རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་བའི་རིག་གནས་ཞབས་ཞུའི་འགན་སྲུང་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་བྱེད་མགོ་བརྩམས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 08-31


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་བའི་རིག་གནས་ཞབས་ཞུའི་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། བཅའ་ཁྲིམས་ལག་བསྟར་ཁྲོད་གནས་པའི་གནད་དོན་གཙོ་བོ་ཐག་གཅོད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་བའི་རིག་གནས་ཞབས་ཞུའི་འགན་སྲུང་བྱ་བར་ཤུགས་སྣོན་བྱེད་ཆེད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་བའི་རིག་གནས་ཞབས་ཞུའི་འགན་སྲུང་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་བྱེད་མགོ་བརྩམས། 
        གསར་འགོད་པས་ཚེས་ཉེར་བརྒྱད་ཉིན་པེ་ཅིང་ནས་བསྡུས་པའི་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་བཤེར་ཚན་ཆུང་གིས་ཟླ་དགུ་བ་ནས་ཟླ་བཅུ་གཅིག་པའི་ཟླ་སྟོད་བར་སོ་སོར་ཧི་པེ་དང་། ཧྲན་ཞི། ནང་སོག ཨན་ཧོས། ཧི་ནན། མཚོ་སྔོན་བཅས་ཞིང་ཆེན་དང་རང་སྐྱོང་ཁུལ་དྲུག་ཏུ་སོང་ཞིབ་བཤེར་བྱེད་རྒྱུ་ཡིན་པ་དང་། ཞོར་དུ་ཅི་ལིན་དང་ཧྲང་ཧེ། ཀྲེ་ཅང་། ཧེ་ནན། ཀན་སུའུ་བཅས་ཞིང་ཆེན་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལྔར་ངག་བཅོལ་བྱས་ཏེ། སྲིད་འཛིན་ས་ཁོངས་རང་གི་སྤྱི་བའི་རིག་གནས་ཞབས་ཞུའི་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་དུ་འཇུག་རྒྱུ་རེད། 
        བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་ཚན་ཆུང་གིས་གཙོ་བོ་སྲིད་གཞུང་གི་འགན་སྲུང་འགན་འཁྲི་དངོས་འབེབ་བྱེད་པ་དང་། མཁར་གྲོང་གི་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། མཁར་གྲོང་རིག་གནས་ཐོན་ཁུངས་ཀྱི་བཀོད་སྒྲིག་ལེགས་བསྒྱུར་བྱེད་པ་སོགས་གནས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1