༄༅།།ཡི་མུག་པའི་ནད་ཀྱི་ནད་རྟགས་དང་དེ་སྔོན་འགོག་བྱེད་ཐབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-01


  སྐྱེས་པ་ལས་བུད་མེད་ལ་འབྱུང་ཚད་མཐོ་བ།
        ཡི་མུག་པའི་ནད་ལ་ཆ་རྒྱུས་མེད་པའི་མི་མང་པོ་ཞིག་གིས་རྒྱུན་དུ“ཡི་མུག་པའི་ནད་ཅེས་པ་དེ་ཅི་ཞིག་རེད། མི་སུ་དང་སུ་ཞིག་ཡིན་རུང་སེམས་མི་སྐྱིད་པའི་དུས་ཡོད་ངེས་པས།དེ་ལ་ཡ་མཚན་དགོས་དོན་ཅི་ཞིག་ཡོད”ཅེས་པའམ།ཡང་ན“ཡི་མུག་པའི་ནད་ནི་དེང་རབས་ཀྱི་མི་རྣམས་ཁོམ་སོང་བའི་དབང་གིས་བྱུང་བ་རེད། སེམས་མི་སྐྱིད་ན་གཉིད་ལོག་པའམ་ཡང་ན་ཟ་མ་ཞིམ་པོ་ཞིག་ཟོས་པས་ཆོག་ལ། སྨན་ཁང་དུ་འགྲོ་དགོས་དོན་ཅི་ཞིག་ཡོད”ཅེས་པ་ལ་སོགས་པའི་སྐད་ཆ་བཤད་པ་རེད།
དོན་དངོས་སུ་སྐད་ཆ་དེ་དག་ནི་ཡི་མུག་པའི་ནད་ལ་ཆ་རྒྱུས་མེད་པའི་རྟགས་ཤིག་ཡིན་ཏེ། ཡི་མུག་པའི་ནད་ཀྱི་ནད་རྟགས་གཙོ་བོ་ནི་དུས་ཡུན་རིང་པོར་སེམས་ཁམས་སྐྱིད་པོ་མི་ཡོང་བ་དེ་ཡིན་ལ། སེམས་ཁམས་སྐྱིད་པོ་མ་ཡོང་བར་ཡུན་རིང་འགོར་ན་འཚོ་བར་རེ་ཐག་ཆད་དེ་འཚོ་འདོད་མེད་པའི་སྣང་ཚུལ་འབྱུང་སྲིད།
        དེང་སྐབས་ཀྱི་འཚོ་བར་གནོན་ཤུགས་ཆེ་ཞིང་གོམ་འགྲོས་མགྱོགས་པའི་དབང་གིས་སེམས་ཁམས་བདེ་ཐང་གི་གནད་དོན་ཉིན་རེ་བཞིན་ཛ་དྲག་ཡིན་ལ།མི་མང་པོ་ཞིག་ལ་ཡི་མུག་པའི་ནད་ཀྱི་ནད་རྟགས་ལྡན་ནའང་རང་ཉིད་ལ་ཡི་མུག་པའི་ནད་བྱུང་ཡོད་པ་ཤེས་ཀྱིན་མེད་པར་མ་ཟད་དེ་ལ་དོ་སྣང་ཀྱང་བྱེད་ཀྱིན་མེད།
        རྒྱུས་ལོན་པ་ལྟར་ན། ཡི་མུག་པའི་ནད་ནི་སྐྱེས་པ་ལས་བུད་མེད་ལ་འབྱུང་ཚད་མཐོ་ཞིང་། བུད་མེད་ནད་པས་རང་ཉིད་ཉེ་འགྲམ་གྱི་གྲོགས་པོ་དང་གཉེན་ཉེ་སོགས་བརྒྱུད་དེ་རང་འགུལ་གྱིས་གསོ་བཅོས་བྱེད་ཐབས་འཚོལ་བའི་ཚད་ཀྱང་སྐྱེས་པ་ལས་མཐོ་བ་རེད།


 ལོ་ཚོད་མི་འདྲ་བའི་ནད་པར་ནད་རྟགས་མི་འདྲ་བ་མངོན་པ།
        ཡི་མུག་པའི་ནད་ནི་ལོ་ཚོད་གང་གི་མི་ལའང་འབྱུང་ཞིང་། ལོ་ཚོད་མི་འདྲ་བར་ནད་རྟགས་ལའང་མི་འདྲ་བ་སྣ་ཚོགས་ཡོད།
        ན་གཞོན་ནད་པ་མང་པོ་ཞིག་གིས་ཁྱིམ་མི་ལ་ཁ་བརྡ་མི་བྱེད་པ་དང་རང་དམན་གྱི་བསམ་བློ་ཡོད་པར་མ་ཟད། ད་རུང་རང་རྨས་བྱེད་པ་སོགས་ཚད་ལས་བརྒལ་བའི་སྤྱོད་པའང་བསྟེན། དར་མའི་ནད་པར་རྒྱུན་དུ་སེམས་མི་སྐྱིད་པ་དང་། བྱ་བའི་ནུས་པ་ཇེ་ཞན་དུ་འགྲོ་བ། སྤྲོ་སེམས་མེད་པ་བཅས་ཀྱི་ཁར། ད་རུང་རྒྱུན་དུ་གཉིད་མི་ཁུགས་པའི་ནད་རྟགས་ལྡན། ནད་པ་རྒན་པར་སེམས་ཁམས་མི་སྐྱིད་པ་འབྱུང་མོད། འོན་ཀྱང་སྐད་ཆའི་ལམ་ནས་བརྗོད་ཐབས་བྲལ་བའི་ཚོར་སྣང་བྱུང་བ་དང་བསྟུན་ནས། ལུས་ཕུང་མི་བདེ་བའི་སྣང་ཚུལ་འབྱུང་བ་རེད།

        ཡི་མུག་པའི་ནད་བྱུང་ཡོད་མཁན་གྱིས་རྒྱུན་དུ་བཤད་པའི་སྐད་ཆ།
        མི་མང་པོ་ཞིག་གིས་རང་ཉིད་ལ་ཡི་མུག་པའི་ནད་བྱུང་ཡོད་པ་ཤེས་ཀྱིན་མེད་མོད། འོན་ཀྱང་ཡི་མུག་ནད་པར་ཁ་བརྡ་བྱེད་སྐབས་རྒྱུན་དུ་གཤམ་གྱི་སྐད་ཆ་འདི་དག་ངག་ནས་ཐོན་ན་ཡི་མུག་ནད་བྱུང་ཡོད་མེད་ལ་བརྟག་དགོས།

སྙིང་བོ་མི་འདུག 
        ཡི་མུག་པའི་ནད་བྱུང་ཡོད་པའི་ནད་པའི་ལུས་སྟེང་དུ་དོ་ཕ་ཨེན(多巴胺)དཀོན་པའི་དབང་གིས་དབང་རྩར་ངར་ལངས་མི་ཐུབ་པས། བྱ་བ་ཅི་ཞིག་བསྒྲུབ་རུང་དོན་སྙིང་མི་འདུག་པའི་ཚོར་སྣང་འབྱུང་བ་དང་། ནད་པ་ལྗིད་མོ་རྣམས་ལ་རྒྱུན་དུ་རང་ཉིད་བཙོན་ཁང་དུ་བསྡད་ཡོད་པ་ལྟ་བུའི་སྡུག་བསྔལ་འབྱུང་སྲིད།

ཚང་མ་ང་ལན་པ་རེད།
        ཡི་མུག་པའི་ནད་པ་ནི་རང་ཉིད་ལ་ཡིད་ཆེས་གང་ཡང་མེད་པ་དང་། ནོར་འཁྲུལ་ཞིག་བྱུང་རྗེས་དེ་རང་ཉིད་ཀྱི་བཟོས་པ་མིན་ནའང་ནོར་འཁྲུལ་ཡོད་ཚད་རང་ཉིད་ཀྱི་ཕྲག་ཏུ་ལེན་ངེས་པས། མིའི་བར་གྱི་འབྲེལ་བ་དང་སློབ་སྦྱོང་གི་ནུས་པ་ཧ་ཅང་ཞན།

ང་ནི་ངོ་མ་ནུས་མེད་ཅིག་རེད།
        གནོན་ཤུགས་ཆེ་བ་དང་ནང་སྒོས་སུ་དཀའ་ཁག་ཆེ་བའི་དོན་དག་ཅིག་དང་འཕྲད་ཅིང་། རང་ཉིད་ལ་དོན་དག་དེ་ཐག་གཅོད་བྱེད་པའི་ནུས་པ་མེད་པའི་སྐབས་སུ། རང་ཉིད་ནུས་མེད་ཡིན་པར་འཁང་ར་བྱེད་པ་དང་། དེ་ལྟར་དུས་ཡུན་རིང་ན་ཡི་མུག་པའི་ནད་འབྱུང་བ་རེད།

4སུན་ནས་ཤི་ཐལ།
        བྱ་བ་ཅི་ཞིག་ལའང་སྤྲོ་བ་མེད་པའི་དབང་གིས་རྒྱུན་དུ་སུན་སྣང་གིས་ཁེངས་ཡོད་པར་མ་ཟད། གཞན་པ་དང་ཁ་བརྡ་བྱེད་པའི་སྐབས་སུའང་རྒྱུན་དུ་སུན་སྣང་སྐྱེས་པའི་ཚུལ་སྟོན་པ་རེད།

འདི་ལྟར་གསོན་པ་ལས་ཤི་ན་དགའ།
        རྒྱུ་རྐྱེན་མི་གསལ་བའི་སྡུག་བསྔལ་མང་པོ་འདོར་ཐབས་མེད་པ་དང་། ཡི་མུག་པའི་སེམས་ཁམས་བྱུང་སྟེ་ཚད་ངེས་ཅན་ཞིག་ལ་ཐོན་རྗེས་ནད་པ་མང་པོ་ཞིག་གིས་རང་སྲོག་གཅོད་པ་རེད།

 སྔ་མོ་ནས་ཤེས་ཏེ་གསོ་བཅོས་བྱས་ན་དྲག་སྐྱེད་འབྱུང་ཐུབ།
མི་མང་པོ་ཞིག་ཡི་མུག་པའི་ནད་ལ་སྐྲག་སྣང་སྐྱེས་པ་དང་། ཡི་མུག་པའི་ནད་བྱུང་རྗེས་རང་སྲོག་གཅོད་ངེས་པར་འདོད་ཀྱིན་ཡོད། “དོན་དངོས་སུ་དེ་ནི་ཡི་མུག་པའི་ནད་ལ་གོ་ནོར་ཐེབས་པ་རེད”ཅེས་ཀྲུའུ་རེན་ཁྲེན་ཡན་མའེ་ཡིས་དེ་ལྟར་བཤད་པ་དང་། ཡི་མུག་པའི་ནད་ནི་རྒྱུན་མཐོང་གི་སེམས་ཁམས་ནད་རིགས་ཤིག་ཡིན་པས། སེམས་ཁམས་ཀྱི་སྟེང་དུ“ཆམ་པ་ཕོག་པ”དང་ཀུན་ནས་མཚུངས། ནད་རིགས་གང་ཞིག་ཡིན་རུང་དེ་འབྱུང་བར་གོ་རིམ་ངེས་ཅན་ཞིག་དགོས་པས། སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་གསོ་བཅོས་བྱས་ན།80%ཡི་ནད་པ་དྲག་སྐྱེད་འབྱུང་ཐུབ་ལ། 20%ཡི་ནད་པ་དལ་གྱིས་གསོ་བཅོས་བྱེད་དགོས་མོད། འོན་ཀྱང་ནད་པས་དེ་ལ་མཐོང་ཆེན་དང་གསོ་བཅོས་ལ་མཉམ་འབྲེལ་བྱེད་དགོས།


  ཡི་མུག་པའི་སེམས་ཁམས་དང་འབྲལ་བའི་ཐབས་ལམ།

        མི་སུ་དང་སུ་ཞིག་ཡིན་རུང་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་དཀའ་ཁག་དང་རྡུང་རྡེག གནོན་ཤུགས་བཅས་དང་འཕྲད་སྲིད་པས། སེམས་ཁོང་གི་སྡུག་བསྔལ་དུས་ཐོག་ཏུ་འདོར་ཤེས་དགོས། དཔེར་ན་ལུས་སྦྱོང་བྱེད་པ་དང་ཞབས་བྲོ་འཁྲབ་པ། གླུ་དབྱངས་ལ་ཉན་པ་སོགས་ཡི་མུག་པའི་སེམས་ཁམས་འདོར་བའི་ཐབས་ལམ་ཡང་དག་འཚོལ་དགོས། གལ་ཏེ་རང་ཉིད་ཀྱིས་སེམས་ཁམས་ལེགས་སྒྲིག་བྱེད་མི་ཐུབ་ན། ཁྱིམ་མི་དང་གྲོགས་པོ་སོགས་ལ་བཤད་པ་དང་། ཡང་ན་ཆེད་ལས་ཀྱི་སེམས་ཁམས་བློ་འདྲི་འཚོལ་དགོས།
        དཀའ་ཁག་དང་འཕྲད་སྐབས་མི་གཞན་ལ་རོགས་སྐྱོར་ཡོང་རོགས་ཞུ་བ་ལས་རང་ཉིད་གཅིག་པུས་ཡོད་ཚད་འགན་དུ་ལེན་མི་རུང་ལ། འགན་དུ་ལེན་ཐག་རིང་ན་སེམས་ཁམས་སྟེང་ངེས་པར་དུ་གནད་དོན་འབྱུང་ངེས་པས། སེམས་ཁམས་སྟེང་གི་གནད་དོན་ཡོད་ཚད་ནི་དུས་ཡུན་རིང་པོར་གསོག་འཇོག་བྱས་པ་ལས་བྱུང་བ་རེད།


1ལུས་སྦྱོང་བྱེད་པ།
        ལུས་སྦྱོང་བྱས་ན་ལུས་སྟེང་གི་དོ་ཕ་ཨེན་ཇེ་མང་དུ་འགྲོ་བས། སེམས་ཁམས་ཇེ་སྐྱིད་དུ་འགྲོ་ལ། དེ་ལས་ཀྱང་གལ་ཆེ་བ་ནི་རྒྱུན་དུ་ལུས་སྦྱོང་བྱས་ན། སྙིང་རུས་དང་སེམས་ཁམས་སོགས་གང་གི་ཐད་ནས་ཀྱང་བརྩོན་འགྲུས་ལྡན་པ་དང་བློ་རྒྱ་ཆེན་པོ་ཡོང་བ་རེད།

དཔེ་ཀློག་བྱེད་པ།
        དཔེ་ཀློག་གི་གོམས་གཤིས་ཆགས་སུ་བཅུག་སྟེ། དཔེ་ཆར་བརྟེན་ནས་སེམས་ཁམས་གསོ་དགོས།

3ཡུལ་སྐོར་དུ་འགྲོ་བ།
        ཡུལ་སྐོར་དུ་སོང་ན་མཐོང་རྒྱ་ཇེ་ཆེར་འགྲོ་བར་མ་ཟད། སེམས་ཁམས་ཀྱང་ཇེ་ཡང་དུ་འགྲོ་བ་རེད།

ཕུལ་བྱུང་ཅན་ལ་འགྲོགས་པ།
        དྲང་ནུས་ལྡན་པའི་མི་ལ་སློབ་སྦྱོང་བྱེད་དགོས། དེ་ཚོར་མི་གཤིས་དང་འཚོ་བའི་རྣམ་འགྱུར་ལེགས་པོ་ལྡན་པས། ཟུར་ལྟ་བྱེད་ས་ལེགས་པོ་ཞིག་ཡིན།

5དྲིན་ཚོར་བ།
        རང་ཉིད་ཀྱི་དྲིན་ཤེས་དགོས་ལ། ཉེ་འགྲམ་གྱི་ཁྱིམ་མི་དང་གྲོགས་པོའི་བཀའ་དྲིན་ཚོར་བར་བྱས་ཏེ། དྲིན་ཤེས་པའི་སེམས་ཁམས་ཀྱིས་འཚོ་བ་རོལ་ན་སྔར་ལས་མི་མང་པོ་ཡི་རོགས་སྐྱོར་དང་ཁས་ལེན་ཐོབ་སླ་བ་རེད།

 ཆེད་མཁས་པའི་དྲན་སྐུལ།
        གལ་ཏེ་སེམས་ཁམས་མི་སྐྱིད་པ་བྱུང་ནས་གཟའ་འཁོར་གཉིས་ཡན་འགོར་བ་དང་། རང་ཉིད་ཀྱིས་ལེགས་སྒྱུར་བྱེད་ཐབས་མེད་ན། མྱུར་དུ་ཚད་ལྡན་གྱི་སེམས་ཁམས་འཕྲོད་བསྟེན་ལས་ཁུངས་སུ་སོང་ནས་ནད་བཅོས་བྱེད་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1