མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་མཐིལ་རྟོགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-01


   “ད་རེས་ཀྱི་བརྟག་དཔྱད་ནི་མཚོ་སྔོན་པོའི་ལོ་རྒྱུས་ཐོག་རྒྱུད་རིམ་ལྡན་པའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་ཆེད་བྱས་པའི་ལས་དོན་ཞིག་རེད་། དེ་ནི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དུས་མཇུག་ཏུ་ལག་བསྟར་དང་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་ཆེས་རྨང་གཞི་ཡིན་ལ། ཆེས་གལ་ཆེ་བའི་བྱ་སྤྱོད་ཞིག་ཀྱང་ཡིན།” ཚེས་29ཉིན་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་དང་བེད་སྤྱོད་དོ་དམ་ཅུས་ཀྱི་ཡུལ་སྐོར་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲེན་ཏེ་ཧུའེ་ཡིས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རང་བྱུང་ཐོན་ཁུངས་དང་སྤྱི་ཚོགས་དཔལ་འབྱོར་གྱི་རྩ་བའི་གནས་ཚུལ་ལ་བརྟག་དཔྱད་བྱས་པའི་ནང་དེ་ལྟར་བཤད།
   ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བརྟག་དཔྱད་ནི་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་དང་བེད་སྤྱོད་དོ་དམ་ཅུས་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནུབ་བྱང་བརྟག་ཞིབ་འཆར་འགོད་ཇུས་འགོད་ཁང་གིས་ཐུན་མོང་ཐོག་སྒྲིག་འཛུགས་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། དེ་ནི་ཕྱོགས་གཉིས་པོས་ཐུན་མོང་ཐོག་མཉམ་ལས་བྱེད་པའི་རྣམ་གྲངས་དང་པོ་དེ་ཡིན་པ་དང་།  ཕྱོགས་གཉིས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད།
   འདི་ནི་ཟླ་7པའི་ཚེས་10ཉིན་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རང་བྱུང་ཐོན་ཁུངས་དང་སྤྱི་ཚོགས་དཔལ་འབྱོར་གྱི་གཞི་རྩའི་བརྟག་དཔྱད་དངོས་སུ་མགོ་བརྩམས་རྗེས། བརྟག་དཔྱད་ཚོགས་ཆུང་གི་ལས་དོན་མི་སྣ་ཚོས་བསྟུད་མར་འབད་འཐབ་བྱས་པའི་ཉིན་49པ་དེ་རེད། ད་ཐེངས་ཀྱི་ཐོག་མའི་བརྟག་དཔྱད་ནི་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རང་བྱུང་ཐོན་ཁུངས་དང་སྤྱི་ཚོགས་དཔལ་འབྱོར་གྱི་ཐོག་མའི་བརྟག་དཔྱད་བྱེད་ཐེངས་དང་པོ་དེ་རེད། བརྟག་དཔྱད་ནང་དོན་ནང་རང་བྱུང་གི་སྐྱེ་ཁམས་ཁོར་ཡུག་དང་། རང་བྱུང་གི་སྣོད་བཅུད་མ་ལག  སྐྱེ་དངོས་སྣ་མང་རང་བཞིན། རང་བྱུང་ཐོན་ཁུངས་གཙོ་བོ། སྤྱི་ཚོགས་དཔལ་འབྱོར་སོགས་ཀྱི་ནང་དོན་ཚུད་ཡོད།
    “ད་ཐེངས་ཀྱི་བརྟག་དཔྱད་ནང་ང་ཚོའི་བློ་མཐུན་60ལས་དོན་དེའི་ནང་ཞུགས་ཡོད། འཐབ་ཕྱོགས་དང་པོར་ང་ཚོས་ཚོགས་ཆུང་4བཏང་ཡོད། ཐེམ་ཆེན་ཚོགས་ཆུང་དང་། ཧའེ་ཡན་ཚོགས་ཆུང་། རྐང་ཚ་ཚོགས་ཆུང་། གུང་ཧོ་ཚོགས་ཆུང་བཅས་རེད་། བློ་མཐུན་28ཀྱིས་འཐབ་ས་དང་པོའི་ནགས་ས་དང་ད་ཡོད་ས་ཆ་ཞིབ་དཔྱད་བྱེད་བཞིན་ཡོད། ད་དུང་རྩྭ་ཐང་ཐོན་ཁུངས་ཀྱི་བརྟག་དཔྱད་ཡོད་།” རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ནུབ་བྱང་བརྟག་ཞིབ་འཆར་འགོད་ཇུས་འགོད་ཁང་གི་ཁྲུའུ་ཀྲང་གཞོན་པ་ཝང་ཚུའེ་ཕིང་གིས་ངོ་སྤྲོད་བྱས་ནས་བརྗོད་པར་གཞིགས་ན། “གཞན་ཡང་ད་དུང་སྡེ་ཚན་ཁག་གཅིག་གི་དཔྱད་ཡིག་འཚོལ་བསྡུ་དང་། བསྡོམས་རྩིས་དཔྱད་ཡིག་དང་།  མི་འབོར། སྤྱི་ཚོགས་དཔལ་འབྱོར་བཅས་ཐད་ཀྱི་སྤྱི་ཚོགས་དཔྱད་ཡིག་འཚོལ་བསྡུ་བྱ་རྒྱུ་ཚུད་ཡོད། ”
   དུས་མཚུངས། ད་ཐེངས་ཀྱི་བརྟག་དཔྱད་ཁྲོད་ས་གནས་ས་ཐོག་ཏུ་དུས་མཚམས་བསྐྱར་བཤེར་རིགས་ཀྱི་སའི་འགལ་བ་དང་མཛེས་ལྗོངས་ཐོན་ཁུངས་ཀྱི་ས་དུམ་474ལ་བརྟག་ཞིབ་བྱས་པ་དང་་།  ཤང་དང་གྲོང་རྡལ་19ལ་གཏོགས་པའི་གྲོང་ཚོ(སྡེ་ཁུལ)93དང་དེ་བཞིན་ཞིང་འབྲོག་དུད་ཚང་420ལྷག་ཙམ་ལ་འདྲི་རྩད་བྱས་པས་ལས་ཀའི་སྙན་ཞུ་5ལེགས་གྲུབ་བྱུང་། ད་ལྟ་རྨང་གཞིའི་གཞི་གྲངས་འཚོལ་བསྡུ་དང་ཕྱི་ཕྱོགས་ལས་རིགས་ཀྱི་བརྟག་དཔྱད་ལས་དོན་འགྲུབ་ཟིན་ཡོད་པས་གྲངས་གཞི་ལེགས་སྒྲིག་དང་དཔྱད་ཡིག་ཁ་གསབ་བྱེད་པའི་དུས་མཚམས་སུ་སླེབས་ཉེར་ཡོད་པས་བརྟག་དཔྱད་ལས་དོན་ཚང་མ་སྔོན་དཔག་བྱས་ན་ད་ལོའི་ཟླ་9པའི་ཟླ་མཇུག་ཏུ་ལེགས་གྲུབ་ཟིན་རྒྱུ་རེད།

   “མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བཙུགས་པ་དེས་སླད་ཕྱིན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད། ད་ཐེངས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བཙུགས་པ་བརྒྱུད་། རྒྱལ་ཁབ་ཀྱིས་མཚོ་སྐོར་མང་ཚོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁོང་ཚོ་ཁོར་ཡུག་སྲུང་སྐྱོང་ཁྲོད་ཧུར་ཐག་ཞུགས་སུ་འཇུག་དགོས། ”ཞེས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱི་བྱེ་གླིང་ཡན་ལག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཞུའེ་ཅུན་གྱིས་བཤད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1