བརྒྱད་ཟིལ་རྫོང་གིས་གཡག་ཐུག360ཛམ་ཐང་རྫོང་དུ་བཙོངས་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-28



     བརྒྱད་ཟིལ་གྱི་རྒྱུད་པ་བཟང་པོའི་གནག་ཕྱུགས་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་གཏོང་ཆེད། བརྒྱད་ཟིལ་རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཁོངས་གཏོགས་ཀྱི་འབྲོག་ར་དང་ས་ཚུགས་སུ་བརྒྱད་ཟིལ་གྱི་གནག་ཕྱུགས་རྒྱལ་ཁབ་རིམ་པའི་རྒྱུད་བཟང་སྲུང་སྐྱོང་བྱེད་སའི་རྟེན་གཞི་འཛུགས་གཉེར་བྱས་པར་བརྟེན། བརྒྱད་ཟིལ་གྱི་གནག་ཕྱུགས་རྒྱུད་བཟང་གསོ་སྤེལ་བྱེད་ས་ཡིས་ཐོན་ཡུལ་ནས་གནག་ཕྱུགས་ཉོ་སྒྲུབ་བྱེད་པའི་གོ་རིམ་བསྒྲུབས་ཏེ། ཛམ་ཐང་རྫོང་ཚན་རིག་ལག་རྩལ་དང་ཞིང་ལས་ཕྱུགས་འབྲོག་ཅུས་ཀྱིས་བརྒྱད་ཟིལ་རྫོང་གི་གཡག་ཐུག་མཁོ་སྤྲོད་བྱེད་མཁན་དུ་བདམས་ནས། དབྱར་གཉིས་དབྱར་གསུམ་ལ་ལོན་པའི་བརྒྱད་ཟིལ་རྫོང་གི་ས་གནས་ཀྱི་རིམ་པ་དང་པོ་དང་དེའི་ཡན་ཆད་ཀྱི་ཚད་གཞི་ལོན་པའི་ཕོ་ཕྱུགས360བདམས་ཉོ་བྱས་པ་རེད།

    བརྒྱད་ཟིལ་གྱི་རྒྱུད་བཟང་གནག་ཕྱུགས་གསོ་སྤེལ་བྱེད་ར་དང་རྫོང་ཕྱུགས་འབྲོག་ས་ཚུགས། རྫོང་ཁྲིམས་འཛིན་ཁང་། རྫོང་སྲོག་ཆགས་རིམས་ནད་ཚོད་འཛིན་ལྟེ་གནས། ཡུལ་ཤོག་དང་གྲོང་རྡལ་གྱི་ཕྱུགས་ནད་སྨན་བཅོས་ས་ཚུགས། གནག་ཕྱུགས་གསོ་སྤེལ་མཉམ་ལས་ཁང་དང་གསོ་སྤེལ་དུད་ཚང་བཅས་ཀྱི་རམ་འདེགས་ཟབ་མོ་བྱས་པར་བརྒྱུད། དུས་ཡུན་ཟླ་བ2ལྷག་གི་རིང་ལ་བརྒྱད་ཟིལ་རྫོང་གི་གཡག་ཐུག360ཐོག་མའི་བདམས་གསེས་དང་། རིམས་འགོག་སྨན་ཁབ་བརྒྱབ་པ། ཁྲག་འདོན་པ་སོགས་ཀྱི་ལས་ཀ་ལེགས་འགྲུབ་བྱུང་ནས། སྤྱི་ཟླ6པའི་ཟླ་དཀྱིལ་ནས་ཚད་གཞིའི་ཐོག་ལོན་པའི་གཡག་ཐུག་སྐྱེལ་འདྲེན་བྱེད་པའི་ལས་ཀ་སྒྲུབ་མགོ་བཙུགས་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་གཡག་ཐུག་བདམས་ས་ནི་ཝན་པ་དང་། ཧོ་པ། ཐང་མགོ དཀར། ན་ཆུང་བཅས་ཡུལ་ཤོག་དང་གྲོང་རྡལ5ཡི་གནག་ཕྱུགས་གསོ་སྤེལ་མཉམ་ལས་ཁང་དང་གསོ་སྤེལ་དུད་ཚང་དང་འབྲེལ་བ་རེད། བརྒྱད་ཟིལ་རྫོང་གི་གནག་ཐུག་བྲིན་འཚོང་བྱས་པར་བརྒྱུད། བརྒྱད་ཟིལ་རྫོང་གི་གནག་ཕྱུགས་ཀྱི་ཁྱུ་ཚོགས་གསོ་སྤེལ་བྱེད་པའི་ཆགས་ཚུལ་སྙོམས་སྒྲིག་ནུས་ལྡན་བྱས་ཏེ་རྩྭ་ཐང་གི་གནོན་ཤུགས་ཇེ་ཡང་དུ་བཏང་ནས། གནག་ཕྱུགས་རེར་ཡོང་འབབ་སྒོར2500ཡན་ལ་སླེབས་ནས་སྤྱི་ཚོགས་དང་སྐྱེ་ཁམས། དཔལ་འབྱོར་བཅས་ཀྱི་ཕན་འབྲས་མངོན་གསལ་ཐོབ་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1