ཚེ་རྐང་དྲུག་ཚོགས་ཀྱང་རང་འདོད་ལྟར། །ཆུ་སྐྱེས་ཚལ་དུ་རབ་དགའི་ལྗོངས་རྒྱུར་ཞུགས། །ཞེས་པ་ལས་འབྱུང་བ་འཁྲུགས་པ་ནི་བོད་ལྗོངས་བཅིངས་འགྲོལ་བྱས་ནས་སྤྱི་ཚོགས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་བསྟན་པ་དང་། ར་བའི་གྱང་ཤུལ་མེད་པར་གྱུར་ཞིང་སྤྲིན་ནག་ཐོར་ཞེས་པ་ནི་སྤྱི་ཚོགས་རྙིང་བའི་སྲོལ་ངན་མཐའ་དག་མེད་པར་བཏང་བར་གོ སྐྱིད་པའི་ཉིན་བྱེད་དགུང་དུ་ཤར་ཞེས་པ་ནི་ཏང་གི་སྲིད་ཇུས་བཟང་པོ་ལ་གོ་བ། པདྨའི་རྩ་བ་ནས་སྐྱེ་སྟོབས་འབར་བའི་མྱུ་གུ་གསར་དུ་འབུས་པ་ནི་ཉམས་ལ་ཉེ་བའི་རང་ཅག་གི་རིག་གནས་དེ་སྲིད་ཇུས་བཟང་པོ་ལ་བརྟེན་ནས་སླར་ཡང་འཕེལ་རྒྱས་བྱུང་བ་མཚོན་པ་དང་། རྐང་དྲུག་ཚོགས་ཀྱང་གང་འདོད་ལྟར་ཆུ་སྐྱེས་ཚལ་དུ་རབ་དགའི་ལྗོངས་རྒྱུར་ཞུགས་ཞེས་སློབ་གཉེར་ལ་བརྩོན་པའི་སློབ་བུ་དག་གིས་རང་རང་གི་འདོད་པ་ལྟར་རིག་པའི་གནས་སྣ་ཚོགས་ལ་བརྩོན་པའི་ངང་ཚུལ་མངོན་པར་མཚོན་ཡོད། ཡང་དགུན་གྱི་བསིལ་འཁྱག་གངས་ལྷགས་བཞི་བོ་ཡི། །ཉི་མའི་གཟི་བྱིན་གླགས་འཚོལ་མ་ཐུབ་པས། །དེ་ཡི་ཐུགས་རྗེའི་ཟེར་ལས་རབ་འཚོ་བའི། །ཉི་མའི་གཉེན་ལ་སྡང་སེམས་ལྷག་པར་བྱེད། ། རེ་ཞིག་གྲང་བའི་ཉམས་པའི་པདྨ་ལ། །དུག་ཅན་འདམ་སྐྱེས་ཞེས་སྤྱོད་དེ་དག་ལ། །འཁོར་བའི་བུང་བར་ཉེས་དམིགས་བཏགས་བྱས་ནས། །བཟོད་བྲལ་མནར་གཅོད་དུ་མའི་འཚེ་བར་བྱེད། །ཅེས་པའི་སྙན་ངག་ཚན་པ་འདིར་མཚོན་ནའང་མཚོན་སྟོབས་ཆེ་བའི་མིང་ངམ་ཚིག་དུ་མ་སྤྱད་པ་ནི་དཔེར་ན། དགུན་ཞེས་པ་རིག་གནས་གསར་བརྗེ་ལ་གོ་ཞིང་། བསིལ་འཁྱག་གངས་ལྷགས་ཞེས་པ་མི་བཞི་ཚོགས་ཁག་ལ་གོ་བ། ཉི་མའི་གཟི་བྱིན་ཞེས་པ་མའོ་ཀྲུའུ་ཞི་དང་ཏང་ཀྲུང་དབྱང་ལ་གོ་བ། ཉི་མའི་གཉེན་ཞེས་པ་རང་ཅག་གི་རིག་གནས་ལ་གོ་བ། པདྨ་ལ་དུག་ཅན་འདམ་སྐྱེས་ཞེས་པ་རང་ཅག་གི་རིག་གནས་ལ་དམའ་འབེབས་བྱེད་པ་མཚོན་པས་ན་སྙན་ངག་ལ་ཐུན་མོང་མ་ཡིན་པའི་མཚོན་སྟོབས་ཆེ་ཞིང་། འདས་པའི་ལོ་ཟླ་རིང་མོའི་ནང་གི་ལོ་རྒྱུས་ཀྱི་བདེན་དོན་མཚོན་པར་ཡང་ནུས་པ་ཁྱད་པར་བ་ཞིག་ཐོན་པས་ཀློག་མཁན་སུ་ཞིག་ཡིན་རུང་ཡང་ཡང་ཀློག་འདོད་ཀྱི་སྤྲོ་སེམས་ཤིག་ངང་གིས་འབྱུང་བ་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1