རང་རྒྱལ་གྱི་ཏོག་ནད་འགོག་ཁབ་ལོ་མཇུག་ཏུ་ཚོང་རར་འདོན་པའི་རེ་བ་ཆེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-25


    མིག་སྔར། རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་གྱིས་སྐྱེ་དངོས་བདེ་འཇགས་ལ་མཉམ་འབྲེལ་ཞིབ་བཤེར་བྱས་པ་ལྟར་ན། རྒྱལ་ཁབ་སྨན་རྫས་ཚོགས་པའི་ཀྲུང་གོའི་སྐྱེ་དངོས་པེ་ཅིང་སྐྱེ་དངོས་བཟོས་རྫས་ཞིབ་འཇུག་སུའོ་ཡི་ཏོག་གསར་རིམས་འགོག་སྨན་ཁབ་གསར་པ་ཐོན་སྐྱེད་འཁོར་ཁང་གིས་བཟོས་པའི་དུག་སྡོམ་འགོག་སྨན་(灭活疫苗)ལ་བེད་སྤྱོད་བྱེད་པའི་ཆ་རྐྱེན་འཛོམས་ཡོད་པ་རེད།  
    ཀྲུང་གོ་སྨན་རྫས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ལིའུ་ཅིན་ཀྲེན་གྱིས་བསྟན་པར། རང་རྒྱལ་གྱིས་ཞིབ་འཇུག་གསར་བཟོ་བྱས་པའི་ཏོག་གསར་གློ་ཚད་ཀྱི་ནད་དུག་སྡོམ་འགོག་སྨན་རྒྱལ་སྤྱིའི་ནད་ཐོག་སྨན་བཅོས་ཀྱི་དུས་རིམ་གསུམ་པའི་ཚོད་ལྟ་བརྒྱུད་རྗེས་ཞིབ་མཆན་འགོད་པའི་ལྷུ་ཚིགས་སུ་ཞུགས་ཆོག་པས། སྔོན་དཔག་བྱས་ན་ད་ལོའི་ཟླ་12པའི་ཟླ་མཇུག་ཏུ་ཚོང་རར་འདོན་ཐུབ་པ་རེད། 
    སྔོན་དཔག་ལྟར་ན་དུག་སྡོམ་འགོག་སྨན་ཁབ་ཀྱི་ལོའི་ཐོན་ཚད་དུང་ཕྱུར་1.2ལ་སླེབས་ཐུབ་པ་དང་། ཝུའུ་ཧན་སྐྱེ་དངོས་བཟོས་རྫས་ཞིབ་འཇུག་ཁང་གི་རིམས་འགོག་སྨན་ཁབ་ཀྱི་ལོའི་ཐོན་ཚད་དུང་ཕྱུར་1ལ་སླེབས་ཐུབ། དེ་མིན། གཞི་རྒྱུའི་འདུ་འགོད་ཀྱི་ཚན་པ་ཕལ་པའི་འགོག་སྨན་སྔོན་དཔག་བྱས་ན་ད་ལོའི་ཟླ་10པར་ནད་ཐོག་སྨན་བཅོས་ཀྱི་ཞིབ་འཇུག་ནང་ཞུགས་ཐུབ་ལ་ཞིབ་འཇུག་གསར་སྤེལ་ལེགས་གྲུབ་བྱུང་རྗེས་གཞི་ཁྱོན་ཆེན་པོས་ཐོན་སྐྱེད་ཐུབ་རྒྱུ་རེད།
   ལིའུ་ཅིན་ཀྲེན་གྱིས་ཐེངས་འདིའི་དུག་སྡོམ་རིམས་འགོག་སྨན་ཁབ་གོ་བདེར་བཤད་ན། སྔོན་ལ་ནད་དུག་གི་དུག་སྡོང་ལོགས་སུ་འབྱེད་པ་ཡིན། དེ་ནི་“ས་བོན་”འདེམ་པ་དང་འདྲ་བས་“ས་བོན་”ཡག་པོ་ཞིག་བདམས་ནས་གསོ་སྐྱོང་བྱ་དགོས་ཏེ། དཔེར་ན་ནད་དུག་ལྡབ་བཅུ་ཕྲག་གམ་བརྒྱ་ཕྲག་ཁ་ཤས་ཇེ་ཆེར་བཏང་རྗེས་བསད་ནས་དེ་ལ་འགོས་ཁྱབ་དང་སླར་གསོའི་ནུས་པ་མེད་པར་བྱེད་དགོས། འོན་ཀྱང་དེའི་མི་ལུས་ཕུང་ལ་རིམས་ཐར་ནུས་པ་སྐྲུན་པའི་བྱེད་ལས་ཁག་ཅིག་སོར་འཇོག་བྱེད་པ་མ་ཟད་གཙང་བཟོ་སོགས་ཀྱི་གོ་རིམ་བརྒྱུད་དེ་འགོག་སྨན་དུ་གྲུབ་དགོས། དུག་སྡོམ་འགོག་སྨན་དེ་འགོག་སྨན་ལས་ཐོན་མགྱོགས་པ་ཡིན་མོད་འགྲོ་གྲོན་ཧ་ཅང་ཆེན་པོ་དགོས་ཀྱི་ཡོད། མིག་སྔར། རྒྱལ་སྨན་ཚོགས་པས་མ་དངུལ་སྒོར་དུང་ཕྱུར་20ཙམ་བཏང་ནས་P3(རིམ་པ་གསུམ་པའི་སྐྱེ་དངོས་བདེ་འཇགས་ཆུ་ཚད)ཐོན་སྐྱེད་འཁོར་ཁང་གཉིས་བསྐྲུན་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1