གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ཁམས་སྤྲུལ་བསོད་ནམས་དོན་གྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༨ཚེས་༢༧ཉིན།

༄༅།།ལྡན་མ་བྲག་རྩ་ཞེས་པ་ནི་སྐྱེ་རྒུ་མདོའི་འབུས་ཁོག་ལ་ཟེར་བ་ལས་བྲག་གཡབ་བྱམས་མདུན་གྱི་རི་མདར་ཟེར་བ་མ་ཡིན།


ཁམས་སྤྲུལ་བསོད་ནམས་དོན་གྲུབ།
[ནང་དོན་གནད་བསྡུས།] རྩོམ་འདི་གཙོ་བོ་ལོ་རྒྱུས་ཡིག་ཚང་དག་ལ་ཁུངས་བཅོལ་པ་དང་། རང་ཉིད་ཀྱི་མཐོང་ཐོས་ཀྱིས་ཟུར་བརྒྱན་ཏེ་ལྡན་མ་བྲག་རྩ་ཞེས་པའི་ས་ཆ་དེ་དོན་དམ་གང་ལ་ངོས་བཟུང་ན་འགྲིག་ཚུལ་ཅུང་ཞིབ་པར་བརྗོད་ཡོད།
[གནད་ཚིག] ལྡན་མ་བྲག་རྩ། འབུས་ཁོག བྲག་གཡབ་བྱམས་མདུན་གྱི་རི་མདར།
        བོད་ཀྱི་བཙན་པོ་གདུང་རབས་བཞི་བཅུ་པ་ཁྲི་ལྡེ་སྲོང་བཙན་ནམ་མུ་ཏིག་བཙན་པོའམ་སད་ན་ལེགས་མཇིང་ཡོན་ཞེས་སྐུ་གཅིག་ལ་མཚན་གསུམ་གྱི་བདག་ཉིད་ཅན་དེ་མེ་འབྲུག་སྤྱི་ལོ776ནས་ཤིང་ལུག815བར་དགུང་སོ་དགུ་བཞུགས་པ་དེའི་སྐུ་རིང་ལ་ཡབ་མེས་རྣམས་ཀྱི་སྲོལ་བཟང་པོ་སྔར་ལས་ལྷག་པར་སྤེལ་བར་མཛད་པས་ཆབ་སྲིད་ཀྱི་དབུ་རྨོག་ནི་སྔར་ལས་བཙན། དམ་པའི་ཆོས་ཀྱི་མཛད་རྗེས་ཀྱང་ཡབ་མེས་ལས་གཏན་ནས་མི་དམན་པ་ཙམ་དུ་མ་ཟད། ལ་ཤས་ཐད་ཆེས་ལྷག་པར་གྱུར་ཚུལ་ད་ལྟ་ཇེ་གསལ་དུ་འགྲོ་བཞིན་པ་སྟེ། རྒྱལ་བསྟན་རིན་པོ་ཆེ་བླ་ལྷག་ཏུ་བཀུར་དགོས་པའི་བཀའ་གཙིགས་ཡང་ནས་ཡང་དུ་མཛད་པ། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས་ཤིང་བཀའ་གཙིགས་རྡོ་རིང་བསླངས། རྒྱལ་རབས་ཆོས་འབྱུང་མང་པོར་འོན་ཅང་དོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱིས་བཞེངས་པར་འདོད་ཀྱང་དོན་ལ་བཙན་པོ་འདི་ཉིད་ཀྱིས་བཞེངས་ཡོད་པ་ནི་སྒྲ་སྦྱོར་བམ་གཉིས་ལས་རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ཕོ་བྲང་སྐྱི་ཡི་འོན་ཅང་དོ་ན་བཞུགས། སྟོད་སྨད་ཀྱི་དམག་གསར་རྙིང་དང་རྐུན་ཆེན་བཏུལ། ཅེས་དང་། 《ལྡེའུ་ཆོས་འབྱུང》སོགས་སུ་སྲས་ཁྲི་རལ་པ་འོན་ཅང་དོ་ན་སྐུ་འཁྲུངས་ཚུལ་གསལ་འདུག་པས། ཡབ་སྲས་གཉིས་ཕན་ཚུན་འཁྲུལ་འདུག་སྙམ་མོ། །ལྷག་པར་དུ་བཀས་བཅད་གཏན་ལ་ཕབ་ཚུལ་བཤད་པ་ལས《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སོགས་ཆོས་འབྱུང་མང་པོ་ཞིག་ཏུ་རལ་པ་ཅན་གྱི་སྐབས་སུ་མཛད་པར་འདོད་ཀྱང་། 《སྒྲ་སྦྱོར་བམ་གཉིས》ཀྱི་མཛད་བྱང་དུ་ཕོ་བྲང་འོན་ཅང་དོར་བོད་དང་རྒྱ་གར་གྱི་མཁན་པོ་ཐམས་ཅད་ཀྱིས་ཆོས་སྐད་གཏན་ལ་ཕབ་སྟེ་རྗེ་བློན་ནས་རེག་ཟིད་དུ་མཛད་པ། སྐད་གསར་གྱི་མིང་མ་ཐོགས་པ་དང་། གཏན་ལ་མ་ཕབ་པ། མཁས་པ་རྣམས་འཚོགས་ཏེ་མིང་དུ་བཏགས་ཤིང་གཏན་ལ་ཕབ་སྟེ། ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བསྐུལ་ནས་བཀས་བཅད་མི་བཅོས་པར་བཞག་པ་རྫོགས་སོ། །བཀས་བཅད་པ་བླ་དཔེ་བཞིན་བྲིས་པ་གཞན་གྱིས་ཀྱང་དེ་བཞིན་དུ་ཟུར་མ་བཅོས་སོ། །སྒྲ་སྦྱོར་བམ་པོ་གཉིས་པའོ། །ཞེས་གསལ་བས་བཙན་པོ་འདིའི་དམིགས་བསལ་གྱི་མཛད་པ་གཞན་ཞིག་ནི་བཀའ་གཙིགས་རྡོ་རིང་དང་བྲག་བརྐོས་ཡི་གེ་མཛད་པ་ཆེས་མང་བ་ཡིན་ཏེ། གོང་སྨྲོས་ལྟར་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་རྡོ་རིང་དང་། ཞྭ་ལྷ་ཁང་གི་རྡོ་རིང་སྔ་ཕྱི་གཉིས་དང་། ལྷག་པར་དེ་སྔོན་དུས་ཡུན་རིང་པོའི་ནང་རྒྱ་བཟའ་འུན་ཤིང་ཀོང་ཇོས་མཛད་པར་སྙམ་པའི་ཤིང་སྤྲེལ་ཏེ་སྤྱི་ལོ804ལོར་བཞེངས་པའི་བྲག་གཡབ་རི་མདའི་རྡོ་བརྐོས་རྣམ་སྣང་དང་། མེ་ཁྱི་སྤྱི་ལོ806ལོར་བཞེངས་པའི་སྒ་སྐྱེ་རྒུའི་འབུས་མདོའི་རྡོ་བརྐོས་རྣམ་སྣང་གཉིས་སོགས་ཀྱང་བཙན་པོ་འདིའི་རིང་བཞེངས་ཚུལ་སྦྱར་བྱང་དུ་གསལ་བར་བཀོད་པ་ལས་དོགས་གནད་རྣམས་སྦྲུལ་མདུད་རང་ཞིག་ལྟར་སོང་བས་རྒྱལ་རབས་བསྟན་རྩིས་ཀྱི་དཀའ་གནད་མང་པོ་བདེ་བླག་ཏུ་ཐག་གཅོད་ཐུབ་པ་བྱུང་ངོ་། །ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ།《རྒྱལ་རབས་གསལ་བའི་མེ་ལོང》ལས། “དེའི་བར་ལ་རྒྱ་མོ་བཟའ་ལ་སོགས་པའི་བོད་བློན་རྣམས་ཀྱིས་ལྡན་མ་བྲག་རྩར་ཕེབས་ནས། བྲག་ལ་བྱམས་པ་ཁྲུ་བདུན་པ་གཅིག་དང་། བཟང་སྤྱོད་གཉིས་བརྐོས་མར་བཞེངས།”[1]ཞེས་པ་འདིའི་ལྡན་མ་བྲག་རྩ་དེ་བྲག་གཡབ་རི་མདར་ངོས་བཟུང་མཁན་གཅིག་ནི་ཆབ་མདོ་སྲིད་གྲོས་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་འཚོལ་སྡུད་ལྷན་ཁང་ནས་བསྒྲིགས་པའི《བྲག་གཡབ་བླ་དགོན་གྱི་ལོ་རྒྱུས》ཞེས་པའི་ནང་རི་མདའི་རྣམ་པར་སྣང་མཛད་དེ་གནམ་ས་ལྡན་མ་བྲག་ལ་ལྷ་སྐུ་དང་། རྒྱ་ཡིག་གི་བཟང་སྤྱོད་སོགས་གནས་རི་དང་རྟེན་རྙིང་གི་ལོ་རྒྱུས་དཀར་ཆག་འབྱོར་རི་བླ་མ་འཇམ་དཔལ་བློ་གྲོས་ཀྱིས་པར་བསྐྲུན་མཛད་པ་འདི་ལྟར། “དུས་གསུམ་རྒྱལ་བ་རྣམས་ཀྱི་མཛད་པ་མཐའ་ཡས་མོད་མདོར་ན་མཁྱེན་བརྩེ་ནུས་གསུམ་གྱི་རང་གཟུགས་ལྷག་པའི་ལྷ་མཆོག་རྗེ་བཙུན་སྒྲོལ་མ་ལས་ཀྱི་རང་གཟུགས་དེ་ཉིད་རྣམ་འགྱུར་རྒྱ་མོ་བཟའ་ཀོང་ཇོ་སྐུ་ཡི་སྐྱེ་བ་བཞེས་ནས་སྣང་མཐའི་སྤྲུལ་པ་སྲོང་བཙན་ཟུང་གིས......ཀུན་མཁྱེན་རྒྱ་མོ་བཟའ་འཁོར་དང་བཅས་པ་ཡར་ཕེབས་ལམ་དུ་རྫུ་འཕྲུལ་གྱི་དབང་གིས་བྲག་ལ་ལྷ་སྐུ་སོགས་དང་། ཆུ་བརྒྱ་ལ་ཟམ་བརྒྱ་བཞེངས་པ་སོགས་འགྲོ་བའི་དོན་མཐའ་ཡས་པ་མཛད་པའི་ནང་ནས་རབ་དང་ཕུལ་དུ་བྱུང་བའི་མཛད་ཆེན་གཅིག་ནི། གནམ་ས་ལྡན་མ་བྲག་ལ་རྣམ་སྣང་སྐུ་ཁྲུ་བདུན་པ་གཅིག་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་དང་། བཟང་སྤྱོད་ཚར་གཉིས་རྒྱ་ཡིག་བཅས་བཞེངས་ཤིང”ཞེས་སོགས་གསལ་ཞིང་། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས《ཀྲུང་གོའི་བོད་ཀྱི་ཤེས་རིག》དེབ་དང་པོའི་ཤོག་ངོས44ན། “བཙན་པོའི་དུས་ཀྱི་བྲག་བརྐོས་ཡིག་རིས་གཅིག་གསར་དུ་མཚམས་སྦྱོར་ཞུས་པ།”ཞེས་པའི་ནང“གནའ་རབས་ཀྱི་ལོ་རྒྱུས་རིག་དངོས་དེའི་ཞིབ་ཕྲའི་གནས་ཡུལ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གྱི་བྲག་གཡབ་རྫོང་ཁོངས། བྱམས་མདུན་ཆུས། རི་མདའ་ཞང་གི་ལྡན་མ་བྲག་རྩ་ཞེས་པའི་བྲག་ལྡེབས་ཆེན་པོ་ཞིག་གི་ངོས་སུ་བརྐོས་ཡོད།”ཅེས་བཤད་འདུག འདོད་ཚུལ་གཞན་ཞིག་ནི། སྐྱེ་རྒུ་དོན་གྲུབ་གླིང་དགོན་གྱི་བཙུན་པ་སངས་རྒྱས་རྒྱ་མཚོས་རབ་བྱུང16པའི་ས་ཁྱི་སྤྱི་ལོ1958ལོར་བརྩམས་པའི《མདོ་སྟོད་རྣམ་སྣང་ཞེས་ལྷ་གཅིག་རྒྱ་བཟའ་ཀོང་ཇོས་བརྐོས་པའི་དཀར་ཆག་དོན་བཞིན་སྟོན་པའི་ཞལ་ལུང》 ཞེས་པ་ལས།“འད༷ན་སྟོད་བྲ༷ག་རྩ༷་སྐྱུ་རས་བཟུང་། །སྐྱུ་ར་མི་འགྱུར་གནས་ཤིག་ཡིན། །བྲག་རྩ་མི་འགྱུར་གནས་ཤིག་ཡིན། ། ཞེས་པ་ལྟར་འབྲུ་མི་འགྱུར་ཐར་པའི་གནས་བརྒྱད་གཙོ་བོར་གྱུར་པའི་ས་འདིར། ཀོང་ཇོ་འཁོར་བཅས་ཟླ་གཅིག་བཞུགས་གནང་ནས་རྣམ་སྣང་ཆེན་པོའི་སྐུ་གཟུགས་བརྐོས་པ་སྟེ།“ཞེས་བརྐོ་མཁན་རྒྱ་བཟར་ངོས་བཟུང་འདུག ད་ལྟ་ཁ་སྒང་བཀྲ་ཤིས་ཚེ་རིང་སོགས་ཀྱིས་རྩོམ་བསྒྲིགས་བྱས་པའི《བོད་ཀྱི་ཡིག་རྙིང་ཞིབ་འཇུག》ཅེས་པ་མི་རིགས་དཔེ་སྐྲུན་ཁང་ནས2003ལོར་བཏབ་པའི་པར་གཞི་དང་པོ་སོགས་ཀྱི་ནང་དུ་ལྡན་མ་བྲག་རྩ་དེ་བྲག་གཡབ་རི་མདར་ངོས་བཟུང་འདུག་པ་འདི་ངེས་པར་དུ་གསལ་པོ་བཟོ་རྒྱུར་དགོས་པ་ཤིན་ཏུ་ཆེ་བ་མཐོང་བ་ནི། རང་རེ་བོད་པ་རྣམས་རང་གིས་རྟོག་ཞིབ་མི་བྱེད་པར་མཁས་པའི་རྗེས་སུ་གཡམ་རྒྱུག་བྱེད་པའི་སྲོལ་འདུག་པ་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་གསུངས་པ་ཐུགས་ཤིན་ཏུ་མད་དོ། །འོ་ན་ལྡན་མ་ཞེས་པ་དེ་གང་དུ་ཡིན་ནམ་ཞེ་ན། སྟག་ཚང་པ་དཔལ་འབྱོར་བཟང་པོ་ཞེས་པ་སྟག་ལོ་ཤེས་རབ་རིན་ཆེན་གྱི་ཁུ་བོ་ལོ་རྒྱུས་རིག་པར་ནང་བྱན་ཆུད་པའི་མཁས་པ་དེས་སྡུད་བསྒྲིགས་མཛད་པའི《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད》ལས་རྒྱལ་རྩེའི་གདུང་རབས་བྱུང་ཚུལ་བཤད་པར། “འགྲོ་ཀུན་མཁྱེན་བརྩེའི་ཐུགས་རྗེའི་ནམ་མཁའ་ཡངས་པ་ལས། །ཤར་རིའི་རྩེ་ནས་འོད་སྟོང་འབར་བ་བཞིན། །ཤར་ཕྱོགས་ལྡན་མ་ལས་སྐྱེས་ཤར་སྒ་བ། །རིགས་བཟང་ཁུངས་བཙན་འདི་པ་ལྷ་དབང་ཞིག །ས་སྐྱའི་ནང་ཆེན་བློན་པོ་རིན་ཆེན་འདྲ། །འགའ་ཡིས་ཕས་རྒོལ་དཔུང་འཇོམས་དམག་དཔོན་རིན་ཆེན་དང་། །དེང་སང་བསྟན་པའི་སྲོལ་འཛིན་ཆོས་རྒྱལ་ཆེན་པོའང་བྱོན།......དེའང་དཔལ་ལྡན་ཤར་སྒ་པར་གྲགས་པ་འདི་པའི་རིགས་རུས་ཆོ་འབྲང་ནི། རིགས་བཟང་བའི་དབང་དུ་བྱས་ན། བྱང་ཕྱོགས་ཧོར་བོད་ཀྱི་སོ་མཚམས་ལ་ཉེ་བའི་ས་ན།ཕ་ཝོང་ཆེན་པོ་འབྲི་འདྲ་བ། ཁ་ཤར་བལྟས་པ་གཅིག་ཡོད་པ།དེའི་རྒྱབ་ངོས་ནས་འབབ་པའི་ཆུ་བོ་ལ་ཚ་སྐྱེ་གཙང་པོ་ཟེར།ནུབ་ལ་འགྲོ། མདུན་ནས་འབབ་པ་ལ་འབྲི་ཆུ་ཟེར། ཤར་ཕྱོགས་ལྡན་མའི་ཡུལ་ལ་འགྲོ་བས་དེའི་བྱང་རྒྱུད་ལ་ལྡན་ཉིན་རྒྱུད་པ་དང་། ལྷོ་རྒྱུད་ལ་ལྡན་སྲིབ་རྒྱུད་པ་ཟེར། ལུང་ཆེན་དེའི་ཕྱེད་ཙམ་སྐྱེད་སྟུབས་ལ་རྒྱ་ཧོར་གྱི་འཇའ་ལམ་ཆེན་མོས་བཅད་ཡོད་པས་སྟོད་ཕྱོགས་དེ་ལ་ལྡན་སྟོད་སྒ་པའི་ཡུལ་ཟེར་བར་འདུག་ཅིང་། ལྡན་ཆུ་རྒྱུད་ཀྱི་མདོ་ན། ཏྲེ་བོའི་ཡུལ་ཡོད་པས།སྒ། ལྡན། ཏྲེ་བོ་གསུམ་ལ་དབང་བསྒྱུར་བའི་རྗེ་བོའི་རིགས་སུ་གྱུར་ནས་དང་པོར། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ལྡན་མ་རྩེ་མང་ཟེར་བའི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དང་།གཞན་ཡང་ལྡན་མ་ཆོས་ཀྱི་བྱང་ཆུབ་ཟེར་བའི་ཆོས་རྒྱལ་དང་།ལྡན་བྱང་ཁྲི་དང་། བྱང་དམར་སོགས་མ་སང་གི་སྤྲུལ་པ་འང་མང་དུ་བྱུང་བར་འདུག གདུང་རུས་བཙུན་པའི་དབང་དུ་བྱས་ན། བོད་ཡུལ་འདིར་མི་བྱུང་བ་ལ་སྔ་བའི་མིའུ་རུས་བཞི་བྱ་བ་དང་། མིའུ་རྒྱུད་དྲུག་བྱ་བ་བྱུང་བའི་ནང་ནས། དམུ་ཚ་སྒ་ཡི་རྒྱུད་པར་འདུག་པས་ན། ལྡན་སྟོད་སྒའི་ཡུལ་དུ་སྒ་ཨང་སྙེན་དམ་པ་ཟེར་བའི་འབྱོར་ལྡན། ......དེའི་དབོན་སྲས་ཀྱི་རྒྱུད་པ་ལྡན་མ་དབོན་པོ། ......ལྡན་མ་དབང་རྒྱལ་ནས་རིམ་པར་ཤར་སྒ་བའི་གདུང་རྒྱུད་དར་བར་བཤད་ཅིང་།[2] སྒ་སྟོད་ནི་ཆུ་དམར་ལེབ་རྫོང་དང་ཁྲི་འདུ་རྫོང་གཡས་གཡོན་ལ་ཟེར་ཞིང་། སྒ་སྨད་འགྲུལ་ཟླ་སྡེ་པ་ལ་ཟེར། ལྡན་མ་ནི་ལྡན་ཁྲ་བོ་ལ་མར་འདབ། སེར་ཤུལ་དང་དཔལ་ཐང་ཕྱོགས་ལ་ཟེར་ཞེས་ཡུལ་དེའི་མཁས་པ་འགས་ཟེར། སྒ་དང་ལྡན་མ་གཉིས་ཀྱི་ས་མཚམས་ཁྲིག་ཁྲིག་ཅིག་ནི་མེད་འདྲ་སྙམ། ལྡན་མ་ལ་འདན་མ་ཞེས་འབྲི་སྲོལ་ཡང་ཡོད་པ་ཚང་མས་ཤེས་གསལ་ལྟར་ཁམས་ཕྱོགས་སུ་ནང་ཆེན་པར་སྒ་པ་ཟེར་ཞིང་ལྡན་ཁོག་དང་ས་ཁད་ཀྱང་ཉེ་བའི་ཕྱིར་ན་ལྡན་མ་ཡང་ཟེར་སྲོལ་ཡོད་པ་དཔེར་ན་སེར་འབྲས་སུ་གྲྭ་བཙུན་ཆོས་ཞུགས་སྐབས་ནང་ཆེན་པ་རྣམས་ལྡན་མ་ཁང་ཚན་དུ་ཞུགས་དགོས་ཤིང་འབྲི་སྟོད་རྫོང་གི་དགོན་གསར་དགོན་གྱི་གྲྭ་པ་རྣམས་སེ་ར་ལྡན་མ་ཁང་ཚན་དུ་ཞུགས་དགོས། དགོན་གསར་སྤྲུལ་སྐུ་ལ་ལྡན་མ་ཆོས་རྗེ་ཟེར། ལྡན་ཁོག་ཏུ་འབྲི་ཆུ་ཤར་ལ་ལྡན་ཀློང་ཐང་སྒྲོལ་མ་ལྷ་ཁང་ཞེས་པ་མཐའ་འདུལ་གྱི་གཙུག་ལག་ཁང་བཞུགས་ཤིང་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀིརྟི་ཡང་ཕེབས་མྱོང་། འབྲི་ཆུ་ནུབ་ལ་ལྡན་ཆོས་འཁོར་དགོན་པ་གནས་ཡོད། དེས་ན་དེང་སྐབས་ས་ལྒང་གི་འཕྲེད་ཐིག33དང་། གཞུང་ཐིག95-98བར་ལ་གནས་ཡོད་པས་རྒྱ་ཁྱོན་ཤིན་ཏུ་ཆེ་བ་ཡིན། འབུས་མདོ་ནི་སྐྱེ་རྒུ་མདོའི་ཤར་ལྷོའི་མཚམས་ཀྱི་དཔལ་ཐང་ནས་བྱང་ཕྱོགས་སུ་འབབ་པའི་དཔལ་ཆུ་ལྡོག་བརྒྱུད་ཀྱིས་སྤྱི་ལེ་ཉེར་ལྔ་ཙམ་སོང་ཙ་ན་ལུང་པ་ཁ་ལྷོ་ནུབ་ཕྱོགས་སུ་འཁོར་བ་ཞིག་མཆིས་པ་ལ་འབུས་ཁོག་ཅེས་སྐྱེ་བོ་རྣམས་ཀྱི་ཁ་ལ་འཇག་འཇག་པ་ཡིན། འབྲི་ཆུ་ནི་འཛམ་གླིང་སྟེང་དུ་སྐད་གྲགས་ཆེ་བའི་ཆུ་ཆེན་གྱི་གྲས་ཤིག་ཡིན་ཞིང་། འདིའི་ཆུ་མགོ་ད་ལྟ་མཚོ་སྔོན་ཁོངས་རི་བོ་སྐུ་ལྷ་རྟེན་མདུང(དུང་དཀར་ཚིག་མཛོད་དུ་དགེ་ལ་བསྟན་སྟོང་ཟེར་རུང་སླར་བརྟག)ནས་འབབ་པར་རང་རེ་རྣམས་ཀྱིས་འབྲི་ཆུ་ཞེས་འབོད་ཀྱི་ཡོད་ཀྱང་། རྒྱ་རྣམས་ཀྱིས་ལྡན་ཁོག་ཏུ་མ་བསླེབས་བར་ཐུང་ཐེན་ཧོ་ཟེར་ཞིང་། དེ་ནས་ཆུ་བོ་གསེར་ལྡན་ཏེ་ཅིན་ཧྲཱ་ཅང་ཟེར། རྒྱ་ནག་ཏུ་བསླེབས་མཚམས་ཁྲང་ཅང་ངམ་ཡང་ཙེ་གཙང་པོ་སོགས་འབོད་པར་བྱེད་དོ། །ལྡན་མའི་ཕྱོགས་སུ་མཁས་དྲག་ལྡན་པའི་སྐྱེས་བུ་མང་པོ་འཚར་ལོངས་བྱུང་བ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་ཐར་ལས།“ལྡན་ཕྱོགས་སུ་དམ་པ་ཀུན་སྤངས་པར་གྲགས་པ་དྲུང་ཆོས་རྗེ་ཀུན་དགའ་རིན་ཆེན་དང་ཀ་དྲུག་པ་དྲུང་རིན་པོ་ཆེར་གྲགས་པ་དང་། ལྡན་མ་དཀའ་བཅུ་པར་གྲགས་པ་བསོད་ནམས་དཔལ་ལྡན་དང་། ཆེན་པོ་སངས་རྒྱས་བློ་གྲོས་སོགས་དང་། ཡང་དེ་ཉིད་ལས། དེ་ནས་ཉི་ཤུ་བཞིའི་ཉིན་ལྡན་མ་དྲུང་རིན་ཆེན་ལ་བསྟན་འགྱུར་འདིའི་ཞུ་དག་དང་གྲོགས་དན་བྱེད་བསམ་ན་ཡང་དེ་ཉེ་གནས་པ་ལ་དཔེ་ཆ་སྤྲིང་པ་ལ་ཞལ་ཏ་མཛད་དོ། །ཞེས་དང་། ”[3]སོགས་དང་ཕྱིས་སུ་འབྲས་སྤུངས་ཀྱི་ལྡན་མ་སྟོང་ཕུད་ཅེས་པ་རྗེ་མི་ཕམ་དང་རྩོད་ཡིག་གཏོང་ལེན་མཛད་པ་པོ་སོགས་ཡིག་རྫོབ་ལ་འཇིགས་ནས་མ་སྤྲོས་སོ། །
        བྲག་གཡབ་ཅེས་པ་ནི། 《རག་རའི་ཆོས་འབྱུང》ངམ《རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང》ལས། “དེ་ཡང་མདོ་ཁམས་སྒང་དྲུག་གམ་གསུམ་གྱི་ཡ་གྱལ་སྨར་ཁམས་སྒང་ཞེས་པའི་སྟོད་ལ་མི་རིགས་མི་གཅིག་པའི་སྡེ་ཚན་གསུམ་ཡོད་པར་སྤྱི་མིང་ཉག་རེ་ཟེར།”[4]ཞེས་གསུངས་པ་དོན་ལ་གནས་ཤིང་། བྲག་གཡབ་དང་སྨར་ཁམས་པ་རྣམས་གདན་ས་སེར་འབྲས་དགའ་གསུམ་དང་རྒྱུད་གྲྭ་སྟོད་སྨད་ལ་ཆོས་ཞུགས་བྱེད་སྐབས་ཐོབ་ཁུངས་ཉག་རེ་ཁང་ཚན་ཡིན། བྲག་གཡབ་ཅེས་ཐོགས་དགོས་དོན་ནི་བྲག་གཡབ་ཆེ་ཚང་སྐུ་ཕྲེང་དང་པོ་གྲགས་པ་རྒྱ་མཚོ་རབ་བྱུང10པའི་ཆུ་སྤྲེལ་སྤྱི་ལོ1572ལོར་རྨེ་གཤིས་མདའ་སྤས་སྒང་ཞེས་པར་འཁྲུངས། དབུས་གཙང་དུ་ཕེབས། དྭགས་པོ་གྲྭ་ཚང་དང་ར་བ་སྟོད་སོགས་སུ་གཞུང་ལུགས་ཐོས་བསམ་དཔྱིས་ཕྱིན་པ་མཛད། པཎ་ཆེན་བློ་བཟང་ཆོས་རྒྱན་སོགས་མཁས་གྲུབ་དུ་མར་བསྟེན། སླར་ཁམས་སུ་ཕེབས་ཁར་རྒྱལ་བ་ཡོན་ཏན་རྒྱ་མཚོ་མཇལ་བར་བྱོན་པས་བྱམས་པའི་གསེར་སྐུ་སོགས་གནང་ནས་བསྟན་འཛིན་དམ་པར་གཟེངས་བསྟོད། འཕགས་པ་ལྷ་ཆོས་ཀྱི་རྒྱལ་པོའི་དྲུང་ནས་ཞལ་སྔ་ལུགས་ཀྱི་དབང་ཁྲིད་གཅོད་སོགས་ཟབ་ཆོས་དུ་མ་གསན། འཁྲུངས་ཡུལ་དང་ཐག་ཧ་ཅང་མི་རིང་བའི་སྒྲུབ་ཕུག་བྲག་གཡབ་འདྲ་བའི་ས་ཕྱོགས་སུ་སྒྲུབ་པ་ཉམས་ལེན་མཛད་པས་མཁས་གྲུབ་ཆེན་པོར་གྱུར། གོང་གི་སྡེ་རྣམས་ཀྱང་དད་པས་འདུས་པ་ལ་བསྡུ་བ་རྣམ་བཞིས་བསྐྱངས། རབ་བྱུང10པའི་ལྕགས་བྱ་ལོ་སྤྱི་ལོ1621ལོར་གདན་ས་རྙིང་པའི་ཁར་ས་སྟེང་བཀྲ་ཤིས་ཆོས་རྫོང་ཕྱག་བཏབ། ལུགས་གཉིས་ཀྱི་འཕྲིན་ལས་རྒྱས་བཞིན་པར་དགུང་ལོ་རེ་བདུན་བཞེས་པར་དག་ཞིང་དུ་གཤེགས། ཉེ་གནས་བླ་མ་སངས་རྒྱས་བཀྲ་ཤིས་ལ་ལུང་བསྟན་པ་ལྟར་གུ་ཤྲི་ཧན་གྱིས་ས་ཁུལ་དེར་དབང་བསྒྱུར་ཆོག་པའི་བཀའ་ཤོག་གནང་ཞིང་དེ་ནས་བཟུང་བྲག་གཡབ་ཅེས་མིང་ཐོགས་ཏེ་བྲག་གཡབ་ཆེ་ཚང་རྔོག་ལོ་བློ་ལྡན་ཤེས་རབ་ཀྱི་སྐྱེ་འཕྲེང་དུ་ཡིད་ཆེས་ཞུ་ཞིང་། བྲག་གཡབ་ཆུང་ཚང་རྔོག་ལོ་ལེགས་པའི་ཤེས་རབ་ཀྱི་སྐྱེ་བར་ངོས་བཟུང་གིས་བྲག་གཡབ་པ་རྣམས་ཡི་གེ་ལྷོགས་ཤིན་ཏུ་བཟང་པོ་ཡོང་བ་ལོ་ཙཱ་པ་སྐུ་མཆེད་རྣམ་གཉིས་ཀྱི་ཐུགས་བསྐྱེད་ཕྲིན་ལས་ལས་བྱུང་བར་མི་རྣམས་སེམས་སོ། །དེས་མ་ཚད་རྔོག་ལོ་ཁུ་དབོན་རྒྱ་གར་ནས་ཚུར་བྱོན་སྐབས་ཆོས་སྐྱོང་བསེ་ཡི་ཁྲབ་ཅན་རྗེས་སུ་འབྲངས་ཏེ་ཕེབས་ཡོང་བ་གསང་ཕུར་གནས་ཡོད་ཚུལ་བརྗོད་ཅིང་། བྲག་གཡབ་པ་རྣམས་ཀྱི་ཁ་ལ་བླ་མ་བློ་ལྡན་ཤེས་རབ་སྲུང་མ་བསེ་ཡི་ཁྲབ་ཅན་ཞེས་ཟློས་ཟློས་པ་ཡིན། རང་གི་མའི་སྐྱེ་ཡུལ་བྲག་གཡབ་ཡིན་པས་བྲག་གཡབ་རི་མདའ་ལ་ལྡན་མ་བྲག་རྩ་ཟེར་བ་མིང་ཡང་མ་གྲགས་བཙལ་ཀྱང་མ་རྙེད་དོ། །བྲག་གཡབ་བྱམས་མདུན་ནི་ས་ལྒང་གི་འཕྲེད་ཐིག30དང་གཞུང་ཐིག98སྟེང་གནས་ཡོད་པས་ལྡན་མ་དང་ལེ་བར་སྟོང་གིས་ཆོད་ཡོད་པ་མཁྱེན་པར་མཛོད་ཅིག སྤྱིར་ཡུལ་དང་ས་མིང་ཤེས་པར་བྱ་བ་ལ་མཁས་པ་མི་གཙོ་རྒྱུས་ཡོད་གཙོ་ཟེར་བ་དེ་ཤིན་ཏུ་བདེན་པར་སྣང་། དགེ་ཆོས་ཀྱིས་འགོས་ལོ་གཞོན་ནུ་དཔལ་གྱིས་ཨན་ཆུང་དང་དན་ཏིག་གཉིས་གཅིག་ཏུ་བརྩིས་པ་ལ་ཐུགས་ཁག་མེད་ཚུལ་གསུངས་པ་ལྟར་ཡིན་སྙམ་མོ། །གོང་དུ“ལྡན་སྟོད་བྲག་རྩ་སྐྱུ་རས་བཟུང”ཟེར་བ་བོད་མིའུ་གདུང་དྲུག་གི་ཡ་གྱལ་ཨ་ལྕགས་འབྲུ་ཞེས་བྱ་བ་ལས། “འབྲུ་སྟག་རྒོད་བྱ་བ་འཛམ་གླིང་དུ་ཕྱུག་པ་ཞིག་བྱུང་བ་ལ་བུ་བདུན་ཡོད་པས་ཕ་ལ་གོས་ཁྱད་འཕགས་སྒྲོན་རྒྱུའི་སྲམ་གྱི་ཕྱིང་པ་གླིངས་ནས་སྦྲ་ཐོག་ཏུ་བཞག་པ་རླུང་གིས་ཁྱེར་ནས་མཚོ་ནང་དུ་ལྷུང་བ་བུ་བདུན་གཅིག་ལ་གཅིག་འཆང་། ཕྱི་མས་མཛོའི་སྣ་ཐག་ལ་འཇུས་པས་མཛོ་སྣ་བོལ་ཏེ་བུ་བདུན་མཚོར་བྱིངས་པས་འབྲུ་མི་རབས་ཆད་ཁར་མཛོ་སྣ་བོལ་ཞེས་པ་བྱུང་། འབྲུ་སྟག་རྒན་པོར་གྱུར་ན་ཡང་། སླར་རོང་བཟའ་བླངས་པས་བུ་གསུམ་བྱུང་བའི་མིང་འབྲུ་དཀར་ནག་ཁྲ་གསུམ་ཞེས། དེ་ཡང་འབྲུ་མི་རབས་ཆད་ཁར་མུན་པར་ཉལ་བའི་བུ་ཉི་མ་ནག་པོ། རེས་མིས་མཐོང་རེས་སྦས་སྐབས་སུ་བུ་ཉི་མ་ཁྲ་བོ། དངོས་སུ་ཉི་མར་བསྡད་པས་བུ་ཉི་མ་དཀར་པོ་ཞེས་གྲགས། འབྲུ་ཉི་མ་དཀར་པོ་ལ་དཔའ་སོ་གད། མ་གད། ཡ་གད་བྱ་བའི་སྲས་གསུམ་བྱུང་བའི་ཆེ་བ་སོ་གད་རང་ལོ་ཉི་ཤུ་ལོན་པའི་དུས་ཤར་རྨ་ཆེན་སྦོམ་རའི་མགུལ་དུ་ཕྱིན་པ་ན། ཁྲུས་ཀྱི་རྫིང་བུའི་འགྲམ་དུ་ནམ་མཁའ་ནས་བྱ་རྒོད་མང་པོ་འཕུར་བྱུང་བར། བླུབས་བུ་ཕུད་དེ་ལྷའི་བུ་མོ་གཟུགས་བྱད་ཕུན་སུམ་ཚོགས་པ་བྱས་ཏེ་ཁྲུས་བྱས་ནས་སླར་སྔར་གྱི་བླུབས་བུ་སོ་སོར་ཞུགས་ཏེ་འཕུར་སོང་བ་ལས། སོ་གད་ཀྱིས་བླུབས་བུ་གཅིག་བཟུང་བས་ལྷའི་བུ་མོ་གཟུགས་བྱད་ཅན་གཅིག་ལུས་བྱུང་བ་ལ། ཐབས་ཤེས་ཀྱི་སྦྱོར་བ་མཛད་ནས་བླུབས་བུ་གཏད་པ་ན། ལྷའི་བུ་མོ་དེ་བླུབས་བུར་ཞུགས་ཏེ་ཅུང་ཟད་ནམ་མཁའ་ལ་འཕགས་ནས། དེ་རིང་ནས་བཟུང་ཟླ་བ་དགུ་འདས་པའི་ངོ་བཅུའི་ཚེས་ལ་གནས་འདིར་བུ་ལེན་དུ་ཤོག་ཟེར་ནས་འཕུར་སོང་ངོ་། །དེར་སོ་གད་ཀྱིས་ཟླ་གྲངས་བཟུང་ནས་ཚེས་བཅོ་ལྔར་བྱོན་པ་ན། ནམ་མཁའ་འཇའ་འོད་ཀྱིས་གང་ཞིང་མེ་ཏོག་གི་ཆར་དང་། རོལ་མོའི་སྒྲ་སྣ་ཚོགས་དང་བཅས་ཏེ་ལྷའི་བུ་དང་བུ་མོ་དཔག་ཏུ་མེད་པས་ནམ་མཁའ་གང་ཞིང་། ཐོག་མར་བྱ་སྤུ་བཏགས་ཀྱི་བླ་བྲེས་འཕང་ནས་བཟེད་ཅིག་ཅེས་པའི་སྒྲ་དང་། དེ་བཞིན་དུ་གཡུ་འབྲུག་སྔོན་མོའི་ཟེ་བ། སེང་གེ་དཀར་མོའི་གཡུ་རལ།རྒིའུ་དཀར་མོའི་པགས་པ་རྣམས་འཕང་ནས་འདི་སྟན་དུ་ཐིངས་ཤིག ཁྱོད་ཀྱི་རྒྱུད་པའི་ནོར་ཆེན་ཡིན་ནོ། །ཞེས་དང་། ཁྱོད་རང་གི་བུ་སོང་ཡོད། མ་འོངས་པ་ན་འདིའི་རིགས་རྒྱུད་ཀྱིས་སེམས་ཅན་མང་པོའི་དོན་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན་དང་བཅས་ཏེ་ལྷའི་བུ་ལྷ་རྫས་དུ་མས་བརྒྱན་པ་ཞིག་ནམ་མཁའ་ནས་བསྐྱུར་བྱུང་བ་ལ། རྒྱལ་ཆེན་བཞིས་བཟེད་གྲོགས་བྱས་པ་ན་སོ་གད་ཤེད་ཆུང་བས་བླ་བྲེས་ཀྱི་སྣེ་ཤོར་ནས་ལྷའི་བུ་ས་ལ་ལྷུང་སྟེ་མཐེའུ་ཆུང་ཆད་པས་སྐྱུ་ར་སོར་དགུ་པ་སྟག་པོ་ཆེ་གནམ་སྦྱིན་དཀར་པོ་ཞེས་གྲགས།”[5] དེ་ཉིད་ཀྱི་ཡར་བཟང་འབྲོམ་གསུམ་འདས་པ་ན་ལྡན་གྱི་ཡུལ་གྲོང་ཁྱེར་ཅོ་དུ་ན་སྐྱུ་རའི་རིགས་ལས་ཨ་ཕྱི་ཆོས་ཀྱི་སྒྲོལ་མ་ཞེས་འཇིག་རྟེན་ལས་འདས་པའི་མི་མོ་བྱོན་ནས་དེའི་ཚ་རྒྱུད་སྐྱོབ་པ་འཇིག་རྟེན་མགོན་པོ་བྱུང་ཚུལ་ཡོངས་གྲགས་ལགས་ཤིང་། གླིང་རྗེ་གེ་སར་གྱི་བློན་ཆེན་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་ཅན་རིགས་རུས་འབྲུ་ལ་ཆོ་འབྲང་སྒ་ཡི་རིགས་སུ་གཏོགས་པ་ཡིན། ད་ལྟ་འབྲི་ཆུ་ནུབ་རྒྱུད་ལྡན་ཁོག་ཏུ་འབྲུ་ཚེ་བྷྲུྃ་དགོན་ཞེས་རྙིང་མའི་དགོན་པ་དེ་འབྲུ་སྒ་སྡེའི་གདན་ས་ཡིན་པར་ཡིད་ཆེས་བྱེད་པ་ལགས་སོ། །
        བོད་རྒྱལ་མུ་ཏིག་བཙན་པོའམ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་མཇིང་ཡོན་གྱི་སྐབས་སུ་དགེ་སློང་ནམ་མཁའི་སྙིང་པོའི(747-818)སློབ་བུ་དགེ་སློང་ཡེ་ཤེས་དབྱངས(758-838)ཀྱིས་ལྡན་ཡུལ་འབུས་ཁོག་གི་རྣམ་སྣང་གི་རྡོ་སྐུ་བཞེངས་ནས་ལོ་ཧྲིལ་པོ་ཆིག་སྟོང་ཉིས་བརྒྱ་སོང་བའི་རབ་རྒྱན་མེ་ཁྱི་སྤྱི་ལོ2006དཔྱིད་ཟླ་ཐ་མའི་དཀར་ཕྱོགས་རྫོགས་པ་གསུམ་པའི་ཉིན་སྦྱར་ཞིང་ཤིང་ལུག་2015ལོའི་ཆོ་འཕྲུལ་ཟླ་བར་ཁ་སྣོན་ཕྲན་བུ་བཅས་སྦྱར་བ་དགེ་ལེགས་འཕེལ།
        ཟུར་བལྟའི་དཔྱད་གཞི།
        [1]རྒྱལ་རབས་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་།122
        [2]རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 371
        [3]ལྡན་མ་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་བསྒྲིགས། ཁམས་སྟོད་ལོ་རྒྱུས་ཐོར་བསྡུས་ཀྱི་སྟོད་ཆ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།1995:15.
        [4]རག་རའི་ཆོས་འབྱུང་། གངས་ཅན་རིག་མཛོད། དེབ་དགུ་པ།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།377.
        [5]འབྲི་གུང་བསྟན་འཛིན་པདྨའི་རྒྱལ་མཚན། འབྲི་གུང་གདན་རབས་གསེར་ཕྲེང་། གངས་ཅན་རིག་མཛོད། དེབ་བརྒྱད་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 64 .
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1