གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

ངྷ་ན་ཀོ་ཤ རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༨ཚེས་༢༡ཉིན།

༄༅།།ནས་ཨ་གར་དྲུག་མོ་ཆར་གྱིས་བསྙལ་ན་རྩྭ་ཡུག་པོ་ཟོག་པོས་མགོ་ལྕོག་ལྡེམ་འོང་།


རྨ་ལྷོ། ངྷ་ན་ཀོ་ཤ
        ཕལ་ཆེར་མི་ཚེ་གང་བོར་ཕྱིང་ཞྭ་ཐགས་བབས་མ་ཞིག་མགོ་ལ་མནབས་ཤིང་རྒྱུན་ལྕག་ལོང་བུ་ཅན་པོ་ལག་ལ་ཐོགས་ཏེ་ཞིང་ས་མ་མོའི་བྲང་མགོ་འདྲ་བོ་རང་གི་མིག་འབྲས་བཞིན་སྲུང་མཁན་ནི་ཡ་མགོའི་ཨ་ཕ་རྒྱ་གོ་ཡིན་ལ། ནམ་རྒྱུན་ཕྱིང་ལྭའི་ཐུ་སྣེ་རྐེད་ལ་གསེབ་ཅིང་ལྕུག་མའི་སླེ་བོ་རྒྱབ་ཏུ་དཔྱངས་ནས་ས་ཞིང་ཕར་སྐོར་ཚུར་སྐོར་གྱི་ལས་ལ་བྲེལ་བཞིན་པ་ནི་མ་མགོའི་ཨ་མ་འབུམ་མཚོ་ལགས་རེད།
        ད་ལྟ་ཁོང་ཅག་ནི“གོས་བཟང་པོ་དབྱར་གསུམ་ཆར་དང་མི་བཟང་པོ་དྲུག་ཅུའི་ལོ”ཞེས་པའི་དཔེ་ལྟར། ཨ་ཕ་རྒྱ་གོའི་ཕྲག་པས་གཤོལ་མདའ་མི་ཁྱོགས་ཤིང་ཨ་མ་འབུམ་མཚོའི་སྒལ་བས་ཤལ་བ་མི་ཐེག་པས།ཨ་ཕ་རྒྱ་གོས་གཤོལ་དང་གཉའ་ཤིང་བུ་རྒྱལ་མཚན་ལ་གཏད་ཅིང་།ཨ་མ་འབུམ་མཚོས་སྤོ་རྡུང་དང་ཤལ་བ་མནའ་མ་སྒྲོལ་དཀར་ལ་བཅོལ་རྟིང་།འཚོ་རྟེན་གསེར་གྱི་གཞོང་བ་འདྲ་བོ་ལ་བདག་སྐྱོང་གང་ལེགས་བྱོས་ཞེས་སེམས་གཏམ་དམར་པོ་ལག་མཐིལ་ལ་བླངས་པ་ན་ཁོ་གཉིས་ཀྱིས་ཀྱང་བདེན་པའི་ཨ་ལོང་གཅིག་ཏུ་བརྒྱུས་ཏེ་མགོ་བོ་ནང་དུ་གུག་གུག་དང་ལག་པ་ཡང་ཡང་ཕུར་ཕུར་བྱས་པས།ཨ་ཕ་རྒྱ་གོ་རྒན་རྒོན་གཉིས་ཀྱིས་ཀྱང་ཡིད་ཆེས་ཀྱི་མོས་པ་རུམ་གང་བསྣམས་ནས་མ་ཎི་ཁང་ལ་ག་ལེར་བསྐྱོད་སོང་།
        འོན་ཀྱང་། “དུས་སྙིགས་མའི་མི་ལ་བློ་གཏད་མེད། དུས་སྙིགས་མའི་མི་ལ་ཁྲེལ་གཞུང་མེད། དུས་སྙིགས་མའི་མི་ལ་ཕུགས་བསམ་མེད”ཅེས་ཀྱལ་ཀ་རྩེད་མོའི་ཚུལ་གྱི་མེད་པ་རྣམ་གསུམ་བགྲངས་པ་བདེན་བདེན་འདྲ་སྟེ། དུས་ཡུན་རིང་བོ་ཞིག་མ་ལོན་པར་བུ་རྒྱལ་མཚན་གྱིས་ཨ་ཕའི་ཞལ་ཆེམས་གཡས་ནས་བཞག་སྟེ་གཤོལ་དང་གཉའ་ཤིང་ལ་རྩེར་བསྟད་ཅིང་། མནའ་མ་སྒྲོལ་དཀར་གྱིས་ཨ་མའི་སེམས་གཏམ་གཡོན་ནས་བསྐྱུར་ཏེ་ཤལ་བ་དང་སྤོ་རྡུང་བུད་ཤིང་དུ་བསིལ་བ་ནས་གསེར་ཞིང་རིང་མོའི་ལྕགས་རི་ངང་གིས་འགྱེལ་ལ།འབྲུ་དྲུག་མོའི་སྙེ་མའི་སྐྱེས་སྟོབས་རིམ་གྱིས་ཉམས་པས། གཞི་མདོའི་ཕྱག་དར་སྒང་རིལ་ན་གནས་བཅས་པའི་རྩྭ་ཡུག་གིས་མགོ་བོ་ཀྲོག་ཀྲོག་དང་རྣ་གཤོག་ཅོར་ཅོར་གྱིས་ཞིང་མཐའི་ལྡུམ་ནག་ཁ་སེར་དང་ལྡུམ་བུ་རེག་འབྱར། ལྡུམ་བུ་སོག་ལེ། སུག་དམར། ཁྱི་ལོ་བཅས་དང་ལག་རྡང་སྦྲེལ་ཏེ་བུལ་གྱིས་ནས་ཨ་གར་དྲུག་མོའི་གཞིས་ཀར་རུབ་འཛོམས་ཀྱིས་ཐ་ཐོར་ཉམ་ཐག་ནས་སྙེའི་ཀླད་ནས་ལྡེམ་ཞིང་མགུལ་ལ་འཁྱུད་པ། སྒྱིད་པར་འཐམ་པ་སོགས“རི་བྱིའུ་ཡིས་ཡུལ་བྱིའུ་བདའ་བ”ཡི་ཚུལ་དུ་ལྷུང་བ་ན།“དཔྱིད་ཀའི་མ་མོ་ལ་ཤེད་མེད་རུང་རྔ་ལི་གྱེན་དུ་རྩོང”ཞེས་ཨ་མ་འབུམ་མཚོས་མ་ཎི་གཟུངས་ཐག་ལག་ནས་གློད་དེ་ཟོར་བ་དང་ཁྱེམ་བུ་མཆན་ལ་བཙིར་ནས།ཁྱར་ཁྱོར་གོམ་པའི་འདེགས་འཇོག་ཞིང་ཁར་བསྒྱུར་རྩིས་བྱེད་དུས་སུ། བུ་རྒྱལ་མཚན་དང་མནའ་མ་སྒྲོལ་དཀར་གཉིས་ལྕགས་ཀྱིས་མགོ་བཀབ་པའི་ཤིང་གི་ཁང་པའི་ནང་དུ་བརླ་ཐོག་ལ་བརླ་བཞག་སྟེ་དུས་འགྱངས་པ་དང་།རྫས་འགྱུར་གྱིས་ལྷད་པའི་མངར་ཇ་ཤོག་ཕོར་རེ་ལག་པས་བསྐྱོར་ནས་གོ་མེད་ཚོར་མེད་དུ་སྟོང་ལབ་ཧབ་ཆའི་རྒྱུན་སྐྱོང་བཞིན་ཡོད།
        དེ་ལས་ཀྱང་ངོ་མཚར་བ་ཞིག་ལ“མགོ་ནག་སྐྱིད་སྡུག་གནམ་གྱི་ལག”ཅེས་གྲགས་ཀྱང་གནམ་སྔོན་པོར་ཁ་ལོ་འདུལ་ཐུབ་པ་ནི་སྡེ་བའི་སེར་བ་པ་ཨ་ཁུ་ཚེ་རྒྱལ་ཡིན་ཟེར་ཡང་།ད་ལྟ་ཁོང་ཡང་དུས་རབས་ཀྱི་རྗེས་བསྙེགས་ཏེ་གླེགས་ཤིང་ཤུག་པ་དང་གླེགས་ཐག་རྒྱུན་བུས་བྱས་པའི་སེར་འགོག་མན་ངག་ཆིག་སྒྲིལ་གྱི་གླེགས་བམ་ཚི་དྲེག་མ་སྙེས་མགོའི་སྒྲོམ་ལ་བཅུག་སྟེ་དབུས་ཟྭས་དམ་རྒྱ་བཅད་རྗེས། མགོ་ཡི་རལ་བ་ཕབ་ནས་རྩི་ཞྭ་དང་ལག་གི་ཕྲེང་ཐག་བཅད་ནས་ལྕགས་ཀྱི་འཁོར་ལོར་འཇུས་ཏེ།གྲོང་རྡལ་གྱི་རྡོས་ཤན་པའི་ཁང་ཆེན་ཐོག་བརྩེགས་མ་ཞིག་གི་སྒོ་སྲུང་བར་སོང་བ་ནས་བཟུང་སྡེ་མིའི་ཞེ་ཐག་ཞེ་ནས་ཆད་ཅིང་ནས་སྙེའི་རྒྱབ་རི་ཐོལ་གྱིས་ཉིལ་སོང་བས། སྤྲིན་ནག་པོའི་རྔམ་ཁ་ཇེ་མཐུག་དང་འབྲུག་ལྗང་ལོའི་ངར་སྐད་ཇེ་ཆེར་གྱུར་ཏེ།གློ་བུར་དུ་དྲག་ཆར་ཤག་ཤག་ཏུ་བབས་བྱུང་བས།ནས་ཨ་གར་དྲུག་མོ་ཁད་ཀྱིས་བསྙལ་ཞིང་རྩྭ་ཡུག་པོ་ཟོག་པོས་མགོ་ལྕོག་ལྡེམ་པའི་གོ་སྐབས་རེག་སོང་།
        ལོས་ཡིན། ངག་རྒྱུན་དུ“མི་ངན་པར་ཤི་རྒྱུ་དང་རྩྭ་ཡུག་པོར་རུལ་རྒྱུ་མེད”ཅེས་རླུང་ལྟར་གྲགས་པ་ཡང་རྒྱུད་གྱོང་ཞིང་གཤིས་ངན་པ། མེ་དང་དུག་གིས་གནོད་མི་ཚུགས་པའི་རྩྭ་ཡུག་ནི་དྲག་ཆར་གྱིས་ཀྱང་མིན་ཙང་དེ་ལྟའི་དམོད་མོ་བཏང་བ་ཡིན་ཤས་ཆེ།
        ཆར་ཞོད་འབབ་མཚམས་བཞག་པ་ན་ཨ་ཕ་རྒྱ་གོ་དང་ཨ་མ་འབུམ་མཚོ་གཉིས་ལག་རྟེན་འཁར་བ་རེར་ཁེན་ནས་མ་ཎི་ཁང་གི་སྒོའི་ཕྱི་ལ་བུད་ཅིང་།ཕྱི་སྒོའི་གྱང་ཐུང་ལ་དང་ག་བསྙེས་ཏེ་མཚམས་རེར་མགོ་འཁྱོགས་ནས་བྱང་ཕྱོགས་སུ་འདུར་བའི་སྤྲིན་པར་ལྟ་བ་དང་།མཚམས་རེར་མགོ་དྲང་མོས་མདུན་ནས་རྒྱང་ལ་འཐེན་པ་ཨ་ཁུ་ཚེ་རྒྱལ་བཞུད་སའི་ཟེགས་ལམ་སྐྱ་མོ་ལ་ཡང་ཡང་ཅེར། ཡུད་ཙམ་ན་ཨ་མ་འབུམ་མཚོའི་ཁ་མུར་མུར་གྱི་ཆིག་ལབ་ཏུ། ཨ་ཙི། གཞན་དོན་ཁུར་དུ་བཞེས་བཞེས་འདྲ་བ་ཨ་ཁུ་སེར་འགོག་ལྕང་ལོ་ཅན་གྱིས་ཀྱང“གཡང་འཁོར་ལྷས་རའི་རྡོ་བརྩིགས་བཤིག་སྟེ་གཡང་ཟོག་ནོར་ཁྱུ་བཤས་རར་དེད”ཅེས་པ་ལྟར།ཕ་ཡུལ་གྱི་ནས་ཞིང་སྔོན་མོ་ས་རྒོད་ཆ་དུར་བཞག་ཅིང་།ཕ་ཟས་ནས་འབྲུ་མུ་ཏིག་འདྲ་བོ་ལག་མཐིལ་ནས་སའི་སྲུབས་ཀ་རེ་རེར་བོར་སྟོར་གྱིས་ཕ་ས་ལ་ཞེ་འཁྲེང་བའི་ཕྱི་མིག་ཙམ་ཡང་མེད་པར་ཤར་སེ་བཞུད་ཐུབ་པ་ནི་སྣ་ཐིག་གང་ཞིག་བཀན་སོང་ངམ། ཞེས་མགོ་བོ་འདར་བཞིན་དུ་སྐད་མགོ་ཅུང་ཇེ་མཐོ་རུ་བཏང་ནས། ཨ་ཚེ་རྒྱལ། ཁྱོད་ལ་ནས་དྲུག་མོའི་འབྲུ་ཕུད་ཆར་རླུང་ལ་བསྐུར་ཞིང་།རྩྭ་སོག་མ་སྲེག་ཟའི་ཕུང་བོར་བསྟིམས་པའི་དཔའ་སྤོབས་ཤིག་སུ་ཞིག་གིས་གནང་བ་ཡིན། ཁྱོད་ཀྱིས་ཀྱང་དེ་ལྟར་ཕོད་ན་སྔ་འདང་ཕྱི་འདང་གི་བསམ་བློའི་ཞེ་རྩ་ཤིན་ཏུ་གཉོམ་པ་ངེད་ཚང་གི་བུ་རྒྱ་བྷ་དང་མནའ་མ་སྒྲོལ་ཁོ་གཉིས་ལ་ཅི་ཁག སུས་ཀྱང་དེ་གཉིས་ཀྱི་སྟེང་དུ་འཁང་རའམ་ངན་ཁག་དཀྲི་དོན་ཆེར་མེད་སྙམ་ཞེས་ཕྱིང་ལྭའི་ཐུ་བ་སྤྲུག་སྤྲུག་བྱེད་ཞོར་ཕྱིར་མ་ཎི་ཁང་དུ་འཛུལ།
        ཞིབ་ཏུ་བསམ་ན། “ཕྱེ་སོ་ལུག་ཀྱང་ལན་ལ་གཡིས་འབག་ག་ཡང་ལན”ཞེས་པ་ནང་བཞིན་བྱིངས་པོར་ལན་སྐྱོན་ཡོད་པ་འདྲ། དེ་ནི“ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན་ནགས་ཀྱི་སྤྲེའུ་དང་མཚུངས་ལ།རང་གི་རིགས་རུས་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་དང་འདྲ”ཞེས་པའི་ཚིག་གསེར་ནག་མ་བོ་ནང་བཞིན།སུ་དང་གང་གིས་ཞིང་ས་གྲུ་བཞི་དང་ཨ་གར་དྲུག་མོའི་ངོ་མཚར་ཞིང་བློ་ཡིད་ལས་འགོངས་པའི་ལོ་རྒྱུས་ཀྱི་རིན་ཐང་མ་རྟོགས་པས་ད་ལྟ་སྟེ་དེ་རིང་གི་གནས་བབ་དེ་འདྲ་ཆགས་པ་གོར་མ་ཆག
        དེ་བས། མཐོན་པོའི་སྒང་ནས་སྐྱིད་ཀྱང་དམའ་ས་རོང་ལ་སྨོན་པའི་སེར་འགོག་ཨ་ཁུ་ཚེ་རྒྱལ་ལགས་དང་།སྦྲང་དཀར་རྩམ་པས་ལུས་སྟོབས་རྒྱས་ཀྱང་ནས་ཞིང་སྔོན་མོ་གཉེར་འདོད་མེད་པའི་ཕོ་གསར་རྒྱལ་མཚན་ལགས། བོད་མོར་སྐྱེས་ཀྱང་བོད་མོའི་གཤིས་ཀ་འབོར་བཞིན་པའི་མོ་གསར་སྒྲོལ་དཀར་བཅས། ཁྱོད་ཚོས་ཁོམ་ལོང་གི་དུས་ཚོད་རེ་བཙལ་ཏེ་ཕ་ཡུལ་མེ་ཏོག་ཐང་དུ་ཕེབས་དང་། ང་ཚོས་རི་མཐོན་པོ་སྔས་མགོ་དང་ཐང་ཡངས་པོ་མལ་སྟན། དྲི་ཞིམ་པོ་བདུག་སྤོས་དང་། ཆུ་དྭངས་མོ་བདུད་རྩིར་བྱས་ཏེ་གནམ་ས་དཔང་པོར་བསྡད་པའི་མཚམས་ནས་མཉམ་དུ་ཞིང་གྲུ་བཞིའི་གཏམ་རྒྱུད་དང་ནས་དྲུག་མོའི་གསང་རྣམ་ཐེངས་ཤིག་བཀླག་པར་བྱ་ཡ།
        གནའ་སྔ་མོ་སྔ་མོ་ཞིག་ལ།ང་ཚོའི་མེས་པོ་སྟེ་རྩེད་ཐང་གོང་པོ་རི་ལ་གནས་བཅས་མྱོང་པ་ཕ་སྤྲེའུ་དང་མ་བྲག་སྲིན་གཉིས་ལས་སྤྲེའུ་མང་དུ་འཕེལ་ཏེ་རི་ཐང་ལུང་གསུམ་གྱི་རྩི་ཏོག་ཤིང་འབྲས་ཀྱིས་འཚོ་ཞིང་གནས་པའི་སྐབས་ཤིག་ཏུ་འདུས་བྱས་སོ་ན་མི་གནས་པའི་ཆོས་ཉིད་ཀྱིས་ཤིང་ནགས་བསྐམས་ཤིང་འབྲུ་རྣམས་ཟད་དེ་འཚོ་ཐབས་དཀའ་བའི་གནས་སུ་གྱར་ཡོད་དུས། བློ་རིག་ཐབས་རྩལ་རྫོགས་པའི་ཕོ་རྒོད་གང་ཞིག་གིས་ཤིང་ཐུར་གྱིས་ས་རྒོད་སློག་ཅིང་རྒོད་སྐྱེས་ཀྱི་འབྲུ་སོན་འཕངས་པས་ཞིང་གི་ཐོག་མ་སྟེ་ཡར་ཀླུངས་ཟོ་དང་རིང་མོ་ནི་ཤིག་ཤིག་སྙེ་མའི་རླབས་ཕྲེང་འཕྱུར་བའི་ཞིང་གི་མཚོ་ཆེན་པོ་ཞིག་ཏུ་གྱུར་སོང་།སྐབས་དེར་མི་མངོན་དབྱིངས་ན་བཞུགས་པའི་ཡར་ལྷ་ཤམ་པོ་ཡང་མིའི་གཟུགས་སུ་སྤྲུལ་ཏེ“ཟོ་དང་ཟོ་དང་།འབྲུ་རིགས་ཀོང་པོའི་རི་དང་མཉམ”ཞེས་བློ་བག་དྲོ་བའི་ཚིག་བརྗོད་པ་ནས“ཟོ་དང་ཞིང”ཞེས་པའི་མིང་དེ་བྱུང་ལ། ཡང་།“ཀོང་པོ་རི་ཆེན་བརྟན་པོར་བཞུགས་ན་ཡར་ཀླུངས་འབྲུ་ལ་འཛད་པ་མེད”ཅེས་བློ་རྩ་བརྟན་པའི་གསུང་འབྱོན་པ་ན།རྩྭ་རྩི་ཤིང་ཀུན་གྱིས་ཀྱང་མགྲིན་གཅིག་ཏུ་ཤིས་ཚིག་བསེར་མ་རླུང་ལ་བསྐྱོན་ཏེ།མཐོན་པོའི་སྒང་དང་དམའ་མོ་གཤོང་ན་གཞི་བཅས་པའི་ཡུལ་མི་ཐམས་ཅད་ཀྱི་བློ་སེམས་གཞི་ནས་བདེ་བར་བཏང་ལ། སྐབས་དེ་ནས་བཟུང་ས་རྡོ་རི་བྲག་ནས་ཁ་འབུས་པ་རྒོད་སྐྱེས་ཀྱི་འབྲུས་ཀྱང་རང་གཟུགས་ངོ་མ་བོ་སྟེ་ནས་ཨ་གར་དྲུག་མོའི་ལང་ཚོའི་སྒེག་ཉམས་ཞིང་གི་སྐས་ཐེམ་རེ་རེ་ནས་དལ་གྱིས་ངོམ་སོང་།
        ལྷག་པར་དུ་བཙན་པོའི་རྒྱལ་རབས་པུ་དེ་གུང་རྒྱལ་གྱི་རིང་ལ་མཛངས་བློན་ཐོག་མ་རུ་ལས་སྐྱེས་ཀྱིས་ཤིང་ལ་མིག་ཕུག་སྟེ་གཤོལ་དང་གཉའ་ཤིང་དུ་བཅོས་ཤིང་། ས་དང་རྡོ་གཤགས་ནས་ཕུ་ཆུ་ཡུར་བར་དྲངས་པ། རྨོན་པ་དོར་དུ་བསྡེབས་ནས་ཡར་ལུང་སོག་ཁ་སྟེ་ཡར་ཀླུངས་ཟོ་དང་རིང་མོའི་རྒྱ་ཁྱོན་མཐའ་རུ་བརྐྱངས་པ་ནས་ནས་ཨ་གར་དྲུག་མོའི་དཔུང་ཤུགས་ཀྱང་ཆེ་རུ་འཕེལ་ཏེ་ནས་དཀར་དང་།ནས་ནག ནས་སྔོན་བཅས་ཡར་ཀླུངས་གཙང་བོའི་བཞུར་རྒྱུན་དང་འགྲོགས་ནས་མདོ་དབུས་ཁམས་གསུམ་གྱི་ཞིང་ས་རེ་རེར་ཐོར་བས།སྟོད་སྨད་བར་གསུམ་གྱི་ཁྱིམ་ཚང་རེ་རེའི་འབྲུ་མཛོད་འབྲུ་ཡིས་བལྟམས་ལ་ཁྱིམ་མི་རེ་རེའི་ཞལ་མདངས་སྦྲང་དཀར་རྩམ་པའི་བཅུད་ཀྱིས་སྨུག་སྨུག་སྣུམ་ཞག་འཁྱིལ་ལེར་བཏང་།

        དེ་ནས་ལོ་དང་ཟླ་བ། ཉི་མ། ཞག་མ་བཅས་མང་པོ་མང་པོ་ཞིག་ཕྱིར་ཡོང་མེད་པ་རིའི་ཕར་ངོགས་ཀྱི་གཙང་བོས་རྒྱང་རིང་རྒྱང་རིང་ཞིག་ལ་ཁྱེར་སོང་བའི་དུས་དེ་རིང་གི་སྐབས་འདིར། ཁ་དཔེར“ཁ་ཡོད་ལ་མི་སྐྱོ་མེད་ལ་སྐྱོ།མེད་ཀི་ཐ་ལ་ཐུ་ལེར་སྐྱོ”ཞེས་པ་ལྟར།གསེར་ཞིང་བཞག་ནས་གྲམ་པ་ལ་འཐབ་པ་དང་ནས་རྩམ་བཏང་ནས་འབུ་སྲིན་ལ་འཇུ་བ་ནི་ཇི་འདྲའི་ཐབས་ཆག་གི་ལས་ཤིག་ཨང་། 

རེད་དེ།“གང་ན་བཀྲ་ཤིས་དགེ་མཚན་རྒྱུ་བ་ན།།འདྲེ་སྲིན་སྣ་ནག་མ་ཡང་དེ་རུ་རྒྱུ།།”ཞེས་པ་བཞིན། ནས་ཨ་གར་དྲུག་མོ་བུ་རབས་ཚ་རྒྱུད་དང་བཅས་པས་ས་ཆེན་པོ་སྟེ་འཇིག་རྟེན་ཧྲིལ་པོའི་གྲུ་ཟུར་རེ་རེ་དང་ཡང་ན་ཡངས་ཤིང་རྒྱ་ཆེ་བའི་ཞིང་ཐང་རེ་རེ་ནས་སྐྱེས་སྟོབས་ཀྱི་དཔལ་ངོམ་བཞིན་མིའི་རིགས་ཁ་ཟས་ཀྱིས་མི་ཕོངས་ཤིང་བདེ་ཐང་གིས་འཚོ་བའི་ཡོངས་འདུ་དཔག་བསམ་ལྗོན་པ་ལྟ་བུ་ཞིག་ཏུ་སྤྲུལ་ནས་ཡོད་ཙ་ན། ཕྱི་དང་ནང་གི་འགལ་རྐྱེན་སྣ་ཚོགས་ཀྱིས་དཔུང་བསྒྲིགས་ཏེ་ནས་སྙེའི་མགོ་བོ་སར་བསྙལ་ཞིང་རྩད་པ་རྩ་ནས་རྫོགས་པར་མ་ཟད། དེའི་གཞིས་ཀ་གསེར་གྱི་ཐང་ཆེན་དེ་ཉིད་ཞབས་བྲོ་སྣ་ཚོགས་འཁྲབ་པའི་སྟེགས་བུར་བརྡུངས་ན།ཡ་ཆུང་ལ་སྨུག་སྤྲིན་འཐིབས་ཏེ་མ་ཆུང་ནས་ཆར་གྱི་མིག་ཆུའང་འཛག་འོང་།

        གནམ་སྔོན་པོ། ཁྱེད་ལ་དྲན་ཤེས་རྣོན་པོ་ཞིག་མངའ་ན།ཨ་ཁུ་ཚེ་རྒྱལ་མེད་ཀྱང་ཆར་བ་འབབ་ཤེས་དང་། ཉི་མ་དྲོད་ཤེས། ཟླ་བ་བསིལ་ཤེས་གནོངས་དང་། ལྷ་ཤིང་ཤུག་པའི་སྟེང་ལ་ནས་རྩམ་ཕྱེ་མ་གཏོལ་ཏེ་ནས་ཆང་ཁམ་པས་བྲན་ན། ཁྱེད་མཐོན་པོ་སྤྲིན་དཀར་གྱིས་བཀྱགས་ཡོད་ཀྱང་དམའ་མོ་བསང་དུད་ཀྱིས་ཁྱེད་ཀྱི་སྐྱོ་བ་སངས་འོང་།
        ཨ་ཁུ་ཚེ་རྒྱལ། ཁྱོད་ལ་ཕུགས་བསམ་ཡང་དག་ཅིག་ཡོད་ན། དུང་ཙེ་མང་པོ་མེད་ཀྱང་སྨད་ལ་བསྙེགས་པའི་འཕྲུལ་གྱི་འཁོར་ལོ་ལག་པས་བཏང་སྟེ།སྒམ་ལ་མནན་པའི་གླེགས་བམ་གསེར་བྲིས་མའི་ཞལ་ཕྱེས་དང་།སེར་བ་མཛུབ་ཁྲིད་ཀྱི་གདམ་ངག་ཁྱོད་ཀྱིས་རྙེད་སྲིད་ལ།འཛད་མེད་རྒྱུ་ནོར་གྱི་གཏེར་སྒོའང་ཁྱོད་ཀྱིས་དབྱེ་ཡོང་།
        བུ་རྒྱལ་མཚན་ཁྱོ་ཤུག ཁྱོད་གཉིས་ཀྱི་ཤ་དང་རུས་པའི་གསེང་ན་ཕ་མེས་ཀྱི་ཟུངས་ཁྲག་དྲོན་མོ་རྒྱུ་བཞིན་ཡོད་ན། ཁ་དང་མིག་ལ་སླུ་བྲིད་གཏོང་བའི་དེང་དུས་ཀྱི་ཁྲ་ཁྲ་རིག་རིག་མིག་གིས་བཏང་ཞིང་ཞིམ་པོ་མངར་མོ་ལྕེ་རྩེས་དེད་དེ་ཡར་ཀླུང་ཟོ་དང་རིང་མོའི་གཏམ་རྒྱུད་ངག་གིས་སྐྱོར་བཞིན་ནས་ཨ་གར་དྲུག་མོའི་སྙེ་མར་ལག་འཇུ་བྱས་ན། ཕྱི་ལོངས་སྤྱོད་ཀྱི་རྒྱགས་ཕྱེས་སྣོད་ཁ་དགང་འོང་ལ།ནང་བསམ་བློ་ཡི་རྒྱགས་ཕྱེས་ཡིད་ཁའང་ཚིམ་འོང་། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1