གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༨ཚེས་༢༦ཉིན།

༄༅།།ཞོད་འགོག་གི་རྩ་བའི་ཤེས་བྱ།

དང་པོ། ཞོད་འགོག
གཅིག ཞོད་འགོག་ཅེས་པའི་གོ་དོན།   
1 ཞོད་དུས་ཞེས་པ་ནི་ཆུ་བོའི་འབབ་ཡུལ་དུ་དུས་ཚིགས་རང་བཞིན་གྱི་ཆར་བ་འབབ་པ་དང་།  འཁྱགས་དར་ཞུ་བ། གངས་ཞུ་བ་བཅས་ལ་བརྟེན་ནས་ཆུ་བྲུག་པའི་དུས་རིམ་ལ་ཟེར།  རང་རྒྱལ་གྱི་ཞོད་དུས་ནི་གཙོ་བོ་དབྱར་ཁ་དྲག་ཆར་འབབ་པ་དང་སྟོན་ཁ་བསྟུད་མར་ཆར་བ་བབས་ནས་བྱུང་བ་རེད།  རྒྱལ་ཡོངས་ཀྱི་ངོས་ནས་གླེང་ན།  ཞོད་དུས་ཀྱི་དུས་རིམ་མི་འདྲ་སྟེ། དེ་ནི་གཙོ་བོ་ས་ཆ་སོ་སོའི་གནམ་གཤིས་དང་ཆར་བ་འབབ་པའི་གནས་ཚུལ་ལ་འབྲེལ་བ་ཡོད།  ལྷོ་ཕྱོགས་ལ་ཞོད་དུས་བྱུང་སྔ་ལ།  མཚམས་འཇོག་དུས་འགོར།   བྱང་ཕྱོགས་ལ་ཞོད་དུས་བྱུང་འཕྱི་ལ།   མཚམས་འཇོག་དུས་སྔ།   ཞོད་དུས་ནི་ལོ་གཅིག་ལས་ཆར་བ་འབབ་ཚད་ཆེས་མང་བའི་དུས་རིམ་ཡིན་ཞིང་། ཆུ་ལོག་གི་གནོད་འཚེ་འབྱུང་སླ་བས།  ཞོད་འགོག་ལས་དོན་ནན་མོ་བསྒྲུབ་དགོས།  
2ཞོད་འགོག་ཅེས་པ་ནི་ཞོད་དུས་ཀྱི་ཆུ་ལོག་སྔོག་འགོག་གི་ལས་ཀ་རིགས་སོ་སོར་གོ་ཞིང་། དེའི་ནང་དུ་ཞོད་སྐྱོན་མ་བྱུང་སྔོན་གྱི་ཆུ་ཆེད་ལས་གཞི་དང་ཞོད་འགོག་སྒྲིག་ཆས་ལ་ཞིབ་བཤེར་བྱེད་པ།  ཞིག་གསོ་བྱས་ནས་གནོད་འགོག་ནུས་པ་ཆེ་རུ་གཏོང་བ། ཞོད་དུས་ཀྱི་ཞོད་འགོག་བྱེད་ཐབས་བཅས་འདུས།  དཔེར་ན།  འགོག་རགས་སྲ་བརྟན་དུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་བྱེད་པ།   ཆུ་མཛོད་ལ་ཆུ་ལོག་འབྱུང་བའི་ཉེན་བརྡ་གཏོང་བ།  བབ་བསྟུན་ཉེན་སྐྱོབ་སོགས་ནི་ཞོད་འགོག་ལས་ཀ་ཡིན།  དེའི་ཕྱིར་ཞོད་དུས་ཡིན་མིན་གང་རུང་ལ་ཆུ་ལོག་ལ་སྔོན་འགོག་བྱེད་ཆེད་བསྒྲུབ་པའི་ལས་དོན་ཚང་མ་ནི་ཞོག་འགོག་ལས་ཀར་གཏོགས།
3ཆུ་ལོག་སྔོན་འགོག་ཅེས་པ་ནི་ཆུ་ལོག་གི་གནོད་འཚེར་སྔོན་འགོག་དང་གནོད་འཚེ་ཇེ་ཆུང་དུ་གཏོང་བ།  ཆུ་ལོག་གི་ཆོས་ཉིད་དང་ཆུ་ལོག་གི་གནོད་འཚེའི་ཁྱད་ཆོས་ལ་དམིགས་ནས་སྔོན་འགོག་བྱེད་པ་བཅས་ལ་གོ་ཞིང་།  དེ་ནི་ཞོད་འགོག་ལས་ཀའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། དཔེར་ན་ཆུ་ལོག་སྔོན་འགོག་གི་ལས་གཞི་འཛུགས་སྐྲུན་དང་།  ཆུ་ལོག་སྔོན་འགོག  ཆུ་ལོག་འབྱུང་བར་ཚོད་འཛིན་བྱེད་པ་སོགས།
གཉིས། ཞོད་འགོག་གི་གཞི་རྩའི་འོས་འགན།
        ཞོད་འགོག་གི་གཞི་རྩའི་འོས་འགན་ནི་འགོག་སྲུང་བྱེད་ཐབས་ཡག་པོ་སྤྱད་ནས། ཆུ་ལོག་གི་གནོད་འཚེ་ཇེ་ཆུང་དུ་གཏོང་གང་ཐུབ་བྱེད་པ་དང་།  དཔལ་འབྱོར་འཛུགས་སྐྱོང་བྱེད་པ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད།  སྤྱི་ཚོགས་བརྟན་བརླིང་བཅས་ལ་འགན་སྲུང་བྱེད་དགོས།  དེ་ལ་གཤམ་གསལ་གྱི་ནང་དོན་དག་འདུས།
1ཆུའི་བཅའ་ཁྲིམས་དང་ཆུ་ལོག་སྔོན་འགོག་གི་བཅའ་ཁྲིམས།  ཞོག་འགོག་སྲོལ་ཡིག་སོགས་འབྲེལ་ཡོད་ཁྲིམས་སྲོལ་དོན་འཁྱོལ་ནན་མོ་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་ཆུ་ལོག་སྔོན་འགོག་དང་རྒུད་སྐྱོབ་ཀྱི་འདུ་ཤེས་ཇེ་བཟང་དུ་གཏོང་དགོས།
2  ཞོད་འགོག་ལས་ཀའི་སྲིད་འཛིན་འགོ་གཙོའི་འགན་འཁུར་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། ཞོད་དུས་མ་བྱུང་སྔོན་གྱི་གྲ་སྒྲིག་དང་ཞོད་དུས་ཀྱི་ཆུ་ལོག་སྔོན་འགོག་དང་ཉེན་འགོག  ཞོད་དུས་བྱུང་རྗེས་ཀྱི་བསྐྱར་སྐྲུན་གྱི་གོ་རིམ་ཡོངས་ལ་འགན་འཁུར་དགོས་པ་མ་ཟད།  རིམ་པ་སོ་སོས་ཞོད་འགོག་འགན་འཁྲིའི་ལམ་ལུགས་རིགས་སོ་སོ་དོན་འཁྱོལ་བྱེད་དགོས།
3 ཞོད་དུས་མ་བྱུང་སྔོན་གྱི་ཞིབ་བཤེར་ལས་ཀ་ནན་མོ་བསྒྲུབ་དགོས་ཏེ། ཞོད་དུས་མ་བྱུང་སྔོན་གྱི་གྲ་སྒྲིག་ལས་ཀ་རིགས་སོ་སོ་ཡག་པོ་བསྒྲུབ་ནས།  བསམ་བློའི་ངོས་འཛིན་དང་།  ཞོད་འགོག་འགན་འཁྲི། རྩ་འཛུགས་བྱེད་ཐབས། ལས་གཞིའི་བྱེད་ཐབས།  ཆ་འཕྲིན་སྒྲིག་ཆས། སྔོན་ཇུས་དོན་འཁྱོལ་བཅས་བྱེད་དགོས།
4 དོན་གཅོད་དབང་ཆ་ལས་བགོས།  དོ་དམ་རིམ་དབྱེ།   འགན་འཁྲི་རིམ་དབྱེ།    དངུལ་གཏོང་ཚད་ཇེ་མང་བཅས་བྱས་ནས།  ཆུ་ལོག་འགོག་པའི་ལས་གཞིའི་ཚད་གཞི་ཇེ་ཆེར་གཏོང་བ་དང་།  གང་མགྱོགས་སྒོས་ལས་གཞིའི་ཉེན་ཁ་ཐག་གཅོད།  ཆུ་བེད་ལས་གཞིར་ཞོད་དུས་སུ་ཉེན་ཁ་མེད་པར་ཁག་ཐེག་བཅས་བྱེད་དགོས།
5 ཆར་བའི་གནས་ཚུལ་དང་ཆུའི་གནས་ཚུལ། ལས་གཞིའི་གནས་ཚུལ།  གནོད་འཚེའི་གནས་ཚུལ་སོགས་ཁོང་དུ་ཆུད་པ་བྱས་ཏེ། སྔོན་དཔྱད་དང་སྔོན་བརྡ་གཏོང་བ་སོགས་ཚུལ་མཐུན་གྱི་ཐབས་ཇུས་བཏོན་ནས།  ཆུ་བེད་ལས་གཞིའི་གནོད་འགོག་ནུས་པ་འདོན་སྤེལ་བྱེད་དགོས།
6 ཉེན་ཁ་འབྱུང་ན་དེ་མ་ཐག་བྱེད་ཐབས་བཀོལ་ཏེ།  ནུས་ཤུགས་ཡོད་རྒུས་ཉེན་འགོག་ལ་རྩ་འཛུགས་དང་གནོད་འཚེ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས།
7དུས་ལྟར་ཆུ་ལོག་གིས་གནོད་པ་ཐེབས་ས་བསྐྱར་སྐྲུན་བྱེད་དགོས་ལ།  གནོད་རྗེས་རོགས་སྐྱོབ་དང་དང་ཐོན་སྐྱེད་སླར་གསོ་གང་མགྱོགས་བྱེད་དགོས།
8 སྤྱི་ལ་འདང་བརྒྱབ་ནས་སྒྲིག་ལམ་བརྩི་བ་དང་།  གཅིག་གྱུར་མཛུབ་སྟོན་དང་ལས་ཀ་མཉམ་སྒྲུབ།  མཐུན་སྒྲིལ་གྱིས་གནོད་འགོག་བཅས་བྱེད་དགོས།
9ཞོད་འགོག་དང་ཐན་འགོག་རྒྱུན་འཁྱོངས་བྱས་ཏེ།  ཕྱོགས་གཉིས་ནས་གྲུབ་འབྲས་འཐོབ་པ་བྱེད་དགོས།
10 ཞོད་དུས་བྱུང་རྗེས་ལོ་དེའི་ཞོད་འགོག་ལས་ཀའི་ཉམས་མྱོང་ལ་ཕྱོགས་བསྡོམས་བྱེད་དགོས་པ་མ་ཟད། ལོ་རྗེས་མའི་ཞོད་འགོག་ལས་ཀའི་གཙོ་གནད་འདོན་དགོས།
གསུམ། ཆུ་ལོག་སྔོན་འགོག་ལ་བཀོད་སྒྲིག་དང་འཆར་འགོད་བྱེད་ཐབས།
1ཆུ་ལོག་སྔོན་འགོག་ལ་བཀོད་སྒྲིག་བྱེད་ཐབས་ལ། བྱེད་ཐབས་ཡག་པོ་བརྒྱུུད་ནས་ཆུ་ལོག་གི་དུས་དང་བར་སྟོང་གི་ཆོས་ཉིད་ལ་འགྱུར་བ་བཏང་སྟེ།  ཆུ་ལོག་གི་གནོད་འཚེ་ཆུང་དུ་གཏོང་དགོས།
2 ཆུ་ལོག་སྔོན་འགོག་ལ་འཆར་འགོད་བྱེད་ཐབས་ལ། ཆུ་བོའི་འབབ་ཡུལ་གྱི་ཆུ་ལོག་གི་ཁྱད་ཆོས་དང་གནོད་པ་ལ་ཞིབ་འཇུག་བྱེད་པའི་རྨང་གཞིའི་སྟེང་།  ཆུ་བོའི་འབབ་ཡུལ་གྱི་རང་བྱུང་ཆ་རྐྱེན་དང་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་ཚུལ།  རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་བཅས་གཞིར་བཟུང་ནས།  ཆུ་ལོག་སྔོན་འགོག་གི་ཚད་གཞི་གཏན་འཁེལ་བྱེད་དགོས།  དབྱེ་ཞིབ་དང་ཞིབ་བསྡུར་བརྒྱུད་ནས།  ཆུ་ལོག་སྔོན་འགོག་གི་ཐབས་ཇུས་ལུགས་མཐུན་གྱིས་བདམ་ནས་ལས་གཞི་དང་ལས་གཞི་མིན་པའི་བྱེད་ཐབས་གཏན་འཁེལ་བྱེད་དགོས།
གཉིས་པ། གནམ་གཤིས་ཀྱི་ཤེས་བྱ།  
གཅིག གནམ་གཤིས་ཀྱི་གྲུབ་ཆ།
        ས་ངོས་ཀྱི་གནམ་གཤིས་ཀྱི་གྲུབ་ཆ་ལ། གནམ་གཤིས་ཀྱི་དྲོ་གྲང་གི་ཚད།    རླུང་གནོན། རླུང་།  སྤྲིན། ཆར་ཆུ་སོགས་འདུས།
1དྲོད་དྲང་གི་ཚད་ཅེས་པ་ནི་ས་ངོས་ནས་སྨི་གཅིག་ཚེག་བཞི་ཡོད་པའི་མཁའ་དབུགས་ཁྲོད་ཀྱི་དྲོ་གྲང་ལ་ཟེར། དེ་ལ་གནམ་གཤིས་ཀྱི་དྲོ་གྲང་ཡང་ཟེར། 
2 བརླན་ཚད་ནི་ལྡོག་འཕྲོའི་འོད་འགོག་སྒམ་(百叶箱)ནང་གི་མཁའ་དབུགས་ཁྲོད་ཀྱི་ཆུ་རླངས་འདུས་ཚད་ལ་ཟེར་ཞིང་།  དེ་ནི་ལྟོས་མེད་བརླན་ཚད་དང་ལྟོས་བཅས་བརླན་ཚད་ཀྱིས་མཚོན་ཡོད།  ལྟོས་བཅས་བརླན་ཚད90%ཡན་བརྒལ་སྐབས་རླུང་ཁམས་ཆེན་མོ་དང་ཉེ་བར་བཅར་ཡོད།
3རླུང་གནོན་ལ་དབྱེ་ན་ས་ཚུགས་རླུང་གནོན་དང་དག་བཅོས་རྗེས་ཀྱི་མཚོ་ངོས་ཀྱི་རླུང་གནོན་ཡོད།  སྤྱིར་བཏང་དུ་གནམ་གཤིས་སྐོར་ལ་སྤྱོད་པའི་རླུང་གནོན་ནི་མཚོ་ངོས་ཀྱི་རླུང་གནོན་ཡིན།
4རླུང་གི་ཚད་འཇལ་བྱེད་ལ་རླུང་ཕྱོགས་དང་རླུང་འགྲོས་གཉིས་ཡོད་ཅིང་།  རླུང་ཕྱོགས་ནི་རླུང་རྒྱུ་བའི་ཕྱོགས་དང་རླུང་འགྲོས་ཀྱི་འཇལ་བྱེད་ནི་སྐར་ཆ་རེར་སྨི་ཡིན།  དེ་ཡང་དྲག་ཚད་ཀྱི་རིམ་པ་ལྟར་དབྱེ་ན་རླུང་རིམ་རེའུ་མིག་གཤམ་གསལ་ལྟར།
རླུང་རིམ།   མིང་།    རླུང་འགྲོས།(m/s)  རླུང་རིམ།    མིང་།   རླུང་འགྲོས། (m/s)
0 ཞི་རླུང་།  0~0.2 7 རླུང་བུ་འཚུབ་མ།  13.9~17.1
1 མཉེན་རླུང་།  0.1~1.5 8 རླུང་ནག 17.2~20.7
2ལྷོད་རླུང་།  1.6~3.3 9 རླུང་འཚུབ།  20.8~24.4
3 བསིལ་རླུང་།  3.4~5.4 10 རླུང་ནག་འཚུབ་མ། 24.5~28.4
4 འཇམ་རླུང་།  5.5~7.9 11  རླུང་དམར།28.5~32.6
5 རླུང་བུ།  8.0~10.7 12 རྒྱ་མཚོའི་རླུང་འཚུབ། >32.7
6 རླུང་ཆེན། 10.8~13.8
5སྤྲིན་ལ་སྤྱིའི་སྤྲིན་ཚད་དང་སྤྲིན་གྱི་མཐོ་ཚད།  སྤྲིན་གྱི་རྣམ་པ་བཅས་ཚད་གཞི་གསུམ་ཡོད།      སྤྱིའི་སྤྲིན་ཚད་ནི་ལྟ་དཔྱད་ཚད་འཇལ་གནས་ལྟེ་བར་བཟུང་ནས་བར་སྣང་སྤྲིན་གྱིས་བཟུང་བའི་སྡུར་ཚད་ལྟར་རིམ་པ་ཕྱེས་ཡོད་།  གནམ་གཤིས་སྐོར་གྱི་བརྡ་ཆད་ལས་གནམ་དྭངས་བ།  གནམ་དྭངས་ལ་སྤྲིན་མང་བ།  སྤྲིན་མང་བ།  སྤྲིན་མང་ལ་གནམ་འཐིབས་པ།  གནམ་འཐིབས་པ་སོགས་ཡོད།  སྤྲིན་གྱི་མཐོ་ཚད་ནི་སྤྲིན་ཞབས་ཀྱི་མཐོ་ཚད་ལ་ཟེར་ཞིང་།  སྤྲིན་གྱི་མཐོ་ཚད་ལ་དབྱེ་ན་མཐོ་འབྲིང་དམའ་གསུམ་ཡོད།  སྤྲིན་གྱི་རྣམ་པར་དབྱེ་ན་བརྩེགས་སྤྲིན་དང་འཁྱིལ་སྤྲིན།  ཚོམ་སྤྲིན་སོགས་ཡོད་དོ།།
6ཆར་ཆུ་འབབ་པའི་ཚད་ལ་གཞི་འཛིན་ས་གཉིས་ཡོད་དེ།ཆར་ཆུ་འབབ་ཚད་དང་ཆར་ཆུ་འབབ་པའི་དྲག་ཚད་ཡིན།   ཆར་ཆུ་འབབ་ཚད་ནི་དུས་ཚོད་ངེས་ཅན་ཞིག་གི་ནང་ཆར་ཆུ་བསགས་པའི་ཚད་དང་།  ཆུ་ཚོད་གཅིག་རིང་ཆར་བ་བབས་པའི་ཚད་ལ་ཆར་ཆུ་འབབ་པའི་དྲག་ཚད་ཟེར།  ཆར་ཆུ་འབབ་ཚད་ཀྱི་ཆེ་ཆུང་ལྟར་ཆར་ཆུ་འབབ་པའི་རིམ་པ་ཕྱེས་ཡོད།
གཉིས། གནམ་གཤིས་སྐོར་གྱི་བརྡ་ཆད།
1གནམ་གཤིས་ཀྱི་དཔེ་རིས་དང་གནམ་གཤིས་འཁོར་སྐར་སྤྲིན་གྱི་དཔེ་རིས།  རླུང་ཁམས་ཆེན་མོའི་དངོས་ལུགས་རྣམ་པ་དང་ཁྱད་ཆོས་ཀྱི་དཔེ་རིས་ལ་དབྱེ་ཞིབ་བྱས་པའི་སྤྱི་མིང་ལ་གནམ་གཤིས་ཀྱི་དཔེ་རིས་ཟེར།
        རྒྱུན་པར་དེ་ནི་ཆེད་དུ་དུས་མཚམས་གང་རུང་ཞིག་ཏུ་ས་ཁུལ་ཁྱབ་ཁོངས་ཆེ་ཤོས་ནང་གི་གནམ་གཤིས་གནས་ཚུལ་དངོས་སམ་གནམ་གཤིས་འགྱུར་ཕྱོགས་མཚོན་པའི་དཔེ་རིས་ཤིག་ཡིན་ལ།  དུས་མཚམས་གཅིག་ཏུ་ས་ཆ་སོ་སོ་ནས་ཐོབ་པའི་གནས་གཤིས་གནས་ཚུལ་ནི་གནམ་གཤིས་བརྡ་རྟགས་སུ་བསྒྱུར་རྗེས་གྲངས་ཀྱིས་མཚོན་པར་བྱས་ཡོད།  དེར་གཙོ་བོ་ས་ངོས་ཀྱི་གནམ་གཤིས་རི་མོ་དང་བར་སྣང་གི་གནམ་གཤིས་རི་མོ་གཉིས་ཡོད།  ས་ངོས་ཀྱི་གནམ་གཤིས་རི་མོ་བརྒྱུད་ནས་བར་སྣང་གི་གནམ་གཤིས་རི་མོའི་རྣམ་པར་དབྱེ་ཞིབ་བྱས་ཏེ་མ་འོངས་པའི་ཉིན་འགའི་གནམ་གཤིས་འགྱུར་ལྡོག་ལ་ཚོད་དཔག་བྱེད་ཐུབ།  འཁོར་སྐར་སྤྲིན་གྱི་དཔེ་རིས་ནི་གནམ་གཤིས་འཁོར་སྐར་གྱིས་པར་བླངས་ནས་བསྐུར་ཡོང་བའི་སྤྲིན་གྱི་འདྲ་པར་ཡིན་ལ།  ཁྱབ་ཁོངས་ཆེ་ཤོས་ཁྲོད་ཀྱི་སྤྲིན་པའི་གནས་ཚུལ་མངོན་ཐུབ།  མ་ཟད་དེ་ནི་གནམ་གཤིས་སྔོན་བརྡའི་གཞི་འཛིན་ས་གཙོ་བོ་ཞིག་ཡིན།འཁོར་སྐར་སྟེང་སྒྲིག་འཇོག་བྱས་པའི་དཔྱད་ཆས་མི་འདྲ་བས།  བསྐུར་ཡོང་བའི་འཁོར་སྐར་སྤྲིན་གྱི་དཔེ་རིས་ལའང་དམར་ཕྱིའི་འཁོར་སྐར་སྤྲིན་གྱི་དཔེ་རིས་དང་མཐོང་ཐུབ་པའི་འོད་ཀྱི་འཁོར་སྐར་སྤྲིན་གྱི་དཔེ་རིས་གཉིས་ཡོད།  འཁོར་སྐར་སྤྲིན་གྱི་དཔེ་རིས་ཀྱི་དག་ཚད་ཅུང་མཐོ་ལ།  གནས་ཚུལ་དུས་ལྟར་མཐོང་ཐུབ་པས་དེ་ནི་ཆུ་ལོག་སྔོན་འགོག་བྱེད་སྐབས་གནམ་གཤིས་འགྱུར་ལྡོག་གི་རྣམ་པ་དང་ཞོད་ཟོན་ཐན་འགོག་གི་བྱ་བར་རྒྱུས་ལོན་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན།
2  མཐོ་གནོན་དང་མཐོ་གནོན་འབུར་ཁ།    གནམ་གཤིས་རི་མོར་དབྱེ་ཞིབ་བྱེད་སྐབས་གནོན་མཚུངས་ཐིག་འགའ་རེ་ནི་ཁ་ཟུམ་འཁྱོག་ཐིག་ཡིན།  གལ་ཏེ་དེའི་ལྟེ་བའི་རླུང་གནོན་ནི་མཐའ་འཁོར་གྱི་རླུང་གནོན་ལས་མཐོ་སྐབས་ས་ཁུལ་དེར་རླུང་གནོན་ཚོད་འཛིན་ས་ཁུལ་ཟེར།  དེའི་ཁྲོད་ཀྱི་རླུང་གནོན་ཆེས་མཐོ་བའི་ས་ཆར་མཐོ་གནོན་ལྟེ་བ་ཟེར།
མཐོ་གནོན་ལྟེ་བ་ནས་རིམ་བཞིན་རླུང་གནོན་ཇེ་དམའ་ཡིན་ལ།  ཕྱོགས་སོ་སོར་རླུང་གནོན་མར་འབབ་ཕྱོད་མི་འདྲ་བས་གནོན་མཚུངས་ཐིག་ནི་མཐོ་གནོན་ལྟེ་བ་སྒོར་ལྟེ་བྱས་པའི་ལྟེ་མཐུན་སྒོར་དབྱིབས་ཚོ་ཞིག་གྲུབ་མི་ཐུབ།  གནོན་མཚུངས་ཐིག་དེ་མཐོ་གནོན་ལྟེ་བ་ནས་ཕྱི་ལ་འབུར་ཡོད་ཅིང་འབུར་བའི་ཁག་དེར་མཐོ་གནོན་འབུར་ཁ་ཟེར།  མཐོ་གནོན་ལྟེ་བའི་ཉེ་ལོགས་སུ་སྤྱིར་བཏང་དུ་གནམ་དྭངས་བ་ནས་སྤྲིན་ཉུང་བའི་གནམ་གཤིས་ཡིན།
3དམའ་གནོན་དང་དམའ་གནོན་ཤུར་ཁ།   གནམ་གཤིས་རི་མོར་དབྱེ་ཞིབ་བྱེད་སྐབས་གལ་ཏེ་ཁ་ཟུམ་གནོན་མཚུངས་ཐིག་ནང་གི་རླུང་གནོན་མཐའ་འཁོར་ལས་དམའ་ན་དེར་རླུང་གནོན་དམའ་བ་ཟེར། དམའ་གནོན་ཁྱབ་ཁོངས་ནང་རླུང་གནོན་ཆེས་དམའ་བའི་ས་ཆར་དམའ་གནོན་ལྟེ་བ་ཟེར།  དམའ་གནོན་ལྟེ་བ་ནས་ཕྱི་ཕྱོགས་སུ་རླུང་གནོན་རིམ་བཞིན་ཇེ་མཐོ་ཡིན།  འོན་ཀྱང་ཕྱོགས་སོ་སོར་བརྒྱུད་པའི་རླུང་གནོན་གྱི་འཕར་ཕྱོད་མི་འདྲ་ལ། རླུང་གནོན་འཕར་བ་དལ་བའི་གནོན་མཚུངས་ཐིག་དེ་དམའ་གནོན་ལྟེ་བ་ནས་ཕྱི་ཕྱོགས་སུ་འབུར་ཞིང་དེའི་རླུང་གནོན་ཉེ་མཚེས་ངོས་གསུམ་གྱི་རླུང་གནོན་ལས་དམའ་སྲིད།  དེར་དམའ་གནོན་ཤུར་ཁ་ཟེར།  དེ་མཐོ་གནོན་གྱི་གནས་ཚུལ་དང་ལྡོག་པ་ཡིན།  དམའ་གནོན་མ་ལག་ལ་ཤུགས་རྐྱེན་ཐེབས་སྐབས་གནམ་གཤིས་འཐིབས་ནས་ཆར་བ་འབབ་པའི་སྣང་ཚུལ་འབྱུང་སླ།
4གྲང་མཚམས་དང་དྲོད་མཚམས། ཞི་འཇགས་མཚམས།  ངོ་བོ་མི་འདྲ་བའི་དྲོ་གྲང་རླུང་འཚུབ་ཕན་ཚུན་ཕྲད་པ་ལས་གྲུབ་པའི་བསྣོལ་མཚམས་ངོས་ལ་མཚམས་ངོས་ཟེར།  མཚམས་ངོས་ལ་དབྱེ་ན་གྲང་མཚམས་དང་དྲོད་མཚམས། ཞི་འཇགས་མཚམས་བཅས་ཡོད།   རྒྱུ་མཚན་མཚམས་ངོས་ཀྱི་ཉེ་འཁོར་ནི་རླུང་ཚོམ་དྲོ་གྲང་གཉིས་བསྣོལ་བའི་མཚམས་ཡིན་པས་སྤྲིན་མང་བ་དང་ཆར་འབབ་པ།  རླུང་ཆེན་པོ་ལྡང་བ་བཅས་ཀྱི་གནམ་གཤིས་སུ་གཏོགས།
གྲང་མཚམས།   མཁའ་རླུང་གྲང་མོའི་སྟོབས་ཤུགས་ཅུང་དྲག་པས་རླུང་ཚོམ་གྲང་མོ་དེ་རླུང་ཚོམ་དྲོན་པོའི་ནང་འཇུག་པ་དང་།  དེ་གཉིས་བསྣོལ་བའི་མཚམས་ལ་གྲང་མཚམས་ཟེར།གྲང་མཚམས་ཀྱིས་ཤུགས་རྐྱེན་ཐེབས་སྐབས་རླུང་གི་ཁ་ཕྱོགས་བྱང་དུ་འཁྱོག་སྲིད་ལ།  རླུང་གནོན་རིམ་བཞིན་ཇེ་མཐོ་དང་བརླན་ཚད་རིམ་བཞིན་ཇེ་དམའ་ཡིན་ཞིང་མཁའ་རླུང་གི་དྲོད་ཚད་ཇེ་དམའ་རུ་འགྲོ་ཞིང་།  སྤྱིར་བཏང་དུ་ཆར་འབབ་སྲིད་ལ་དབྱར་དུས་སུ་འབྲུག་གྲགས་ཤིང་གློག་འཁྱུག་པའི་སྣང་ཚུལ་འབྱུང་།
དྲོད་མཚམས།   མཁའ་རླུང་དྲོན་པོའི་སྟོབས་ཤུགས་ཅུང་དྲག་པས་རླུང་ཚོམ་དྲོན་པོ་དེ་རླུང་ཚོམ་གྲང་བའི་ནང་འཇུག་པ་དང་། མཁའ་རླུང་གྲང་མོ་ཕྱིར་ནུར་ངེས།  མཚམས་ངོས་སྤྱིར་བཏང་དུ་བྱང་ནས་བྱང་ཤར་ཕྱོགས་སུ་སྤོ་འགུལ་བྱེད།  མཁའ་རླུང་དྲོན་པོས་རིམ་བཞིན་མཁའ་རླུང་གྲང་མོའི་གནས་ཚོད་འཛིན་བྱེད་ཅིང་མཚམས་ངོས་དེར་དྲོད་མཚམས་ཟེར།  དྲོད་མཚམས་ཀྱིས་ཤུགས་རྐྱེན་ཐེབས་པའི་སྔོན་ལ་ཤར་ནས་ཤར་ལྷོའི་ཕྱོགས་ཀྱི་རླུང་ལྡང་ཞིང་རླུང་ཤུགས་ཅུང་ཆེ་སྲིད།  རླུང་གནོན་མར་བབ་ནས་གནམ་གཤིས་འཐིབས་པ་ནས་ཆར་འབབ་པའི་གནམ་གཤིས་ལ་འགྱུར།  དྲོད་མཚམས་བརྒལ་རྗེས་རླུང་ལྡང་ཕྱོགས་ལྷོ་ནས་ལྷོ་ནུབ་ཕྱོགས་སུ་འགྱུར་ནས་རླུང་གནོན་སྔར་བཞིན་ཇེ་དམའ་དང་དྲོད་ཚད་ཇེ་མཐོ།  བརླན་ཚད་ཇེ་ཆེ་བཅས་ཡིན།  ཆར་འབབ་མཚམས་བཞག་རྗེས་སྤྲིན་ཇེ་མང་ཡིན་ལ། མཚམས་རེར་སྨུག་པ་འཐིབས་ངེས།
        ཞི་འཇགས་མཚམས།  རླུང་ཚོམ་དྲོ་གྲང་གཉིས་ཀྱི་སྟོབས་ཤུགས་མཉམ་པའི་སྐབས་སུ་དེ་གཉིས་ཀྱི་མཚམས་ངོས་སུ་ཞི་འཇགས་སུ་གནས་པའི་མཚམས་ངོས་ཤིག་མངོན།  དེར་ཞི་འཇགས་མཚམས་ཟེར།སྐབས་རེར་མཚམས་ངོས་སྤོ་འགུལ་དལ་བའམ་རླུང་ཚོམ་དྲོ་གྲང་བར་དུ་གཡོ་འགུལ་ཅུང་བྱུང་དུས་ཞི་འཇགས་ཀྱི་རྣམ་པ་གསལ་བོ་མངོན་ཞིང་།  དེར་བཅར་བའི་ཞི་འཇགས་མཚམས་ཟེར།  ཞི་འཇགས་མཚམས་དེ་ས་ཁུལ་གང་རུང་ཞིག་ནས་བསྡད་པའི་དུས་ཚོད་ཅུང་རིང་ལ་དེས་ཤུགས་རྐྱེན་ཐེབས་པའི་ས་ཁུལ་དུ་བསྟུད་མར་གནམ་འཐིབས་ཤིང་ཆར་བ་འབབ་སྲིད།  ཞི་འཇགས་མཚམས་ནི་བྱང་ནས་བར་སྣང་མཐོན་པོའི་འཕྲེད་བཅད་ཐིག་བརྒྱུད་དེ་ལྷོ་རུ་ཕྱོགས་ཤིང་།   དེ་ནི་ཆར་ཞོད་འབབ་པའི་ས་ཁུལ་ཡིན།
5སོས་ཆར།  སྤྱིར་བཏང་ལོ་རེའི་ཟླ་དྲུག་པ་དང་བདུན་པའི་བར་ལ་འབྲི་ཆུའི་དབུས་སྨད་རྒྱུད་དང་།  ཧོའོ་ཧའེ་ཆུ་བོའི་ས་ཁུལ་དུ་དུས་ངེས་ཅན་ཞིག་ལ་བསྟུད་མར་གནམ་འཐིབས་ཤིང་ཆར་ཆུ་འབབ་པའི་དུས་རིམ་ཡིན།   དུས་སྐབས་འདིའི་ནང་དུ་རླུང་ཁམས་ཆེན་མོའི་འཁོར་རྒྱུག་གི་དུས་རླུང་ལེགས་སྒྲིག་བྱས་པས། རྒྱ་མཚོ་ཆེན་མོ་ནས་ལྡང་བའི་དྲོད་གཤེར་རླུང་རྒྱུན་དང་བྱང་ཕྱོགས་ནས་ལྡང་བའི་མཁའ་དབུགས་གྲང་མོ་གཉིས་ཅང་ཧོའོ་ཆུ་བོའི་འབབ་རྒྱུད་ནས་འདུས་ཤིང་། དེ་ལས་ཤར་ནུབ་ཕྱོགས་ལ་ཞི་འཇགས་མཚམས་དག་མ་ཞིག་གྲུབ་པས་སྤྱིར་བཏང་དུ་དེར་སོས་ཆར་མཚམས་ཟེར།  བསྟུད་མར་གནམ་འཐིབས་ཤིང་ཆར་འབབ་པའི་གནམ་གཤིས་ཤིག་གྲུབ་ཡོད་ཅིང་དེ་ལ་སོས་ཆར་ཟེར།
6ཚ་ཁུལ་བར་མའི་མཐོ་གནོན།  རྒྱུན་ལྡན་དུ་སའི་གོ་ལའི་ཕྱེད་ལྷོ་དང་བྱང་གི་ཚ་རྒྱུད་བར་མའི་ས་ཁུལ་ནི་མཐོ་གནོན་ཁག་ཡིན།  དེར་བར་མཐོ་ཡང་ཟེར་།  ཚ་རྒྱུད་བར་མའི་མཐོ་གནོན་ཁུལ་དུ་ལྷོ་བྱང་དུ་ཕར་འགྲོ་བ་ལས་གཞན།   ཤར་ནུབ་དུ་གཡོ་འགུལ་བྱེད་པས་ཀྲུང་གོར་ལོ་རེར་ཐན་ཞོད་མི་སྙོམས་པའི་སྣང་ཚུལ་གྲུབ་ཡོད།
7མཚོ་རླུང་དྲག་པོ། མཚོ་རླུང་དྲག་པོ་ནི་ཚ་ཁུལ་རྒྱ་མཚོའི་ངོས་ནས་བྱུང་བའི་ཚ་ཁུལ་རླུང་འཁྱིལ་དྲག་པོ་ཞིག་ཡིན།  རྒྱུན་པར་མཚོ་རླུང་དྲག་པོ་ནི་རླུང་ཆེན་དང་དྲག་ཆར་ཡོད་སའི་གནམ་གཤིས་དང་བསྡེབས་ནས་ཡོད།
        མཚོ་རླུང་དྲག་པོའི་རིམ་པ་ནི། མཚོ་རླུང་དྲག་པོ་ནི་ཚ་རྒྱུད་རླུང་འཁྱིལ་གྱི་ལྟེ་བའི་ཉེ་ལོགས་ཀྱི་ཆེས་ཆེ་བའི་རླུང་ཤུགས་ནས་རིམ་གྱིས་དབྱེ་ཡོད།  ༡༩༨༩ལོའི་ཟླ་༡པོའི་ཚེས་༡ནས་རྒྱལ་སྤྱིའི་གཅིག་གྱུར་གྱི་རིམ་དབྱེ་གཏན་འབེབས་བྱས་ཤིང་།  ལྟེ་བ་དང་ཉེ་བའི་རླུང་ཤུགས་རིམ་པ་༨ནས་༩བར་ལ་ཚ་ཁུལ་རླུང་དམར་ཟེར།  ལྟེ་བ་དང་ཉེ་བའི་རླུང་ཤུགས་རིམ་པ་༡༠ནས་༡༡བར་ལ་ཚ་ཁུལ་རླུང་དམར་དྲག་པོ་ཟེར།  ལྟེ་བ་དང་ཉེ་བའི་རླུང་ཤུགས་རིམ་པ་༡༢དང་༡༢ཡན་ལ་མཚོ་རླུང་དྲག་པོ་ཟེར།
མཚོ་རླུང་དྲག་པོའི་རྒྱུ་ལམ།  མཚོ་རླུང་དྲག་པོའི་རྒྱུ་ལམ་ཕལ་ཆེར་རིགས་གསུམ་ལ་དབྱེ་ཡོད།①ནུབ་ནས་ལྡང་བའི་རིགས་ཏེ།   མཚོ་རླུང་དྲག་པོ་ཧྥེ་ལི་པིན་ནས་རིམ་བཞིན་ནུབ་ཕྱོགས་སུ་ལྡང་སྟེ་ཀྲུང་གོའི་བྱང་ཕྱོགས་ནས་སྐམ་སར་ལྡང་གིན་ཡོད།  ②སྐམ་སར་ལྡང་བའི་རིགས།  མཚོ་རླུང་དྲག་པོ་བྱང་ཤར་ཕྱོགས་སུ་སྤོ་འགུལ་བྱེད་ཅིང་ཐའེ་ཝན་མཚོ་འགག་བརྒྱུད་ནས་ཀྲུང་གོའི་ཀོང་ཏུང་དང་ཧྥུ་ཅན།  ཀྲེ་ཅང་བཅས་ཀྱི་མཚོ་འགྲམ་བརྒྱུད་ནས་སྐམ་སར་ལྡང་བཞིན་ཡོད།   རིམ་བཞིན་རླུང་ཤུགས་ཇེ་ཞན་དང་རླུང་གནོན་ཇེ་དམའ་རུ་གྱུར། མཚོ་རླུང་དྲག་པོ་འདིའི་རིགས་ཀྱིས་ཀྲུང་གོར་ཤུགས་རྐྱེན་ཐེབས་པ་ཆེས་ཆེ།③ འཕངས་ཐིག་དབྱིབས་ཅན། མཚོ་རླུང་དྲག་པོ་སྔོན་ལ་ནུབ་བྱང་ཕྱོགས་སུ་སྤོ་འགུལ་བྱེད་ཅིང་།  ཀྲུང་གོའི་ཤར་རྒྱུད་ཀྱི་མཚོ་རྒྱུད་ལ་ཉེ་སྐབས་སྐམ་སར་མི་ལྡང་བར་བྱང་ཤར་དང་འཇར་པན་གྱི་ཉེ་འགྲམ་དུ་འཁོར་སྲིད།  མཆེད་ལམ་དེ་ནི་འཕངས་ཐིག་གི་རྣམ་པར་གྲུབ་ཡོད།
མཚོ་རླུང་དྲག་པོའི་གནོད་སྐྱོན།  མཚོ་རླུང་དྲག་པོ་ནི་གཏོར་བརླག་ཚབས་ཆེན་བཟོ་བའི་གནོད་སྐྱོན་རང་བཞིན་ལྡན་པའི་གནམ་གཤིས་ཀྱི་མ་ལག་ཅིག་ཡིན།  འོན་ཀྱང་མཚམས་རེར་ཐན་སྐྱོན་སེལ་བའི་ནུས་པ་ཆེན་པོ་ཡང་ལྡན་ཡོད།  གནོད་སྐྱོན་རང་བཞིན་གཙོ་བོ་ཕྱོགས་གསུམ་ནས་མངོན་ཡོད།①རླུང་ཆེ་བ།  མཚོ་རླུང་དྲག་པོའི་ལྟེ་བ་དང་ཉེ་བའི་ཆེས་ཆེ་བའི་རླུང་ཤུགས་རིམ་པ་༨ཡན་ཡིན།②དྲག་ཆར། མཚོ་རླུང་དྲག་པོ་ནི་དྲག་ཆར་གནམ་གཤིས་ཀྱི་མ་ལག་ཅིག་ཡིན་ལ།  སྤྱིར་བཏང་དུ་མཚོ་རླུང་དྲག་པོ་བརྒྱུད་པའི་ས་ཁུལ་དུ150mm~300mmཡི་ཆར་བ་འབབ་སྲིད། མཚོ་རླུང་དྲག་པོ་ཉུང་ཤས་ལ་1000mmཡན་གྱི་དྲག་ཆར་ཆེན་པོ་འབབ་སྲིད།  ༡༩༧༥ལོ་ཨང་རྟགས་༣པའི་མཚོ་རླུང་དྲག་པོ་སྟེ་ཧོའོ་ཧའེ་གཙང་བོའི་སྟོད་རྒྱུད་དུ་དྲག་ཆར་ཆེན་པོ་བབས་ཤིང་།  དེ་ནི་ཀྲུང་གོའི་སྐམ་སའི་སྟེང་གི་ཆར་ཞོད་ཆེས་ཆེ་ཤོས་ལ་གྱུར།ཧུ་ནན་དུ་“75.8”ཅན་གྱི་ཆུ་ལོག་རྒྱུག  ③རླུང་ནག་བརླན་བསྐྱེད།  སྤྱིར་བཏང་དུ་མཚོ་རླུང་དྲག་པོས་མཚོ་ངོགས་རྒྱུད་དུ་ཆུ་བོ་བྲུག་ཏུ་འཇུག་སྲིད།
        མཚོ་རླུང་དྲག་པོའི་ཨང་རྟགས།  ཀྲུང་གོས་སའི་གོ་ལའི་ཤར་གྱི་ཞེང་ཐིག་ཏུའུ་༡༥༠ནས་ནུབ་དང་བྱང་གི་ཞེང་ཐིག་ཏུའུ་༡༠་ནས་བྱང་དུ་ངོས་བཟུང་ཡོད། ལྟེ་བ་དང་ཉེ་བའི་རླུང་ཤུགས་ཆེས་ཆེ་བ་ནི་རིམ་པ་༨ལས་བརྒལ་བའི་ཚ་རྒྱུད་དམའ་གནོན་ཡིན། ལོ་རེར་མངོན་ཡོང་བའི་གོ་རིམ་ལྟར་ཨང་རྟགས་བསྒྲིགས་ཡོད་ལ།  ད་ལྟ་ང་ཚོས་རྒྱང་བསྒྲགས་དང་བརྙན་འཕྲིན་ནས་མཐོང་ཐོས་བྱུང་བའི་ད་ལོའི་ཨང་རྟགས་ག་གེ་མོའི་མཚོ་རླུང་དྲག་པོ་ཟེར་བ་དེ་ཡིན།
8  མིའི་བཟོས་ཆར་འབེབ།    མིའི་བཟོས་ཆར་འབེབ་ནི་མིའི་རྩོལ་བར་བརྟེན་ནས་ཆར་འབབ་ཏུ་འཇུག་པར་ཟེར།  དེ་ནི་ཆར་འབབ་ཚད་དང་ཆར་འབབ་སའི་ཁྱབ་ཁོངས་ལ་འགྱུར་བ་གཏོང་ཐབས་ཤིག་ཡིན།
གསུམ། གནམ་གཤིས་སྔོན་བརྡའི་སྐོར་གྱི་བརྡ་ཆད།
1གནམ་གཤིས་སྔོན་བརྡའི་རིགས།   གནམ་གཤིས་སྔོན་བརྡའི་རིགས་ལ་ཡུན་ཐུང་དང་ཡུན་འབྲིང་།ཡུན་རིང་བཅས་ཡོད།དེ་ལས་48hནང་ལ་ཡུན་ཐུང་དང་།
48hབརྒལ་བར་ཡུན་འབྲིང་།  ཟླ་ཕྱེད་ཡན་ལ་ཡུན་རིང་ཟེར།   གནོད་སྐྱོན་རང་བཞིན་གྱི་གནམ་གཤིས་མ་ལག་མ་བྱུང་སྔོན་ལ་གནམ་གཤིས་བརྟག་དཔྱད་ཁང་གི་ས་ཚུགས་སོ་སོས་གསར་འགྱུར་དང་སྙན་ཞུ། ཉེན་བརྡ།  ཛ་དྲག་ཆེ་བའི་ཉེན་བརྡ་བཅས་གཏོང་དགོས།
2བར་སྣང་གི་གནས་ཚུལ།  བར་སྣང་གི་གནས་ཚུལ་ནི་བར་སྣང་གི་སྤྲིན་གྱི་མང་ཉུང་དང་ཉི་འོད་ལ་འབྲེལ་བ་ཡོད།  དེར་དབྱེ་ན་གནམ་དྭངས་བ།  སྤྲིན་ཉུང་བ།  སྤྲིན་མང་བ།  གནམ་འཐིབས་པ་བཅས་ཡོད།
བཞི། ཆར་ཆུ་འབབ་པའི་ཚད་རིམ།      
ཆར་ཆུ་འབབ་པའི་ཚད་རིམ་གྱི་རེའུ་མིག
རིམ་པ།12h ནང་གི་སྤྱིའི་ཆར་ཆར་ཆུ་འབབ་ཚད་ (mm)དང 24h ནང་གི་སྤྱིའི་ཆར་ཆུ་འབབ་ཚད་ (mm)
ཆར་ཆུང་། 0.0~5.0 0. 0~10.0
ཆར་འབྲིང་། 5.1~15.0 10.1~25.0
ཆར་ཆེན། 15.1~30.0 25.1~50.0
དྲག་ཆར། 30.1~70.0 50.1~100.0
དྲག་ཆར་ཆེ་བ། 70.1~140.0 100.1~200.0
དྲག་ཆར་ཆེས་ཆེ་བ། >140.0 >200.0
1ཆར་བའི་རིགས།  རླུང་རྒྱུན་འགུལ་སྐྱོད་ཀྱིས་ཆར་འབབ་པར་ཤུགས་རྐྱེན་ཐེབས་པ་ལྟར་དབྱེ་ན།    རླུང་འཁྱིལ་ཆར་བ།  ས་དབྱིབས་ཆར་བ།  གཏད་རྒྱུག་ཆར་བ། མཚོ་རླུང་དྲག་པོའི་ཆར་བ་བཅས་བཞི་ཡོད།
2གནམ་གཤིས་སྔོན་བརྡ། རླུང་འཕྲིན་དང་བརྙན་འཕྲིན་ཁང་ལ་ཉིན་རེ་བཞིན་གནམ་གཤིས་སྔོན་བརྡའི་ལེ་ཚན་ཡོད་ལ།  གནམ་གཤིས་སྔོན་བརྡའི་ནང་གི་དེ་རིང་ཉིན་དཀར་ཞེས་པ་ནི་སྔ་དྲོའི་ཆུ་ཚོད་8∶00ནས་དགོང་མོའི་ཆུ་ཚོད་20∶00བར་དེ་ཆུ་ཚོད་བཅུ་གཉིས་ཀྱི་རིང་ཡིན།དེ་རིང་གི་ནུབ་མོ་ཞེས་པ་ནི་དགོང་མོའི་ཆུ་ཚོད་20∶00ནས་ཉིན་གཉིས་པའི་ཞོགས་པའི་ཆུ་ཚོད་8∶00ཀྱི་བར་དེ་ཆུ་ཚོད་བཅུ་གཉིས་ཀྱི་རིང་ཡིན།  སྤྲིན་མང་ཞེས་པ་ནི་སྤྲིན་ཚད་ཀྱིས་40%~70%ཟིན་པར་ཟེར།གནམ་འཐིབས་པ་ཞེས་པ་ནི་སྤྲིན་ཚད་ཀྱིས་80%~100%ཟིན་པར་ཟེར།གནམ་དྭངས་ཞེས་པ་ནི་སྤྲིན་ཚད་ཀྱིས10%~30%ཟིན་པར་ཟེར། སྔོན་བརྡའི་དུས་ཚོད་ཆུ་ཚོད་བཅུ་གཉིས་ལས་བརྒལ་མི་རུང་།  ཆུ་ཚོད་བཅུ་གཉིས་ནི་ཆར་ཆུ་འབབ་པའི་ཚད་ལྡན་རིམ་པ་ཡིན།  དཔེར་ན།  སྔོན་བརྡ་རུ་དེ་རིང་ཉིན་དཀར་གྱི་ཉིན་གུང་དང་ཡང་ན་ དགོང་མོ་གློག་འཁྱུག་ཅིང་ཆར་འབབ་ཞེས་པ་ནི་ཆུ་ཚོད་བཅུ་གཉིས་ནང་གི་ཆར་ཆུ་འབབ་ཚད་བཤད་པ་ཡིན། གལ་ཏེ་སྔོན་བརྡ་རུ་དེ་རིང་ཉིན་མོ་ནས་དགོང་མོའི་བར་ཆར་འབྲིང་ནས་ཆར་ཆེན་འབབ་སྲིད་ཅེས་པ་ནི་ཆུ་ཚོད་ཉེར་བཞིའི་ནང་གི་ཆར་ཆུ་འབབ་ཚད་བཤད་པ་ཡིན།
ལྔ། ནམ་ཟླ་ལ་ཤུགས་རྐྱེན་བཟོ་བའི་གནམ་དཔྱད་དང་མཚོ་དྲོད་རྒྱུ་རྡུལ།
1ཉི་མའི་ནག་རྡུལ།  ཉི་མའི་ནག་རྡུལ་ནི་ཉི་མའི་སྟེང་རྒྱུན་པར་མངོན་པའི་ནག་ཐིག་དེར་ཟེར།  དེ་ནི་ཉི་མ་འགུལ་སྐྱོད་བྱས་པའི་རྩ་བའི་མཚོན་རྟགས་ཡིན།  བསྡོམས་རྩིས་བྱས་པ་ལྟར་ན་ས་སྒང་སྟེང་གི་གནམ་གཤིས་སམ་ནམ་ཟླར་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་བ་དེ་ཡང་ནག་རྡུལ་ལ་འབྲེལ་བ་ངེས་ཅན་ཞིག་ཡོད།
2ཨུ་ཨིར་ནའེ་ལའོ་སྣང་ཚུལ།  ཨུ་ཨིར་ནའེ་ལའོ་སྣང་ཚུལ་ནི་དམར་ལམ་རྒྱུད་ཀྱི་ཞི་བདེ་རྒྱ་མཚོའི་ཤར་གྱི་གྲང་ཆུའི་ཁུལ་ཁྲོད་ཀྱི་མིས་ལོའུ་རྒྱ་མཚོའི་རྒྱུད་ཀྱི་ཆུའི་དྲོད་ཚད་རྒྱུན་ལྡན་མིན་པའི་ངང་འཕར་བས་ཉ་མང་པོ་ཤི་བའི་སྣང་ཚུལ་བྱུང་བ་རེད།    སྣང་ཚུལ་དེ་བྱུང་བའི་དུས་ནི་ཡེ་ཤུའི་འཁྲུངས་སྐར་གྱི་སྔ་ཕྱི་ཞིག་ཡིན་ལ།  ཨུ་ཨིར་ནའེ་ལའོ་(ElNino)ནི་སི་ཕན་གྱི་ཡི་གེའི་ནང་ནས་ལྷ་ཕྲུག་གི་ནང་དོན་ཡིན་ལ། ཨུ་ཨིར་ནའེ་ལའོ་སྣང་ཚུལ་ནི་སྤྱིར་བཏང་ཞེང་ཐིག་ཚད་དམའ་བའི་མཚོ་ཆུའི་དྲོད་ཚད་ལོ་འཁོར་མོར་འཕར་ཚད་ཆེས་ཆེར་བསླེབས་པས་ཞེང་ཐིག་ཚད་དམའ་བའི་རླུང་ཁམས་ཆེན་མོའི་འཁོར་རྒྱུག་ལ་ཤུགས་རྐྱེན་བཟོ་བ་མ་ཟད།  གོ་ལ་ཧྲིལ་བོའི་ནམ་ཟླའི་ཡུན་ཐུང་གི་འགྱུར་བར་ཤུགས་རྐྱེན་ཆེན་པོ་བཟོ་སྲིད།  ལོ་ངོ་བརྒྱའི་རིང་གི་མིང་གྲགས་ཆེ་བའི་ཨུ་ཨིར་ནའེ་ལའོ་ལོ་ནི་1891 ལོ、1898 ལོ、1925 ལོ、1939 ལོ~1941 ལོ、1953 ལོ、1957 ལོ~1958 ལོ、1965 ལོ~1966 ལོ、1972 ལོ~1976 ལོ、1982 ལོ~1983 ལོ 1997 ལོ~1998 ལོ་བཅས་ཡིན།
3ལཱ་ནའེ་ནའོ་སྣང་ཚུལ། ལཱ་ནའེ་ནའོ་སྣང་ཚུལ་ནི་སི་ཕན་གྱི་སྐད་དུ་དཀོན་མཆོག་གི་བུ་མོ་ཞེས་པའི་དོན་ཡིན་ལ།  དེ་ནི་ཨུ་ཨིར་ནའེ་ལའོ་ལོའི་རྗེས་སུ་ཡོ་བསྲང་ཚད་བརྒལ་བྱས་པའི་སྣང་ཚུལ་ཞིག་རེད།  ཞི་བདེ་རྒྱ་མཚོའི་ཤར་རྒྱུད་ཀྱི་ཆུའི་དྲོད་ཚད་མར་ཆག་པས་ཐན་པ་བྱུང་བ་དང་།  ནུབ་རྒྱུད་དུ་དེ་ལས་ལྡོག་པར་ཆུའི་དྲོད་ཚད་ཡར་འཕར་ནས་ཆར་འབབ་ཚད་རྒྱུན་ལྡན་གྱི་ལོ་ལས་མངོན་གསལ་གྱིས་ཇེ་མང་དུ་སོང་།
ཚན་རིག་པའི་ལྟ་ཚུལ།  ལཱ་ནའེ་ནའོ་ཡི་ཆུ་དཔྱད་སྣང་ཚུལ་ལས་འཛམ་གླིང་གི་ནམ་ཟླར་ཤུགས་རྐྱེན་ཆེན་པོ་བཟོ་མི་སྲིད་མོད། འོན་ཀྱང་ཀོང་ཏུང་དང་ཧྥུ་ཅན། ཀྲེ་ཅང་ནས་ཤར་ལྷོའི་མཚོ་རྒྱུད་དུ་ཤུགས་རྐྱེན་བཟོས་ནས་བསྟུད་མར་དུས་ཚོད་ངེས་ཅན་ཞིག་ལ་ཆར་འབབ་སྲིད།
གསུམ་པ། རྒྱུན་སྤྱོད་ཀྱི་ཆུ་དཔྱད་ཁྱད་རྟགས་ཐང་།
གཅིག ཆུ་ལམ་གྱི་ཆུ་གནས་ཁྱད་རྟགས་ཀྱི་གྲངས་ཐང་།
1  ཆུ་གནས་འཕར་འགོ།  ཆུ་ལོག་ཐེངས་གཅིག་བྱུང་བའི་གོ་རིམ་ཁྲོད་ཆུ་མ་བྲུག་སྔོན་གྱི་ཆེས་དམའ་བའི་ཆུ་གནས།
2ཆུ་ལོག་གི་ཆུ་གནས། ཆུ་ལོག་ཐེངས་གཅིག་བྱུང་བའི་གོ་རིམ་ཁྲོད་ཀྱི་ཆེས་མཐོ་བའི་ཆུ་གནས་གྲངས་ཐང་།
3 ཉེན་ཟོན་ཆུ་གནས།  ཆུ་གནས་མུ་མཐུད་དུ་རྒྱས་ནས་ཆུ་གནས་ཚད་ངེས་ཅན་ཞིག་ལ་བསླེབས་ཚེ་ཆུ་རགས་ལ་ཉེན་ཁ་འབྱུང་།  དེ་བས་ཆུ་ལོག་འགོག་སྲུང་མི་ཡིས་ལྟ་རྟོག་ནན་མོ་བྱེད་དགོས་ལ། དུས་ངེས་མེད་དུ་ཉེན་སྐྱོབ་བྱེད་རྒྱུར་གྲ་སྒྲིག་བྱེད་དགོས། དེའི་སྐབས་ཀྱི་ཆུ་གནས་ལ་ཉེན་ཟོན་ཆུ་གནས་ཟེར།
4ཁག་ཐེག་ཆུ་གནས།  ཆུ་ལོག་འགོག་རྒོལ་ཐུབ་པ་ཚད་ཐིག་ཏུ་བཟུང་ནས་ཇུས་འགོད་བྱས་ཤིང་ཆུ་གནས་འཕར་ཚེ་ཆུ་རགས་ཞིག་རལ་དུ་མི་འགྲོ་བར་ཁག་ཐེག་ཐུབ་དགོས།  སྐབས་རེར་ལོ་རྒྱུས་སྟེང་གི་ཆེས་ཆེ་བའི་ཆུ་གནས་ནི་ཁག་ཐེག་ཆུ་གནས་སུ་གཏན་འཁེལ་བྱས་ཡོད།
གཉིས། ཆུ་མཛོད་ཀྱི་ཁྱད་རྟགས་ཆུ་གནས་དང་ཆུ་མཛོད་ཀྱི་ཤོང་ཚད།   ཆུ་མཛོད་བཟོ་སྐྲུན་ནི་འགན་འཁྲི་མི་འདྲ་བ་དང་དུས་རིམ་མི་འདྲ་བ།   ཆུ་དཔྱད་སྣ་ཚོགས་བཅས་ཀྱི་གནས་ཚུལ་འོག ཚོད་འཛིན་ཐུབ་དགོས་པའི་ཚད་དམ་མར་འབབ་ཆོག་པའི་ཆུ་མཛོད་ཀྱི་ཆུ་གནས་སྣ་ཚོགས་ལ་ཆུ་མཛོད་ཀྱི་ཁྱད་རྟགས་ཆུ་གནས་ཟེར། ལྟོས་ཟླའི་ཆུ་མཛོད་ཀྱི་ཁྱད་རྟགས་ཆུ་གནས་འོག་གམ་ཁྱད་རྟགས་གཉིས་ཀྱི་ཆུ་གནས་བར་གྱི་ཆུ་མཛོད་ཤོང་ཚད་ལ་ཆུ་མཛོད་ཀྱི་ཁྱད་རྟགས་མཛོད་ཀྱི་ཤོང་ཚད་ཟེར།
༼ཆུ་བེད་དང་ཆུ་གློག་བཟོ་སྐྲུན་གྱི་ཇུས་འགོད་ཚད་ལྡན༽ལས་གཏན་འཁེལ་བྱས་པའི་ཆུ་མཛོད་ཀྱི་ཁྱད་རྟགས་ཆུ་གནས་ལ་གཙོ་བོ།  རྒྱུན་ལྡན་གྱི་གསོག་ཆུའི་ཆུ་གནས།  འཁྱིལ་ཆུའི་ཆུ་གནས།  ཆུ་ལོག་འགོག་སྲུང་གི་ཆུ་གནས།  ཆུ་ལོག་འགོག་པའི་ཆེས་མཐོ་བའི་ཆུ་གནས། ཇུས་འགོད་བྱས་པའི་ཆུ་ལོག་གི་ཆུ་གནས།  ཆུ་ལོག་ཆུ་གནས་ལ་བརྟག་ཞིབ་སོགས་ཡོད།  ཁྱད་རྟགས་ཆུ་མཛོད་ཀྱི་ཤོང་ཚད་ལ་འཁྱིལ་ཆུའི་ཤོང་ཚད་དང་།      ཆུ་ལོག་སྔོན་འགོག་གི་ཆུ་མཛོད་ཀྱི་ཤོང་ཚད་སོགས་ཡོད།   
1རྒྱུན་ལྡན་གསོག་ཆུའི་ཆུ་གནས་དང་ཆུ་མཛོད་ཀྱི་ཤོང་ཚད།  ཆུ་མཛོད་རྒྱུན་ལྡན་ལྟར་བེད་སྤྱོད་བྱས་པའི་གནས་ཚུལ་འོག་བསགས་པའི་ཆུ་གནས་ལ་རྒྱན་ལྡན་གསོག་ཆུའི་ཆུ་གནས་ཟེར།  དེར་རྒྱུན་ལྡན་ཆུ་གནས་དང་།  ལེགས་སྒྲིག་ཆུ་གནས་སམ་ཇུས་འགོད་བྱས་པའི་ཆུ་གནས་ཀྱང་ཟེར།  དེས་ཆུ་མཛོད་ཀྱི་རྒྱ་ཆེ་ཆུང་དང་།  བྱེད་ནུས། ལེགས་སྒྲིག་བྱེད་ཐབས་སོགས་ཐག་གཅོད་བྱེད་ཅིང་།  ཆུ་མཛོད་ལ་མཚོན་ན་ཆེས་གལ་ཆེ་བའི་ཁྱད་རྟགས་ཆུ་གནས་ཤིག་ཡིན།   
2འཁྱིལ་ཆུའི་ཆུ་གནས་དང་འཁྱིལ་ཆུའི་ཆུ་མཛོད་ཀྱི་ཤོང་ཚད།  ཆུ་མཛོད་རྒྱུན་ལྡན་ལྟར་བེད་སྤྱོད་བྱས་པའི་གནས་ཚུལ་འོག་མར་ཕབ་ཆོག་པའི་ཆེས་དམའ་བའི་གནས་ལ་འཁྱིལ་ཆུའི་ཆུ་གནས་ཟེར།   དེར་ཇུས་འགོད་བྱས་པའི་ཆེས་དམའ་བའི་ཆུ་གནས་ཀྱང་ཟེར།  འཁྱིལ་ཆུའི་གནས་དམན་གྱི་ཤོང་ཚད་ལ་འཁྱིལ་ཆུའི་མཛོད་ཀྱི་ཤོང་ཚད་ཟེར།  
3ཆུ་ལོག་ཚོད་འཛིན་ཆུ་གནས་དང་བསྣོལ་བའི་མཛོད་ཀྱི་ཤོང་ཚད་།  ཆུ་མཛོད་ལ་ཆུ་རྒྱས་པའི་དུས་སུ་གསོག་ཆུ་ལེགས་སྒྲིག་བྱས་པའི་སྟེང་གི་ཆུ་གནས་དང་།  ཡང་ན་ཆུ་མཛོད་དུ་ཆུ་རྒྱས་པའི་དུས་སུ་ཆུ་ལོག་འགོག་པར་བེད་སྤྱོད་སྐབས་ལེགས་སྒྲིག་བྱས་པའི་ཆུ་གནས་ལ་ཆུ་ལོག་ཚོད་འཛིན་ཆུ་གནས་ཟེར།  ཆུ་ལོག་ཚོད་འཛིན་ཆུ་གནས་ནི་གནས་སྐབས་སུ་གཏན་འཁེལ་བྱས་པ་ཡིན།  དེ་ནི་གཙོ་བོ་ཆུ་ལོག་འགོག་པ་དང་ལེགས་སྒྲིག་བྱེད་ཚུལ་གཉིས་མཉམ་འབྲེལ་བྱེད་དགོས་པའི་གནད་དོན་ཞིག་ཡིན་པས། ཕྱོགས་གཉིས་ཀྱི་གནད་དོན་ལ་བརྟག་དགོས།རྒྱུན་ལྡན་གསོག་ཆུའི་གནས་ནས་ཆུ་ལོག་ཚོད་འཛིན་ཆུ་གནས་བར་གྱི་ཆུ་མཛོད་ཤོང་ཚད་ལ་བསྣོལ་བའི་མཛོད་ཀྱི་ཤོང་ཚད་ཟེར།  དེར་སྤྱི་སྤྱོད་མཛོད་ཀྱི་ཤོང་ཚད་ཀྱང་ཟེར།   
4ཆུ་ལོག་འགོག་པའི་ཆེས་མཐོ་བའི་ཆུ་གནས་དང་ཆུ་ལོག་སྔོན་འགོག་ཆུ་མཛོད་ཀྱི་ཤོང་ཚད།   རགས་མ་བརྒྱབ་སྔོན་གྱི་ཆེས་མཐོ་བའི་ཆུ་གནས་ལ་ཆུ་ལོག་འགོག་པའི་ཆེས་མཐོ་བའི་ཆུ་གནས་ཟེར།   ཆུ་ལོག་འགོག་པའི་ཆེས་མཐོ་བའི་ཆུ་གནས་ནས་ཆུ་ལོག་ཚོད་འཛིན་ཆུ་གནས་བར་གྱི་ཆུ་མཛོད་ཀྱི་ཤོང་ཚད་ལ་ཆུ་ལོག་སྔོན་འགོག་ཆུ་མཛོད་ཀྱི་ཆུ་གནས་ཟེར།  དེས་ཆུ་ལོག་ཚོད་འཛིན་དང་ཆུ་མཛོད་སྨད་རྒྱུད་ཀྱི་ཆུ་ལོག་འགོག་སྲུང་གི་ནུས་པ་འདོན་བཞིན་ཡོད།
5  ཆུ་ལོག་གི་ཆུ་གནས་ཇུས་འགོད་བྱེད་པ་ནི།  ཆུ་མཛོད་དུ་ཆུ་རགས་ཇུས་འགོག་བྱེད་སྐབས།  རགས་མ་བརྒྱབ་སྔོན་གྱི་ཆེས་མཐོ་བའི་ཆུ་གནས་ལ་ཆུ་ལོག་གི་ཆུ་གནས་ཇུས་འགོད་བྱེད་པ་ཟེར།
6  བརྟག་ཞིབ་བྱས་པའི་ཆུ་ལོག་གི་ཆུ་གནས་དང་ཆུ་མཛོད་ཀྱི་ཤོང་ཚད་ཇེ་ཆེར་གཏོང་བ།  ཆུ་མཛོད་ལ་ཆུ་ལོག་བྱུང་སྐབས་ཆུ་རགས་མ་ལས་སྔོན་གྱི་ཆེས་མཐོའི་ཆུ་གནས་ལ་བརྟག་ཞིབ་བྱས་པར་ཆུ་ལོག་གི་ཆུ་གནས་ཟེར།   དེ་ནི་ཆུ་མཛོད་བེད་སྤྱོད་བྱེད་དགོས་བྱུང་ཚེ་གནས་སྐབས་ཀྱི་ཆེས་མཐོ་བའི་ཆུ་ལོག་གི་ཆུ་གནས་ཡིན།  
7ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད། བརྟག་ཞིབ་བྱས་པའི་ཆུ་ལོག་གི་ཆུ་གནས་མན་གྱི་ཆུ་མཛོད་ཀྱི་ཤོང་ཚད་ལ་ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་ཟེར།  དེ་ནི་ཆུ་མཛོད་བཟོ་སྐྲུན་གྱི་རྒྱ་ཆེ་ཆུང་གི་ཚད་གཞིར་འཇོག་བཞིན་ཡོད་ལ། ཆུ་མཛོད་ཀྱི་རིམ་པ་དབྱེ་བ་དང་ལས་གཞིའི་བདེ་འཇགས་ཀྱི་ཚད་གཞི་གཏན་འཁེལ་བྱེད་པའི་གཞི་འཛིན་ས་ཡང་ཡིན།
        གོང་གསལ་གྱི་ཆུ་མཛོད་ཀྱི་ཁྱད་རྟགས་ཆུ་གནས་དང་ཁྱད་རྟགས་ཤོང་ཚད་བར་གྱི་འབྲེལ་བ་མཚོན་པའི་རི་མོ་ནི་གཤམ་གསལ་ལྟར།
གསུམ། བཞུར་ཚད་ཁྱད་རྟགས་གྲངས་ཐང་།
1ཆུ་ལོག་གི་བཞུར་ཚད་ཅེས་པ་ནི།  ཆུ་ལོག་རྒྱུག་ཐེངས་གཅིག་གི་གོ་རིམ་ཁྲོད་བཞུར་ཚད་ཆེས་ཆེ་བའི་གྲངས་ཐང་ཡིན།
2 ལོ་རྒྱུས་ཁྲོད་ཆེས་ཆེ་བའི་བཞུར་ཚད།  ལོ་རྒྱུས་ཁྲོད་ཆེས་ཆེ་བའི་ཆུ་ལོག་རྒྱུག་པའི་གོ་རིམ་ཁྲོད་ཀྱི་ཆེས་ཆེ་བའི་བཞུར་ཚད་ལ་ལོ་རྒྱུས་ཁྲོད་ཀྱི་ཆེས་ཆེ་བའི་ཆུ་ལོག་གི་བཞུར་ཚད་ཟེར།  
3བདེ་འཇགས་ཀྱིས་ཕྱིར་འདྲེན་ཚད།  ཆུ་ལམ་སོགས་སུ་ཆུ་བདེ་འཇགས་ཀྱིས་བཞུར་ཚད་ལ་ཟེར།   
བཞི། ཆུ་ལོག་སྔོན་འགོག་ལ་ཇུས་འགོད་བྱེད་ཐབས།
1  ཆུ་ལོག་སྔོན་འགོག་ལ་ཇུས་འགོད་བྱེད་པ་ནི། ཇུས་འགོད་ཚད་གཞི་ངེས་ཅན་དང་འཚམ་པའི་ཆུ་ལོག་ལ་ཟེར། དེར་ཆུ་ལོག་ཆེན་པོའི་བཞུར་ཚད་ཀྱི་ཇུས་འགོད་དང་དུས་ཡུན་ངེས་ཅན་གྱི་ཆུ་ལོག་གི་སྤྱིའི་བཞུར་ཚད་ཇུས་འགོད། ཆུ་ལོག་གི་གོ་རིམ་ཇུས་འགོད་བཅས་གསུམ་འདུས།
2 ཆུ་ལོག་སྔོན་འགོག་གི་ཇུས་འགོད་ཚད་གཞི་ནི། ཆུ་ལོག་སྔོན་འགོག་གི་སྲུང་སྐྱོབ་བྱ་ཡུལ་དང་ཆུ་ལོག་སྔོན་འགོག་གི་ལས་གཞི་རང་ངོས་ཀྱི་བདེ་འཇགས་ཚད་གཞིར་ཟེར། ཆུ་ལོག་སྔོན་འགོག་ལ་ཇུས་འགོད་བྱེད་པའི་ཚད་གཞི་ཡི་གཞི་འཛིན་ས་ནི་ཆུ་བེད་ལས་གཞིའི་ཆུ་ལོག་སྔོན་འགོག་གི་གྲུབ་འབྲས་ཀྱི་ཚད་གཞི་ཡིན།   
ལྔ། ཆུ་ལོག་གི་ཁྱད་ཆོས། ཆུ་ལོག་གི་ཁྱད་ཆོས་མཚོན་ཐབས་ནི་ཆུ་ལོག་ཆེ་དུས་ཀྱི་བཞུར་ཚད་དང་ཆུ་ལོག་གི་སྤྱིའི་བཞུར་ཚད།ཆུ་ལོག་གི་དུས་ཡུན་བཅས་ཀྱིས་མཚོན་གྱིན་ཡོད།
1 ཆུ་ལོག་ཆེ་དུས་ཀྱི་བཞུར་ཚད་ནི་ཁྱབ་ཁོངས་ག་གེ་མོའི་ནང་ཁུལ་གྱི་ཆུ་ལོག་གི་བཞུར་ཚད་ཆེས་མཐོ་ཤོས་ལ་ཆུ་ལོག་ཆེ་དུས་ཀྱི་བཞུར་ཚད་ཟེར།
2 ཆུ་ལོག་ཐེངས་གཅིག་གི་སྤྱིའི་ཚད་ནི་ཚོད་འཛིན་བཅད་ངོས་ག་གེ་མོ་ཡི་ཁྱབ་ཁོངས་ལས་བརྒལ་བའི་བཞུར་ཁོངས་ནང་ཁུལ་གྱི་ཆར་བ་འབབ་ཐེངས་གཅིག་ལས་བྱུང་བའི་བཞུར་ཚད་ཀྱིས་མཚོན།དེ་ནི་ཆར་བ་འབབ་ཐེངས་གཅིག་ལས་བྱུང་བའི་བཞུར་ཚད་དང་ཆུ་བཞུར་ཁོངས་ཀྱི་རྒྱ་ཁྱོན་གཉིས་བསྒྱུར་ན་བརྩི་ཐུབ།
3.5.3 ཆུ་ལོག་གི་སྤྱིའི་དུས་ཡུན། ཆུ་ལོག་ཐེངས་གཅིག་གི་གོ་རིམ་ཡོངས་ཀྱི་དུས་ཡུན་མཚོན། 
བཞི་བ། ཆུ་ལོག  
གཅིག ཅི་ཞིག་ལ་ཆུ་ལོག་ཟེར་རམ།
        ཆུ་ལོག་ནི་ཆུ་བོ་དྲག་ཏུ་བྲུག་ཅིང་སྔར་གྱི་ཆུ་གནས་ནས་གློ་རྡེག་ལ་ཡར་རྒྱས་པའི་ རང་བྱུང་གི་སྣང་ཚུལ་ཞིག་ལ་ཟེར། དེའི་གྲུབ་རྐྱེན་ལ་གནམ་གཤིས་དང་ས་ངོས་སོགས་རང་བྱུང་གི་རྒྱུ་རྐྱེན་དང་མིའི་རིགས་ཀྱི་བྱ་འགུལ་སྣ་ཚོགས་ཀྱིས་ཤུགས་རྐྱེན་ཐེབས་ནས་ཡོད། ས་ཁུལ་གཞིར་བཟུང་ནས་བཤད་ན་ཆུ་ལོག་ལ་གཙང་བོའི་ཆུ་ལོག་དང་མཚེའུ་དྲག་པོའི་ཆུ་ལོག  མཚེའུའི་ཆུ་ལོག་སོགས་དང་། གྲུབ་རྐྱེན་གྱི་ངོས་ནས་དབྱེ་ན་དྲག་ཆར་གྱི་ཆུ་ལོག་དང་ཁངས་ཞུ་བའི་ཆུ་ལོག  འཁྱགས་ཀླུང་གི་ཆུ་ལོག འཁྱགས་དར་གྱི་ཆུ་ལོག  ཁངས་ཆར་འདྲེས་མའི་ཆུ་ལོག  རགས་ཤོར་བའི་ཆུ་ལོག་བཅས་རིགས་དྲུག་ལ་དབྱེ་ཆོག
        ཆུ་ལོག་གི་རིགས་དང་རྣམ་པ་གང་ལ་མཚོན་ན་ཡང་དེར་ས་ཁམས་ཆགས་རིམས་དང་རང་བྱུང་གི་ཆ་རྐྱེན་སོགས་ཀྱི་དབང་གིས་ཆུ་ལོག་གི་ཁྱད་ཆོས་ལ་ཡང་ཁྱད་པར་ཆེན་པོ་ཡོད། ནམ་རྒྱུན་ཆུ་ལོག་འབྱུང་བའི་གོ་རིམ་ཁྲོད་དུ་ཁྱད་ཆོས་འདི་དག་དམིགས་སུ་གཟུང་ཆོག་སྟེ།   ཆུ་གནས།  བཞུར་ཚད། ཆུ་ལོག་གི་དུས་རིམ། ཆུ་ལོག་གི་སྤྱིའི་ཚད་གཞི།  ཁྱབ་མཆེད་ཀྱི་དུས་ཡུན་སོགས་འདུས་སོ།།
གཉིས། རང་རྒྱལ་གྱི་ཆུ་ལོག་ལ་རིགས་དང་རྣམ་པ་ཅི་ཙམ་ཡོད་དམ།  གཙོ་བོ་རིགས་གང་ཞིག་ཡིན་ནམ།
1 དྲག་ཆར་གྱི་ཆུ་ལོག     དེ་ནི་དྲག་ཆར་ལ་བརྟེན་ནས་གཙང་བོ་བྲུག་པའི་སྣང་ཚུལ་ཞིག་ཡིན་ཞིང་། དེ་ལ་དྲག་ཆར་གྱི་ཆུ་ལོག་ཅེས་བྱ།  དྲག་ཆར་གྱི་གྲུབ་རྐྱེན་ལ་གཞིགས་ནས་དེ་ལ་གློ་བུར་དུ་བྱུང་བའི་ཆུ་ལོག་དང་། རླུང་འཚུབ་ལྡན་པའི་དྲག་ཆར་རིགས་ཀྱི་ཆུ་ལོག གྲང་མཚམས་ཅན་གྱི་དྲག་ཆར་ཆུ་ལོག་བཅས་ལ་དབྱེ་ཆོག   ལོ་རེའི་ནང་དྲག་ཆར་གྱི་ཆུ་ལོག་བྱུང་བའི་འགྱུར་ལྡོག་ཧ་ཅང་ཆེ་སྟེ། ཆུ་རྒྱུན་འབབ་ཡུལ་གཅིག་པའི་གནས་སུ། ལོ་རེ་རེར་བྱུང་བའི་དྲག་ཆར་གྱི་ཆུ་ལོག་དང་གློ་རྡེག་ལ་བྱུང་བའི་དྲག་ཆར་གྱི་ཆུ་ལོག་ཆེན་པོ་དེའི་རིགས་ཚད་གཞིའི་ཕྱོགས་ནས་ཁྱད་པར་མངོན་གསལ་ཡིན་ལ། ཆུ་ལོག་འབྱུང་བའི་གོ་རིམ་གྱི་ཁྱད་པར་ཡང་ཡོངས་སུ་མཚུངས་པ་མིན་ནོ། ཅང་ཞིའི་ཞིང་ཆེན་གྱི་ཆུ་ལོག་གཙོ་བོ་ནི་དྲག་ཆར་གྱི་ཆུ་ལོག་ཡིན་ལ། མང་ཆེ་བ་དབྱར་ཁར་འབྱུང་བཞིན་ཡོད། དྲག་ཆར་གྱི་ཆུ་ལོག་གིས་རི་ཁུལ་གྱི་ཆུ་ལོག་དང་འདམ་རྡོའི་ཆུ་རུད། ཆུ་མཛོད་བྲུག་པ། གཙང་བོ་རབ་ཏུ་བྲུག་པ། གཞི་ཁྱོན་ཆེ་བའི་ས་ངོས་སུ་ཆུ་འཁྱིལ་སོགས་བྱུང་དུ་བཅུག  
① རི་ཁུལ་གྱི་ཆུ་ལོག  རི་ཁུལ་གྱི་ཆུ་ལོག་ནི་རི་ཁུལ་གྱི་ས་རྒོད་དང་སྐམ་ཤས་ཆེ་བའི་གྲོག་ཤུར་ནང་གློ་རྡེག་ལ་བྱུང་བའི་ཆུ་ལོག་ལ་ཟེར་ཞིང་། རི་ཁུལ་དུ་ཆུ་ལོག་རྒྱུག་པར་བརྟེན་ནས་གྲོག་མོ་གཡང་གཟར་དུ་བཟོས་པ་དང་ས་ཁམས་སོགས་རྙོག་འཛིང་ཅན་དུ་བསྒྱུར་བ་དེ་དག་ལ་དུས་ཡུན་ཐུང་བ་དང་། འགྲོས་ཚད་མགྱོགས་པ།  བཤལ་འདེད་ཀྱི་ནུས་ཚད་ཆེ་བ། འདམ་རྡོའི་ཆུ་རུད་སོགས་མང་དུ་སློང་བ། གནོད་སྐྱོན་གྱི་ཚད་ཆེ་བ་སོགས་ཀྱི་ཁྱད་ཆོས་ཡོད། དྲག་ཆར་གྱིས་བསླངས་བའི་རི་ཁུལ་གྱི་ཆུ་ལོག་ནི་དུས་ཚོད་སྐར་མ་འགའ་དང་ཡང་ན་དུས་ཚད་འགའ་ཤས་ལ་རྒྱུན་སྲིང་བ་ལས་ཉིན་མང་པོར་བསྟུད་མར་འབྱུང་བ་ཉུང་། ② འདམ་རྡོའི་ཆུ་རུད།  འདམ་རྡོའི་ཆུ་རུད་ནི་རྡོ་དང་བྱེ་མ་སོགས་འདུས་ཚད་ཆེ་བའི་གློ་བུར་བའི་རི་འགོའི་ཆུ་ལོག་རིགས་ལ་ཟེར་ཞིང་། དེ་ནི་འབྱུང་ཚུལ་འཇིགས་ཤིང་དུས་ཡུན་ཐུང་བ། གནོད་སྐྱོན་གྱི་ཚད་ཆེ་བ་སོགས་ཡིན་པས།  ནམ་རྒྱུན་ཚེ་སྲོག་དང་རྒྱུ་ནོར་སོགས་ལ་གྱོང་གུད་ཆེས་ཆེར་བཟོ་བཞིན་ཡོད།
2  ཁངས་ཞུ་བའི་ཆུ་ལོག    དགུན་ཁར་ཁངས་ཆགས་མཐུག་པོ་བབས་པ་ནི་ དཔྱིད་འགོ་ཚུགས་པ་དང་བསྟུན་ནས་ཞུ་སྟེ་གཙང་བོར་བབས་ཤིང་། གཙང་བོ་བྲུག་སྟེ་བྱུང་བའི་ཆུ་ལོག་གི་རིགས་ལ་ཁངས་ཞུ་བའི་ཆུ་ལོག་ཟེར། དེ་ནི་ཟླ་བཞི་བ་ནས་ཟླ་ལྔ་བའི་བར་འབྱུང་སླ།  
3 འཁྱགས་ཀླུང་གི་ཆུ་ལོག   ས་མཐོའི་ཁུལ་དུ་འཁྱགས་ཀླུང་དང་ཆབ་རོམ་མང་དུ་ཡོད་པ་དེ་དག་དབྱར་ཁ་ནམ་ཟླ་དྲོས་ཚེ་ཞུ་འགོ་བརྩམས་འོང་། དེ་ལ་བརྟེན་ནས་གཙང་བོ་བྲུག་འགོ་བརྩམས། དེ་ལྟ་བུའི་འཁྱགས་ཀླུང་ཞུ་བར་བརྟེན་ནས་བྱུང་བའི་ཆུ་ལོག་གི་རིགས་ཀྱི་བཞུར་ཚད་ནི་དྲོད་ཚད་དང་འབྲེལ་བ་ཡོད་དེ། ཆུ་ལོག་བྱུང་བའི་ཚད་ནི་དྲོད་ཚད་འགྱུར་བ་དང་བསྟུན་ནས་འགྱུར་ལྡོག་འབྱུང་བཞིན་ཡོད། རང་རྒྱལ་གྱི་ཐེན་ཧྲན་རི་བོ་དང་ཁུན་ལུན་རི་བོ། ཆིན་ལེན་རི་རྒྱུད། ཧི་མ་ལ་ཡའི་བྱང་ངོས་སོགས་སུ་ཡུན་རིང་བསགས་པའི་འཁྱགས་ཀླུང་ཡོད་ཅིང་། དབྱར་ཁར་དྲོད་ཚད་འཕར་རྗེས་འཁྱགས་ཀླུང་དེ་དག་ཞུ་སྟེ་ཆུ་ལོག་འབྱུང་གིན་ཡོད།
4 འཁྱག་དར་གྱི་ཆུ་ལོག  གཙང་བོའི་ནང་དུ་འཁྱགས་དར་ཕོན་ཆེན་པོ་ཆགས་ཏེ་འཁྱགས་རགས་སུ་གྱུར་རྗེས་ཆུའི་མཐོ་ཚད་ཇེ་མཐོར་འགྲོ་བཞིན་ཡོད། འཁྱགས་རགས་ཆགས་པའི་གནས་དེ་མཐོ་བའི་རྐྱེན་གྱིས་ཆུའི་གནོན་ཤུགས་ཇེ་ཆེར་གྱུར་ཏེ། སྟོད་རྒྱུད་ཀྱི་ཆུ་གནས་གློ་རྡེག་ལ་མར་བབས་པས་བཞུར་རྒྱུན་ཡང་ཇེ་དྲག་ཏུ་སོང་ནས། དུས་ཡུན་ཐུང་ཞིང་བཞུར་རྒྱུན་དྲག་པའི་ཆུ་ལོག་རིགས་ཤིག་འབྱུང་བ་དེ་ལ་འཁྱགས་དར་གྱི་ཆུ་ལོག་ཟེར།
5 ཁངས་ཆར་འདྲེས་མའི་ཆུ་ལོག   གྲང་འཁྱག་གི་རི་ཁུལ་དང་འཕྲེད་ཐིག་ཅུང་མཐོ་བའི་གངས་འཁྱག་གི་ཁུལ་དུ། དཔྱིད་ཀ་དང་དབྱར་ཁར་ཆར་ཆུ་དྲག་ཏུ་འབབ་པའི་རྐྱེན་གྱིས་བསླངས་བའི་ཆུ་ལོག་གི་རིགས་ལ་ཁངས་ཆར་འདྲེས་མའི་ཆུ་ལོག་ཟེར་ཞིང་། གཙོ་བོ་རང་རྒྱལ་གྱི་ནུབ་རྒྱུད་རི་ཁུལ་དང་བྱང་ཕྱོགས་ཀྱི་ཆུ་རྒྱུད་དུ་ཁྱབ་ཡོད།
6 རགས་ཤོར་བའི་ཆུ་ལོག    ཆུ་རགས་ཀྱི་ནུས་པར་བརྟེན་ནས་བསྐྱིལ་བའི་ཆུ་མཛོད་ཀྱི་རགས་གློ་བུར་དུ་ཤོར་ཏེ་བྱུང་བའི་ཆུ་ལོག་ལ་རགས་ཤོར་བའི་ཆུ་ལོག་བྱ་ཞིང་། གཞན་ཡང་ནམ་རྒྱུན་ས་འགུལ་དང་རི་ཉིལ། འཁྱགས་རགས་བཅས་ལ་བརྟེན་ནས་ཆུ་བྲུག་ཅིང་། ཆུ་འཚང་བའི་གནས་གང་དེ་གློ་རྡེག་ལ་ཤོར་ནས་བྱུང་བའི་ཆུ་ལོག་ཀྱང་གོང་གི་རིགས་དེར་བགྲང་ཆོག  ཆུ་རགས་ཤོར་བ་ལས་བྱུང་བའི་ཆུ་ལོག་གི་རིགས་དེའི་དུས་ཡུན་ཐུང་ལ་སྔོན་དཔག་དཀའ་བ། ཆུ་རགས་ཤོར་བའི་བྲུག་ཚད་མཐོ་ཞིང་འགྱུར་ལྡོག་ཆེ་བ། གནོད་སྐྱོན་ཡང་ཆེ་བ་བཅས་ཡིན། རང་རྒྱལ་གྱི་ཆུ་བོའི་ཆུ་ལོག་གཙོ་བོ་ནི་དྲག་ཆར་གྱི་ཆུ་ལོག་ཡིན་ཞིང་། གཙོ་བོ་དབྱར་ཁ་དང་སྟོན་ཁ་འབྱུང་བ་ཡིན། ལྷོ་ཕྱོགས་ཀྱི་ས་ཁུལ་ལ་ལར་དཔྱིད་ཀར་ཡང་འབྱུང་གིན་ཡོད། ས་ཁུལ་གྱི་སྒོ་ནས་དབྱེ་ན། རང་རྒྱལ་གྱི་དབུས་ཤར་ས་ཁུལ་དུ་དྲག་ཆར་གྱི་ཆུ་ལོག་འབྱུང་ཤས་ཆེ་བ་ཡོད་ལ། ནུབ་བྱང་ས་ཁུལ་དུ་ཁངས་ཆགས་ཞུ་བའི་ཆུ་ལོག་དང་ཆར་ཆུ་འདྲེས་མའི་ཆུ་ལོག་འབྱུང་ཤས་ཆེ་བ་ཡོད། ཅང་ཞིའི་ས་ཁུལ་དུ་བྱུང་བའི་ཆུ་ལོག་གི་གནོད་སྐྱོན་གཙོ་བོའི་རིགས་ལ། ⑴དྲག་ཆར་གྱི་ཆུ་ལོག  ⑵རི་ཁུལ་གྱི་ཆུ་ལོག། འདམ་རྡོའི་ཆུ་རུད། རི་ཉིལ་བཅས་ཡོད།
གསུམ། ཆུ་ལོག་གི་གནོད་སྐྱོན།
        ཆུ་ལོག་གིས་བསྐྱེད་པའི་གནོད་སྐྱོན་ལ་མཚོན་ན་གྲུབ་རྐྱེན་མི་འདྲ་བར་བརྟེན་དྲག་ཆར་གྱི་ཆུ་ལོག་དང་། ཁངས་ཆགས་ཞུ་བའི་ཆུ་ལོག  འཁྱགས་ཀླུང་གི་ཆུ་ལོག  འཁྱགས་དར་གྱི་ཆུ་ལོག  ཁངས་ཆར་འདྲེས་མའི་ཆུ་ལོག  རགས་ཤོར་བའི་ཆུ་ལོག་སོགས་སུ་དབྱེ་ཆོག  སྤྱིར་བཏང་ཆུ་ལོག་གི་གནོད་སྐྱོན་གྱི་ཁྱབ་ཁོངས་ཆེ་ཞིང་། ཆུའི་གནོད་སྐྱོན་གཞན་ནམ་ཤུགས་ཀྱི་གནོད་སྐྱོན་བཟོ་བཞིན་ཡོད། ཆུ་ལོག་གི་གནོད་སྐྱོན་གྱི་གྲུབ་རྐྱེན་ནི་ཆུ་ལོག་གི་རིགས་མི་འདྲ་བ་ལྟར་འདྲ་ཡི་མེད། ལ་ལ་ནི་རང་བྱུང་གི་རྒྱུ་རྐྱེན་གཙོ་བོ་བྱས་ནས་བསླངས་བ་ཡིན་ལ། ལ་ལ་ནི་མི་རྣམས་ཀྱིས་བསླངས་བ་ཡིན། ཡང་ལ་ལ་ནི་རང་བྱུང་དང་མི་གཉིས་ཀའི་རྒྱུ་རྐྱེན་ལས་འབྱུང་གིན་ཡོད།
1  དྲག་ཆར་གྱི་གནོད་སྐྱོན།   དེ་ནི་ཆར་ཆུ་ཤིན་ཏུ་མོད་པོ་བབས་པར་བརྟེན་ནས་བྱུང་བའི་གནོད་སྐྱོན་རིགས་ནི་འབབ་པའི་དུས་ཡུན་རིང་ཐུང་གང་རུང་ངམ། ཆར་ཆུ་འབབ་པའི་ཁྱབ་ཚད་ཆེ་ཆུང་གང་ཡིན་རུང་གནོད་སྐྱོན་བཟོས་པ་ཞིག་ཡིན། རི་ཁུལ་དང་དེའུ་འབུར་གྱི་སར་དྲག་ཆར་བབས་པར་བརྟེན་ནས་རི་ཁུལ་གྱི་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་སྐྱོན་འབྱུང་བཞིན་ཡོད་ལ། བདེ་ཐང་ཁུལ་དུ་དྲག་ཆར་བབས་པར་བརྟེན་ཆུ་འཁྱིལ་བསྐྱིལ་བ་སོགས་འབྱུང་བཞིན་ཡོད། དེ་མིན་དུས་ཡུན་རིང་བ་དང་ཁྱབ་ཚད་ཆེ་བའི་དྲག་ཆར་གྱིས་ཆུ་ལོག་གི་གནོད་སྐྱོན་གཞན་ཡང་སློང་བཞིན་ཡོད། དྲག་ཆར་གྱི་གནོད་སྐྱོན་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ནམ་རྒྱུན་རང་བྱུང་གི་རྒྱུ་རྐྱེན་གཙོ་བོར་གཏོགས་ནའང་། མིའི་རིགས་ཀྱི་རྒྱུན་ལྡན་མ་ཡིན་པའི་བྱ་སྤྱོད་ཀྱིས་ཀྱང་གནོད་པ་ཆེ་རུ་གཏོང་བཞིན་ཡོད།
2 ཆུ་རགས་ཤོར་བའི་གནོད་སྐྱོན།  དེ་ནི་ཆུ་མཛོད་ཀྱི་ཆུ་རགས་དང་ཡང་ན་ཆུ་འགོག་གི་འཛུགས་སྐྲུན་དངོས་པོ་གཞན་དག་གློ་རྡེག་ཏུ་འཐོར་ཞིག་བྱུང་བར་བརྟེན་ནས་བྱུང་བའི་ཆུ་ལོག་གི་གནོད་པ་ཞིག་ཡིན་ལ། མིའི་རིགས་ཀྱིས་ཆུའི་དུས་ཚོད་དང་བར་སྟོང་ལ་འགྱུར་ལྡོག་གཏོང་ཆེད་ཆུ་མཛོད་མང་པོ་བསྐྲུན་དང་སྐྲུན་བཞིན་ཡོད་ཅིང་། ཆུ་མཛོད་དེ་དག་ལ་ས་འགུལ་དང་དམག་འཁྲུག  ཡང་ན་ཆུ་རགས་ལས་སྐབས་རྒྱུ་སྤུས་ཀྱི་གནད་དོན་སོགས་བྱུང་བར་བརྟེན། ཆུ་ནུས་ཆེན་པོ་གློ་རྡེག་ལ་ཤོར་ཏེ་ཚད་མཐོའི་ཆུ་ལོག་ཆུའི་སྨད་རྒྱུད་དུ་བརྒྱུགས་པས་གནོད་སྐྱོན་ཆེན་པོ་བཟོ་བཞིན་ཡོད། ཆུ་རགས་ཤོར་བའི་གནོད་སྐྱོན་གྱི་འབྱུང་རྐྱེན་གཙོ་བོ་ནི་མིའི་རིགས་ཀྱི་བྱ་སྤྱོད་ལས་བྱུང་ཞིང་། ཆུ་ནི་དེའི་ལྷན་ཅིག་བྱེད་རྐྱེན་ལྟ་བུར་གྱུར་ཡོད། ཆུ་རགས་ཤོར་བའི་གནོད་སྐྱོན་ནི་རྟག་པར་གཏེར་འདོན་གནས་དང་ཁེ་ལས་འཛུགས་སྐྲུན་གྱི་སྨད་རྒྱུད་ཕྱོགས་སུ་འབྱུང་ཤས་ཆེ་བ་ཡོད།  གལ་ཏེ་རགས་ཆེན་པོ་ཤོར་བའི་གནས་ཚུལ་བྱུང་ཚེ་ཆུ་རགས་ཀྱི་སྨད་རྒྱུད་ལའང་གནོད་པ་ཚབས་ཆེན་བཟོ་བཞིན་ཡོད།
བཞི། ཆུ་ལོག་གི་བྱུང་ཚད་དང་རིམ་པ།
        ཆུའི་དངོས་ཁམས་ཀྱི་གྲུབ་ཆའི་ཆེ་ཆུང་དང་རིམ་པ་ནི་ངེས་གཏན་གྱི་ཞིབ་བཤེར་རྒྱུ་ཆ་དང་ཆུ་ལོག་བྱུང་བའི་ཚད་གཞི་ཡིས་འཇལ་དགོས་པ་ཞིག་ཡིན་ཏེ།བསྡོམས་རྩིས་རིག་པ་ལྟར་ན། དེ་ལ་ཚོད་དཔག་གྲངས་ཚད་ཟེར་ཞིང་།  ཆུའི་དངོས་ཁམས་རིག་པའི་ངོས་ནས་དེ་ལ་བྱུང་ཚད་ཟེར་ལ་དེ་ཡང་ཆུ་ལོག་གི་གྲུབ་ཆར་གཏོགས། ཆུ་ལོག་གི་བྱུང་ཚད་ཟེར་བ་ནི་ནམ་རྒྱུན་%ཡིས་མཚོན་གྱིན་ཡོད་ཅིང་། ཆུའི་དངོས་ཁམས་ཀྱི་ངོས་ནས་རྒྱུན་པར་0.01% 0.1% 1% 10% 20%དག་བཀོལ་ནས་ཚད་རིམ་མི་འདྲ་བའི་ཆུ་ལོག་གི་འབྱུང་ཚད་འཇལ་གྱིན་ཡོད། ཆུ་ལོག་གི་བྱུང་ཚད་གཞི་གྲངས་ཇི་ལྟར་ཉུང་ན་ཆུ་ལོག་བྱུང་ཚད་དེ་ལྟར་ཉུང་ལ། ཆར་ཆར་ཆུ་འབབ་ཚད་དང་བྲུག་རྩེའི་ཚད་སོགས་ཀྱི་གྲངས་ཚད་དེ་ལྟར་མང་། ཡང་ལྡོག་སྟེ་ཆུ་ལོག་འབྱུང་བའི་གོ་སྐབས་ཇི་ལྟར་མང་ན་གྲངས་ཚད་དེ་ལྟར་ཉུང་བ་ཡོད། གལ་སྲིད། ཆུ་ལོག་འབྱུང་བའི་གྲངས་ཚད་1%ཡིན་ན་ལོ་བརྒྱར་ཆུ་ལོག་ཐེངས་གཅིག་འབྱུང་ངེས། ཆུའི་དངོས་ཁམས་ཀྱི་སྟེང་ནས་ཆུ་ལོག་འབྱུང་ཚད་ཀྱི་ཚད་གྲངས་ལ་བརྟེན་ནས་ཆུ་ལོག་གི་ཆེ་ཆུང་གཞལ་བ་ལས་གཞན། ད་དུང་རྒྱུན་པར་བསྐྱར་འབྱུང་དུས་ཚིགས་ལྟར་གསལ་བཤད་བྱེད་ཀྱིན་ཡོད།  བསྐྱར་འབྱུང་གི་དུས་ཡུན་ནི་ཆུ་ལོག་གི་འགྱུར་ལྡོག་ཚད་གང་དེ་གྲངས་ཚད་ངེས་ཅན་ཞིག་ལས་བརྒལ་བའམ་ཡང་ན་མཉམ་པ་ལ་བྱ་ཞིང་། བཤད་སྲོལ་ལ་ལོ་བརྒྱའི་ནང་དུ་ཆུ་ལོག་ཐེངས་གཅིག་འབྱུང་ཞེས་ཀྱང་ཟེར། དེ་ལྟ་བུའི་ཆུ་ལོག་ནི་ལོ་རེའི་ནང་དུ་ཐེངས་གཅིག་འབྱུང་བའི་ངེས་པ་ཡོད་པ་ཡིན།  
ཆུ་ལོག་འབྱུང་བའི་གྲངས་ཚད་དང་བསྐྱར་འབྱུང་དུས་ཡུན་གཉིས་ནི་ཆུ་ལོག་གི་ཚད་གཞི་འཇལ་བའི་ཚད་ཐིག་ཅིག་ཡིན་ལ། དེ་ཡང་ལས་བཟོ་དང་འཛུགས་སྐྲུན་གཞི་རྒྱ། ཚད་རིམ་སོགས་ལ་དོགས་ཟོན་བྱེད་པའི་ཚད་གཞི་ཡང་ཡིན། ཆུ་ལོག་གི་ཚད་རིམ་གྱི་གཞི་འཛིན་ས་ནི་གཤམ་ལྟར།
1 བསྐྱར་འབྱུང་དུས་ཡུན་ལོ་5ནས་10བར་གྱི་ཆུ་ལོག་ནི་སྤྱིར་བཏང་གི་ཆུ་ལོག་ལ་གཏོགས།
2 བསྐྱར་འབྱུང་དུས་ཡུན་ལོ་10ནས་20བར་གྱི་ཆུ་ལོག་ནི་ཅུང་ཆེ་བའི་ཆུ་ལོག་ལ་གཏོགས།
3 བསྐྱར་འབྱུང་དུས་ཡུན་ལོ་20ནས་50བར་གྱི་ཆུ་ལོག་ནི་ཆུ་ལོག་ཆེན་པོར་གཏོགས།
4  བསྐྱར་འབྱུང་དུས་ཡུན་ལོ་50ལས་བརྒལ་བའི་ཆུ་ལོག་ནི་ཆུ་ལོག་ཤིན་ཏུ་ཆེན་པོར་གཏོགས།
ལྔ། ཆུ་རྒྱུན་འབབ་ཡུལ་གྱི་ཆུ་ལོག་སྔོན་བརྡ།  
        བཞུར་རྒྱུག་གི་གྲུབ་ཚུལ་དང་གཞི་རྩའི་ངེས་ལུགས་ལྟར་ན། ཆར་ཆུ་དུས་ལྟར་འབབ་པའི་སྔོན་བརྡར་གཏོགས་ཤིང་།མ་ཟད་འབབ་རྒྱུན་གྱི་ཐོན་སྒོའི་བཤགས་ངོས་དང་དེའི་ཆུ་ལོག་སྤྱིའི་ཚད་ལ་བཞུར་རྒྱུག་ཚད་ཀྱི་སྔོན་བརྡ་ཟེར་ལ། སྔོན་བརྡར་གཏོགས་པའི་འབབ་རྒྱུན་གྱི་ཐོན་སྒོའི་བཤགས་ངོས་དང་དེའི་ཆུ་ལོག་གི་གོ་རིམ་ལ་བཞུར་རྒྱུག་གོ་རིམ་གྱི་སྔོན་བརྡ་ཟེར།
རང་བྱུང་སྔོན་དཔག་དུས་ཚོད་ནི་ཆུ་བོའི་བཞུར་རྒྱུན་ནང་ལོགས་ཀྱི་ཐོན་སྒོའི་བཤགས་ངོས་ལས་བལྟས་པའི་ཆེས་ཐག་རིང་བའི་ས་ནས་མཐོང་བའི་ཆར་བ་དེ་ཐོན་སྒོའི་བཤགས་ངོས་ལ་བཞུར་བའི་བར་གྱི་དུས་ཡུན་རིང་ཐུང་ལ་ཟེར་ཞིང་། སྔོན་དཔག་དུས་ཚོད་ནི་སྔོན་བརྡ་བཏང་བ་ནས་བཟུང་སྟེ་ཆུ་གཤིས་སྣང་ཚུལ་འབྱུང་རག་བར་གྱི་དུས་ཚོད་བར་ཁྱད་ལ་ཟེར། དེ་ཡང་སྔོན་དཔག་གི་དུས་ཚོད་ནི་སྔོན་བརྡའི་ཆ་རྐྱེན་དང་ལག་རྩལ་གྱི་ཆུ་ཚད་སོགས་མི་འདྲ་བར་བརྟེན་མི་འདྲ་ལ། ཆུ་བོའི་བཞུར་རྒྱུན་གྱི་ཆུ་ལོག་གི་སྔོན་དཔག་དུས་ཚོད་ནི་ཆུ་ལག་གི་སྔོན་དཔག་དུས་ཚོད་ལས་རིང་ལ། དེ་ནི་ཆུ་ལག་དང་ཆུ་ཕྲན་ཕན་ཚུན་བར་ཆུ་རྒྱུག་པར་གལ་འགངས་ཆེན་པོ་ཡོད། ས་ཆ་ལ་ལར་སྔོན་དཔག་གི་ཆ་རྐྱེན་ཞན་པ་སོགས་ཀྱི་རྐྱེན་གྱིས་སྔོན་དཔག་ནུས་ལྡན་དུ་སྤྱོད་ཐུབ་ཀྱིན་མེད། དེའི་ཕྱིར། ང་ཚོས་ཆུ་ལོག་སྔོན་འགོག་གི་རེ་བ་སྐོང་ཆེད་ཆུ་བོའི་འབབ་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་གི་བྱེད་ཐབས་གཉེར་དགོས། གལ་ཏེ་དུས་ཚོད་སྔོན་བསྲིངས་ཀྱིས་ཆར་ཆུའི་འབབ་ཚད་དང་དེའི་ཡུལ་དུས་གཏན་འཁེལ་ནུས་ཚེ། སྔོན་དཔག་དུས་ཡུན་དེ་ལྟར་བསྲིང་ནུས། བཞུར་རྒྱུག་གི་གྲུབ་རྐྱེན་ལ་གསར་བྱུང་གི་བཞུར་རྒྱུག་ཆུ་དང་མཉམ་འདུས་ཆུ་གཉིས་ཡོད་ཅིང་། དོན་དངོས་ཐོག་དེ་དག་བཞུར་རྒྱུག་གི་ཆུ་གཤིས་གོ་རིམ་སོགས་ནི་རྙོག་འཛིང་ལྡན་པ་ཞིག་ཡིན།  དེ་དག་གི་ཞིབ་བཤེར་སྟབས་བདེ་འོང་ཆེད། རྒྱུན་པར་དེ་གཉིས་གསར་བྱུང་གི་བཞུར་རྒྱུག་ཆུ་དང་མཉམ་འདུས་ཆུ་གཉིས་ལ་དབྱེ་ཡོད། གསར་བྱུང་བཞུར་རྒྱུག་ཆུའི་གོ་རིམ་ལ་བརྟེན་ནས་བཞུར་རྒྱུག་གི་ཚད་ལ་སྔོན་བརྡ་གཏོང་ནུས་ལ། མཉམ་འདུས་ཆུའི་གོ་རིམ་ལས་བཞུར་རྒྱུག་གི་གོ་རིམ་ལ་སྔོན་བརྡ་གཏོང་གིན་ཡོད།
1  བཞུར་རྒྱུག་གི་ཚད་ཀྱི་སྔོན་བརྡ།
        ཆར་ཞོད་ཐེངས་གཅིག་གི་ཁྲོད། གསར་བྱུང་བཞུར་རྒྱུག་ཆུའི་གོ་རིམ་ཁྲོད་བྱུང་བའི་བཞུར་རྒྱུན་གྱི་ཐོན་སྒོའི་བཤགས་ངོས་ཆུའི་འདུས་ཚད་ལ་ཐེངས་དེའི་ཆར་ཆུའི་བཞུར་རྒྱུན་ཚད་ཟེར་ལ།  གསར་བྱུང་བཞུར་རྒྱུག་ཆུའི་ཚད་ཀྱང་ཟེར། དེ་ཡང་ས་ངོས་དང་ས་འོག་གཉིས་ལ་བགོ་ཆོག  ཆར་ཆུ་འབབ་ཚད་དང་བཞུར་རྒྱུན་གྱི་བར་ཁྱད་ལ་གནོད་ཚད་ཅེས་བྱ་ཞིང་། གནོད་ཚད་ཀྱི་ཆེ་ཆུང་ནི་ཐེངས་སྔོན་མའི་ཆུའི་འདུས་ཚད་ཀྱི་ཆེ་ཆུང་ལ་བལྟ་དགོས་ཤིང་། བཞུར་རྒྱུན་གྱི་འོག་ངོས་དང་ཐེངས་དེའི་ཆར་ཞོད་འབབ་ཚད་གཉིས་ལ་འབྲེལ་བ་མེད། དོན་དངོས་ཀྱིས་ཐེངས་རེ་རེའི་གནོད་ཚད་གཏན་འཁེལ་བྱེད་པ་ནི་བཞུར་རྒྱུག་ཚད་ཀྱི་སྔོན་བརྡ་གཏོང་བའི་གནད་འགག་ཡིན་ཞིང་། ནམ་རྒྱུན་འབབ་ཞོད་ཀྱི་བཞུར་རྒྱུག་སྔོན་དཔག་ཐབས་ལ་འབབ་ཞོད་བཞུར་རྒྱུག་ཕན་ཚུན་བརྒྱུད་འབྲེལ་ཐབས་དང་། ས་འོག་འཁྱོག་ཐིག་བསྡུར་བའི་ཐབས། བཞུར་རྒྱུན་གྱི་གསར་བྱུང་བཞུར་རྒྱུག་རྩིས་བཤེར་དཔེ་དབྱིབས་སོགས་འདུས་ཡོད།
2  བཞུར་རྒྱུག་གི་གོ་རིམ་གྱི་སྔོན་བརྡ།
        ཆར་ཆུ་ནི་བཞུར་རྒྱུན་གྱི་མཉམ་འདུས་གོ་རིམ་བརྒྱུད། བཞུར་རྒྱུན་གྱི་ཐོན་སྒོའི་བཤགས་ངོས་སུ་བཞུར་ཚད་ཀྱི་གོ་རིམ་ཞིག་གྲུབ་པ་དེར་བཞུར་རྒྱུག་གི་གོ་རིམ་སྔོན་བརྡ་ཟེར་ཞིང་། ཆར་ཆུའི་འབབ་ཚད་ལ་གཞིགས་ནས་བཞུར་ཚད་ཀྱི་གོ་རིམ་རྩད་བཤེར་བྱེད་པའི་ཐབས་ལ་རྒྱུན་པར་རྩིས་གཞིའི་གོ་རིམ་གྱི་ཐབས་བཀོད་དང་། བཞུར་རྒྱུན་མཉམ་འདུས་རྩིས་བཤེར་དཔེ་དབྱིབས་སོགས་འདུས་ཡོད།
ལྔ་བ། ཆུ་ལོག་སྔོན་འགོག་གི་ཚད་གཞི།  
        ཆུ་ལོག་སྔོན་འགོག་གི་ཚད་གཞི་ནི་སྲུང་སྐྱོབ་བྱ་ཡུལ་གྱི་རེ་མདུན་དང་འཚམ་པའི་ཆུ་ལོག་འགོག་སྲུང་གི་ཚད་གཞིར་ཟེར།རྒྱུན་ལྡན་དུ་འགོག་སྲུང་བྱས་པའི་ཆུ་ལོག་བསྐྱར་མངོན་སྐབས་སུ་སྟོན་པ་ཡིན།ཧ་ཅང་གལ་ཆེན་ཡིན་པའི་འགོག་སྲུང་བྱ་ཡུལ་ལ།འགོག་སྲུང་གི་ནུས་པ་ཆེ་ཤོས་བེད་སྤྱོད་བྱ་ཆོག འགོག་སྲུང་བྱ་ཡུལ་གྱི་དགོས་མཁོ་མི་འདྲ་བར་གཞིགས་ཏེ།འགོག་སྲུང་ཚད་གཞི་ལས་ཇུས་འགོད་རིམ་པ་དང་པོའམ་ཇུས་འགོད་དང་བརྟག་དཔྱད་གཉིས་ཀ་བེད་སྤྱོད་བྱ་ཆོག འགོག་སྲུང་བྱ་ཡུལ་གྱི་ཆུ་ལོག་སྔོན་འགོག་གི་ཚད་གཞི་ནི་འགོག་སྲུང་བདེ་འཇགས་ཀྱི་རེ་མདུན་གཞིར་བཟུང་ཞིང་།དཔལ་འབྱོར་དང་ཆབ་སྲིད།སྤྱི་ཚོགས།ཁོར་ཡུག་སོགས་ཀྱི་རྒྱུ་རྐྱེན་ལ་སྤྱི་ཡོངས་ནས་ཁུངས་སྐྱེལ་བྱས་ནས་གཏན་འཁེལ་བྱ་དགོས།
གཅིག ཆུ་མཛོད་ཀྱི་ཆུ་ལོག་སྔོན་འགོག་ཚད་གཞི།
        ཆུ་མཛོད་ཀྱི་ཆུ་ལོག་སྔོན་འགོག་ཚད་གཞི་ནི་ཆུ་མཛོད་ཆུ་བེད་བཟོ་སྐྲུན་གྱི་ཆུ་ལོག་སྔོན་འགོག་ཚད་གཞི་ཡིན་ལ། ཆུ་མཛོད་ཀྱི་ཆུ་ལོག་སྔོན་འགོག་ནུས་པའི་ཆེ་ཆུང་མཚོན་པ་ཡིན། ཚད་གཞི་ནང་ཁུལ་གྱི་ཆུ་ལོག་བྱུང་ན།ཆུ་མཛོད་ཀྱི་ཆུ་བེད་བཟོ་བཀོད་ཀྱིས་ངེས་པར་དུ་བདེ་འཇགས་དང་ལས་ཀ་རྒྱུན་མཐུད་ཐུབ་པར་འགན་ལེན་བྱ་དགོས།ཆུ་མཛོད་ཀྱི་རིམ་པ་མི་འདྲ་བར་ཆུ་བེད་བཟོ་བཀོད་ཀྱི་རིམ་པ་མི་འདྲ་ལ། ཆུ་ལོག་སྔོན་འགོག་གི་ཚད་གཞི་ཡང་མི་འདྲ། ཆུ་མཛོད་ཀྱི་བདེ་འཇགས་ལ་འགན་ལེན་ཐུབ་ཆེད། ཆུ་མཛོད་རེ་རེས་ངེས་པར་དུ་ཚད་ལྡན་གྱི་ཇུས་འགོད་གཞིར་བཟུང་ནས་ཆུ་ལོག་ལ་ཇུས་འགོད་དང་བརྟག་དཔྱད་བྱ་དགོས།
1 ཆུ་ལོག་སྔོན་འགོག་གི་ཚད་གཞི་ཇུས་འགོད་བྱེད་པ།
        ཆུ་ལོག་སྔོན་འགོག་གི་ཚད་གཞི་ཇུས་འགོད་ནི་རྒྱུན་ལྡན་གྱི་ཆུ་ལོག་སྔོན་འགོག་གི་ཚད་གཞི་ཇུས་འགོད་བྱེད་པ་ཡིན། ཆུ་ལོག་སྔོན་འགོག་གི་ཚད་གཞི་ཇུས་འགོད་བྱེད་པར་ཆུ་ལོག་བྱུང་ཐེངས་སམ་བསྐྱར་མངོན་སྐབས་ཀྱིས་མཚོན་དགོས།ཆུ་མཛོད་ལས་གཞི་ཇུས་འགོད་བྱེད་དུས།ཆུ་དཔྱད་རྩིས་རྒྱག་ལ་བསྟེན་ནས་ཚད་ལྡན་གྱི་ཆུ་ལོག་སྔོན་འགོག་གི་ཆུ་ལོག་གི་མཐོ་ཚད་ཇུས་འགོད་ཐུབ་པར་བྱ་དགོས། དུས་སྐབས་མི་འདྲ་བའི་ཆུ་ལོག་གི་སྤྱི་འབོར་དང་ཆུ་ལོག་བྱུང་བའི་ལམ་ཐིག ཆུ་ལོག་བྱུང་བའི་ས་ཁུལ་གྱི་ཁྱབ་ཚུལ་སོགས་མི་འདྲ།དེར་བསྟེན། ཆུ་བེད་བཟོ་བཀོད་དང་བེད་སྤྱོད་ཚོད་འཛིན་སོགས་ཀྱི་ངོས་ནས་ཇུས་འགོད་བྱ་དགོས།
2ཆུ་ལོག་སྔོན་འགོག་ཚད་གཞིར་བརྟག་ཞིབ་བྱེད་པ།
        ཆུ་མཛོད་ཀྱི་ཆག་སྒོས་ཆུ་སྨད་དུ་དཔག་པར་དཀའ་བའི་གྱོང་གུད་ཚབས་ཆེན་བཟོ་བས།ཆུ་མཛོད་ཀྱིས་ཆུ་ལོག་སྔོན་འགོག་གི་ཚད་གཞི་ཇུས་འགོད་བྱེད་དུས་བདེ་འཇགས་ལ་ཁག་ཐེག་བྱ་དགོས་པ་མ་ཟད།ཚད་གཞིའི་ཇུས་འགོད་ལས་བརྒལ་བའི་ཆུ་ལོག་ཧ་ཅང་དྲག་པོ་བྱུང་ཡང་བདེ་འཇགས་ལ་ཁག་ཐེག་བྱ་དགོས།  ཆུ་མཛོད་ལས་གཞིའི་ཇུས་འགོད་ཀྱི་ལོ་ཚད་ནང་།ཆུ་དཔྱད་རྩིས་རྒྱག་ལ་བསྟེན་ནས་ཚད་ལྡན་གྱི་ཆུ་ལོག་སྔོན་འགོག་གི་ཆུ་ལོག་མཐོ་ཚད། དུས་སྐབས་མི་འདྲ་བའི་ཆུ་ལོག་གི་སྤྱི་འབོར་དང་ཆུ་ལོག་བྱུང་བའི་ལམ་ཐིག ཆུ་ལོག་བྱུང་བའི་ས་ཁུལ་གྱི་ཁྱབ་ཚུལ་སོགས་རྟོགས་ཐུབ་པར་བྱ་དགོས། དེ་དང་བསྟུན་ནས། ཆུ་བེད་བཟོ་བཀོད་དང་བེད་སྤྱོད་ཚོད་འཛིན་སོགས་ལ་ཇུས་འགོད་བྱ་དགོས།
གཉིས། ཆུ་མཛོད་ཀྱི་ལས་གཞིའི་རིམ་པ།
        ཆུ་མཛོད་ནི་ཆུ་བེད་དང་ཆུ་གློག་གི་ལས་གཞི་གལ་ཆེན་ཞིག་ཡིན་པའི་ངོས་ནས། རྒྱལ་ཁབ་ཀྱི་ཚད་གཞི་ལྟར་ལས་གཞི་ནི་རིམ་པ་ལྔར་ཕྱེས་ཡོད་པ་གཤམ་ལྟར།
རིམ་པ་དང་པོ། ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༡༠ལས་ཆེ་བའམ་མཚུངས་པ་ཡིན། ལས་གཞིའི་གཞི་ཁྱོན་ཆེ་བའི་རྣམ་པ་དང་པོ་ཅན་ཡིན།
རིམ་པ་གཉིས་པ། ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༡༠ནས་༡.༠བར་ཡིན་ལ། ལས་གཞིའི་གཞི་ཁྱོན་ཆེ་བའི་རྣམ་པ་གཉིས་པ་ཅན་ཡིན།
རིམ་པ་གསུམ་པ། ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༡.༠ནས་༠.༡བར་ཡིན་ལ། ལས་གཞིའི་གཞི་ཁྱོན་འབྲིང་བ་ཅན་ཡིན།
རིམ་པ་བཞི་བ། ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༠.༡ནས་༠.༠༡བར་ཡིན་ལ།ལས་གཞིའི་གཞི་ཁྱོན་ཆུང་བའི་རྣམ་པ་དང་པོ་ཅན་ཡིན།
རིམ་པ་ལྔ་བ།ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༠.༠༡ནས་༠.༠༠༡བར་ཡིན་ལ།ལས་གཞིའི་གཞི་ཁྱོན་ཆུང་བའི་རྣམ་པ་གཉིས་པ་ཅན་ཡིན།
གསུམ། ཆུ་མཛོད་ཀྱི་ཆུ་བེད་ཨར་ལས་ཀྱི་བཟོ་བཀོད་རིམ་པ།
        ཆུ་མཛོད་ཀྱི་ཆུ་འགོག་སྒྲིག་བཀོད་དང་། ཆུ་འདྲེན་སྒྲིག་བཀོད་དང་ཆུ་གློག་ས་ཚུགས་སྒྲིག་བཀོད་སོགས་ཚང་མ་གཏན་འཇགས་རང་བཞིན་གྱི་ཆུ་ལས་བཟོ་བཀོད་ལ་གཏོགས་པ་ཡིན།རྒྱལ་ཁབ་ཀྱི་ཚད་གཞི་ལྟར། གཏན་འཇགས་རང་བཞིན་གྱི་ཆུ་ལས་བཟོ་བཀོད་གཤམ་གྱི་རིམ་པ་འགར་བགོས་ཡོད།
གཏན་འཇགས་རང་བཞིན་གྱི་ཆུ་ལས་བཟོ་བཀོད་ཀྱི་རིམ་པ།
ལས་གཞིའི་རིམ་པ། བཟོ་བཀོད་གཙོ་བོ། བཟོ་བཀོད་ཕལ་བ།
I 1 3  
II 2 3
III 3 4
IV 4 5
V 5 5
བཞི། གྲོང་ཁྱེར་གྱི་རིམ་པ་དང་ཆུ་ལོག་སྔོན་འགོག་ཚད་གཞི།
རིམ་པ། གལ་ཆེན་རང་བཞིན། ཞིང་ལས་མི་འབོར་མ་ཡིན་པ། ཆུ་ལོག་སྔོན་འགོག་གི་ཚད་གཞི།
Ⅰགྲོང་ཁྱེར་ཧ་ཅང་གལ་ཆེན།≥150 ≥200
Ⅱ གྲོང་ཁྱེར་གལ་ཆེན། 150~50 200~100
Ⅲ གྲོང་ཁྱེར་འབྲིང་གྲས།50~20 100~50
Ⅳགྲོང་ཁྱེར་དཀྱུས་མ།≤20 50~20
ལྔ། ཆུའི་གནས་ཚུལ་རང་འགུལ་གྱིས་དཔྱད་ཞིབ་སྙན་ཞུ་བྱེད་པའི་མ་ལག
        ཆུའི་གནས་ཚུལ་རང་འགུལ་གྱིས་དཔྱད་ཞིབ་སྙན་ཞུ་བྱེད་པའི་མ་ལག་ནི་རྒྱང་ཚོར་དང་འཕྲིན་གཏོང་།རྩིས་འཁོར་ལག་རྩལ་བཅས་བེད་སྤྱོད་བྱས་ནས།གཙང་ཆུ་འབབ་རྒྱུད་ཀྱི་ཆར་ཆུ་འབབ་ཚད་དང་ཆུ་གནས།བཞུར་ཚད།ཆུ་སྒོ་ཕྱེ་ཚད་སོགས་གཞི་གྲངས་དུས་ཐོག་འཚོལ་བསྡུ་དང་འོས་སྐྱེལ།ཐག་གཅོད་བཅས་བྱེད་པའི་ཆ་འཕྲིན་ལ་གཏོགས་པ་ཡིན།
        ཆུའི་གནས་ཚུལ་རང་འགུལ་གྱིས་དཔྱད་ཞིབ་སྙན་ཞུ་བྱེད་པའི་མ་ལག་གི་གཞི་ཁྱོན་དང་ངོ་བོ་མི་འདྲ་བར་གཞིགས་ཏེ། ཆུའི་གནས་ཚུལ་རང་འགུལ་གྱིས་དཔྱད་ཞིབ་སྙན་ཞུ་བྱེད་པའི་གཞི་རྩའི་མ་ལག་དང་ཆུའི་གནས་ཚུལ་རང་འགུལ་གྱིས་དཔྱད་ཞིབ་སྙན་ཞུའི་དྲ་བ་ཞེས་རིགས་གཉིས་སུ་ཕྱེས་ཡོད། ཆུའི་གནས་ཚུལ་རང་འགུལ་གྱིས་དཔྱད་ཞིབ་སྙན་ཞུ་བྱེད་པའི་གཞི་རྩའི་མ་ལག་ནི་ལྟེ་བའི་ས་ཚུགས་དང་རྒྱང་འཇལ་ས་ཚུགས།འཕྲིན་ལམ་བཅས་ཀྱིས་གྲུབ་པ་ཡིན། ཆུའི་གནས་ཚུལ་རང་འགུལ་གྱིས་དཔྱད་ཞིབ་སྙན་ཞུའི་དྲ་བ་ནི་རྩིས་འཁོར་ཚད་ལྡན་དང་འཕྲིན་ལམ་སྣ་ཚོགས་ལ་བརྟེན་ནས།གཞི་རྩའི་མ་ལག་ཁ་ཤས་གཅིག་ཏུ་སྦྲེལ་ཏེ།གཞི་གྲངས་བརྗེ་རེས་བྱེད་པའི་རང་འགུལ་གྱི་དཔྱད་ཞིབ་སྙན་ཞུ་གྲུབ་པ་ཡིན། ཆུའི་གནས་ཚུལ་རང་འགུལ་གྱིས་དཔྱད་ཞིབ་སྙན་ཞུ་བྱེད་པའི་མ་ལག་ནི་ཆུ་ལོག་སྔོན་འགོག་གི་ས་ཁུལ་གཙོ་བོ་དང་ཆུ་བེད་ལས་གཞི་ཆེ་རིགས་ལ་བེད་སྤྱོད་བྱེད་པ་ཡིན་ལ །ལྷག་པར་དུ་ཆུ་མཛོད་ལེགས་བསྒྱུར་གཏོང་བའི་ཐད་ནས་དགེ་མཚན་ལྡན་པའི་ནུས་པ་ཐོན་བཞིན་ཡོད།
བཀོལ་སྤྱོད་བྱ་རིམ་གཞིར་བཟུང་ནས་ཕྱོགས་གཙོ་བོ་གསུམ་གྱིས་གྲུབ་ཡོད།
1ཆ་འཕྲིན་འཚོལ་བསྡུ་དང་བརྒྱུད་གཏོང་།ཆུ་ལོག་སྔོན་འགོག་སྐུད་མེད་གློག་འཕྲིན་འཕྲིན་གཏོང་དྲ་རྒྱ་དང་ཆུ་དཔྱད་རང་འགུལ་གྱིས་དཔྱད་ཞིབ་སྙན་ཞུ་བྱེད་པའི་མ་ལག རྒྱལ་ཡོངས་རླབས་ཕྲན་དང་འཁོར་སྐར་བརྒྱུད་གཏོང་སོགས་བྱེད་ཐབས་བེད་སྤྱོད་བྱེད་ཅིང་། ཆུ་དཔྱད་ཀྱི་དུས་ཐོག་ཆ་འཕྲིན་འཚོལ་བསྡུ་དང་བརྒྱུད་གཏོང་བྱེད་པ།
2ཆ་འཕྲིན་དང་ལེན་དང་ཐག་གཅོད། དཔྱད་འཚོལ། གསོག་ཉར། རྩིས་འཁོར་གྱིས་རང་འགུལ་གློག་སྒྱུར་དང་གཞི་གྲངས་ཐག་གཅོད།རང་འགུལ་གྱིས་གཞི་གྲངས་ནང་དུ་སླེབས་པ།སྤྱོད་མཁན་ལ་དུས་ཐོག་ཏུ་ཆར་བ་འབབ་པའི་གནས་ཚུལ་དང་ཆུའི་གནས་ཚུལ། དཔྱད་འཚོལ་བྱེད་ནུས་སྣ་ཚོགས་མཁོ་སྤྲོད་བྱེད་པ།
3ཉེར་སྤྱོད་སྔོན་བརྡ།ཉེར་སྤྱོད་ཆེས་ཡོངས་ཁྱབ་ཡིན་པ་ནི་དུས་ཐོག་ཏུ་སྔོན་བརྡའི་མ་ལག་གི་འཕྲུལ་ཆས་དང་འབྲེལ་བ་ཡིན་ལ། དུས་ཐོག་ཏུ་ཆུ་ལོག་སྔོན་བརྡའི་དཔེ་དབྱིབས་དང་ཉེར་སྤྱོད་མ་ལག་གིས་རྒྱབ་སྐྱོར་བྱེད་པའི་མ་ལག་ཇུས་འགོད་བྱེད་པ་གཙོ་བོ་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1