ཐེ་རོན་ཕུ་2020ལོའི་ཨ་རི་སྤྱི་མཐུན་ཏང་གི་ཙུང་ཐུང་བདམ་བྱའི་འོས་མི་དངོས་སུ་གྱུར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-26


     ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རི་སྤྱི་མཐུན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱིས་ཨ་རི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་24ཉིན་གྱི་སྔ་དྲོར་ད་ལྟར་ཙུང་ཐུང་གི་འགན་ཁུར་བཞིན་པའི་ཐེ་རོན་ཕུ་ནི2020ལོའི་སྤྱི་མཐུན་ཏང་གི་ཙུང་ཐུང་བདམ་བྱའི་འོས་མི་ལ་དངོས་སུ་མིང་བཏོན་པ་དང་། ཁོང་གིས་དམངས་གཙོ་ཏང་གི་ཙུང་ཐུང་བདམ་བྱའི་འོས་མི་པའེ་ཏན་དང་འགྲན་བསྡུར་བྱ་རྒྱུ་རེད། 
   དུས་ཡུན་ཉིན་4ཡི་ཨ་རི་སྤྱི་མཐུན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཉིན་དེར་འགོ་ཚུགས་པ་རེད། ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པའི་དབང་གིས། ཚོགས་ཆེན་གྱི་བྱེད་སྒོ་གཙོ་བོ་དྲ་ཐོག་ནས་སྤེལ་བ་ཡིན་ནའང་། སྤྱི་མཐུན་ཏང་གི་ཏང་གི་འཐུས་མི336ཤར་ལྷོ་རྒྱུད་ཁཱ་རའོ་ལེ་ནཱ་བྱང་མའི་མངའ་སྡེའི་ཞ་ལའོ་ཐེ་གྲོང་ཁྱེར་དུ་སྤེལ་བཞིན་པའི་ཙུང་ཐུང་བདམ་བྱའི་འོས་མི་མིང་བཏོན་འདེམས་ཤོག་འཕེན་སར་ཡོང་ནས། སོ་སོས་མངའ་སྡེ་50དང་། ཁོ་རོན་པུ་ཡ་དམིགས་བསལ་ཁུལ་དང་ཕྱི་རྒྱལ་གྱི་མངའ་ཁོངས་ཀྱི་ཚབ་བྱས་ཡོད། ནའེ་ཏཱ་མངའ་སྡེ་ཡིས་འདེམས་ཤོག་བསྡོམས་རྩིས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་རྗེས། ཐེ་རོན་ཕུ་ལ་ཏང་གི་འཐུས་མིའི་འདེམས་ཤོག1284ཐོབ་པ་དང་། མིང་བཏོན་པ་ལ་འདེམས་ཤོག1276དགོས་པ་ལས་བརྒལ་ནས། 2020ལོའི་ཨ་རིའི་ཙུང་ཐུང་འདེམས་བསྐོ་ཡི་སྤྱི་མཐུན་ཏང་གི་བདམས་བྱའི་འོས་མིར་དངོས་སུ་གྱུར་བ་རེད། ཉིན་དེར། ད་ལྟར་ཙུང་ཐུང་གཞོན་པའི་འགན་འཁུར་བཞིན་པའི་ཕང་སི་ནི་སྤྱི་མཐུན་ཏང་གི་ཙུང་ཐུང་གཞོན་པའི་བདམ་བྱའི་འོས་མིར་མིང་བཏོན་པ་རེད། 
   ཐེ་རོན་ཕུས་ཉིན་དེར་ཞ་ལའོ་ཐེ་གྲོང་ཁྱེར་གྱི་ཚོགས་ཆེན་ཡུལ་དངོས་སུ་བསྐྱོད་ནས་འདེམས་ཤོག་འཕངས་རྗེས་གཏམ་བཤད་སྤེལ་བ་སྟེ། གཞི་རྒྱ་ཆེ་བའི་སྦྲག་སྲིད་བརྒྱུད་ནས་འདེམས་ཤོག་འཕངས་ན“ལོ་རྒྱུུས་ཐོག་གི་གཡོ་ཐབས་ཀྱི་དོན་རྐྱེན་ཆེ་ཤོས”སུ་འགྱུར་ཉེན་ཆེ་ཞིང་། དམངས་གཙོ་ཏང་མིས་རིམས་ནད་འོག་སྦྲག་སྲིད་བརྒྱུད་ནས་འདེམས་ཤོག་འཕེན་པ་ལས་ཁོས་བསྟུན་མར་འགན་འཁུར་བར་གནོད་སྐྱོན་བཟོ་བསམ་ཡོད་ཟེར། ཐེ་རོན་ཕུ་ཡིས་ད་དུང་། ཁོས་འགོ་ཁྲིད་པའི་ཨ་རི་སྲིད་གཞུང་གིས་ཏོག་གསར་གློ་ཚད་རིམས་ནད་གནས་ཚུལ་ལ་ཁ་གཏད་འཇལ་སྟངས“ཧ་ཅང་ཡང་དག”ཡིན་པ་དང་། ཨ་རིའི་དཔལ་འབྱོར་ནི“vདབྱིབས”རྣམ་པ་ནས་སླར་གསོ་འབྱུང་བཞིན་ཡོད་པ་བརྗོད། 
   སྦྲག་སྲིད་བརྒྱུད་ནས་འདེམས་ཤོག་འཕེན་པའི་རྩོད་གླེང་ཐད། ཨ་རི་སྦྲག་སྲིད་ཅུས་ཀྱི་ཅུས་ཀྲང་ཏེ་ཇའོ་དབྱི་ཡིས་ཚེས་21ཉིན་དང་ཚེས་24ཉིན་ལ་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་འོག་གཉིས་ཀྱི་དཔང་ཉན་ཚོགས་འདུ་ཁག་སོ་སོར་ཞུགས་ཤིང་། སྦྲག་སྲིད་སྡེ་ཁག་གིས་འདེམས་བསྐོ་ཆེན་པོའི་སྐབས་ཀྱི་བདེ་འཇགས་དང་དུས་ཐོག་ཏུ་སྦྲག་སྲིད་ནས་བསྐུར་བའི་འདེམས་ཤོག་སྐྱེལ་སྤྲོད་བྱ་རྒྱུ་ཡིན་པ་མ་ཟད།  ལས་དོན་ལེགས་འགྲུབ་ཐུབ་པའི་ནུས་པ་ཡོད་པ་སོགས་དམ་བཅའ་བྱས། 
    སྤྱི་མཐུན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་དུས་མཉམ་དུ། ཐེ་རོན་ཕུ་ལ་ངོ་རྒོལ་བྱེད་པའི་སྤྱི་མཐུན་ཏང་གི་མི་ཁ་ཤས་ཀྱིས་དྲ་ཐོག་ནས་དུས་ཡུན་ཉིན་4རིང“རྒྱལ་ཁབ་འཛུགས་པའི་རྩ་དོན་ཚོགས་ཆེན”སྤེལ་བ་རེད། གཏམ་བཤད་སྤེལ་མཁན་ལ་དེ་སྔའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་ཧའེ་ཏན་དང་། དེ་སྔའི་རྒྱལ་ཕྲན་མཉམ་འབྲེལ་རྟོག་ཞིབ་ཅུས་ཀྱི་ཅུས་ཀྲང་ཁའོ་སྨི། སྤྱི་མཐུན་ཏང་ནས་ཡིན་པའི་དེ་སྔའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ནང་བློན། དེ་སྔའི་མངའ་སྡེའི་དཔོན་པོ་དང་དེ་སྔའི་རྒྱལ་ཡོངས་གྲོས་མི་སོགས་ཡོད། གཞན་ཡང་། སྤྱི་མཐུན་ཏང་གི་ཡིན་པའི་དེ་སྔའི་རྒྱལ་ཚོགས་ཀྱི་གྲོས་མི་30ཡིས་ཚེས་24ཉིན་པའེ་ཏན་གྱིས་ཙུང་ཐུང་འདེམས་བསྐོར་འགྲན་བསྡུར་ལ་རྒྱབ་སྐྱོར་ཡོད་པ་ཁྱབ་བསྒྲགས་བྱས་ཡོད། 
   དེ་སྔོན་གྱི་དམངས་གཙོ་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་འདྲ་བར། སྤྱི་མཐུན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིང་། ཉིན་རེའི་དགོང་མོར་ཏང་ནང་གི་མི་སྣ་གལ་ཆེན་ཚང་མས་གཏམ་བཤད་སྤེལ་ནས་ཐེ་རོན་ཕུ་ཙུང་ཐུང་འདེམས་བསྐོ་བྱེད་པ་ལ་ཤུགས་བརྒྱབ་པ་རེད། ཕང་སི་ཡིས་ཚེས་26ཉིན་མ་ལི་ལན་མངའ་སྡེའི་པར་ཏི་མའོ་གྲོང་ཁྱེར་ནས་མིང་བཏོན་པ་དང་ལེན་བྱེད་པའི་གཏམ་བཤད་སྤེལ་རྒྱུ་རེད། ཐེ་རོན་ཕུ་ཡིས་ཚེས་27ཉིན་ཕོ་བྲང་དཀར་པོའི་ལྷོ་ཕྱོགས་སྤང་ཐོག་ནས་མིང་བཏོན་པ་དང་ལེན་བྱེད་པའི་གཏམ་བཤད་སྤེལ་རྒྱུ་རེད། 

    ཐེ་རོན་ཕུ་ནི་1946ལོར་ནེའུ་ཡོ་རུ་སྐྱེས། ས་ཁང་བདག་ཁོངས་ཀྱི་ཚོང་པ་རེད། 2015ལོའི་ཟླ་6པར་སྤྱི་མཐུན་ཏང་གི་ཐོབ་ཐང་ནས་ཨ་རིའི་ཙུང་ཐུང་འདེམས་བསྐོ་ལ་ཞུགས་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། 2016ལོའི་ཟླ་11པར་ཨ་རིའི་ཙུང་ཐུང་ཨང་45པ་ལ་བདམས་ཐོན་བྱུང་ནས། 2017ལོའི་ཟླ་1ཚེས་20ཉིན་ལས་ཞུགས་དམ་བཅའ་བཞག་པ་རེད། 

http://tibet.people.com.cn/15821961.html  




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1