སྐྱེ་ཁམས་དར་བས་དམངས་ཀྱི་ཡོང་འབབ་འཕར།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 09-02



ཆུ་ཆེན་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་ལ་བརྟེན་ནས་དབུལ་བྲལ་གནད་སྒྲོལ་ལ་རམ་འདེམས་བྱས་པའི་གནས་ཚུལ་བཀོད་པ།

སྐྱེ་ཁམས་བདག་སྐྱོང་བ་དབྱང་ཆིང་ལིའང་གིས་ནགས་ཚལ་ལ་ལྟ་ཞིབ་བྱེད་བཞིན་པ།
     ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་གིས་དབུལ་བྲལ་གནད་སྒྲོལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་གཅིག་འདོམས་བྱས་ཤིང་། རྫོང་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་དམ་པོར་བཟུང་སྟེ་དབུལ་བྲལ་གནད་སྒྲོལ་ལ་རམ་འདེགས་བྱས་པ་དང་། ཆུ་ཆེན་རྫོང་གིས་ནགས་སར་དམིགས་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྲུང་ཡོལ་གལ་ཆེན་བསྐྲུན་ཡོད་ལ། དབུལ་བོར་གོ་ཆོད་པའི་ཕྱུག་འགྱུར་གྱི་ལམ་བུ་ཞིག་ཀྱང་བཏོད་ཡོད།
     ལོ་ན་43ལོན་པའི་དབྱང་ཆིང་ལིའང་ནི་ཆུ་ཆེན་རྫོང་མདོ་བུ་གྲོང་རྡལ་སེང་གེ་རྫོང་གྲོང་སྡེའི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་བོ་ཞིག་ཡིན་ལ། སྔོན་ཆད་ཁོ་ཚང་གིས་སྲོལ་རྒྱུན་གྱི་འདེབས་འཛུགས་ལས་རིགས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་ལ་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན། དབྱང་ཆིང་ལིའང་ཚང་གི་འཚོ་བའི་དཀའ་ཁག་བསལ་ཆེད། ས་གནས་ཀྱི་ཨུ་ལྷན་གཉིས་ཀྱིས་ཁོ་ཚང་གི་ཞིང་བསྐྱུར་ནགས་སྤེལ་གྱི་ས་མུའུ་10རྒྱལ་ཁབ་ཀྱི་སྐྱེ་ཁམས་ནགས་ཚལ་གྱི་སྐྱིན་གསབ་སྤྲོད་པ་ལྟར་ལོ་གཅིག་ལ་མུའུ་རེར་གསབ་དངུལ་སྒོར་260སྤྲད་པ་དང་། གསབ་དངུལ་སྤྲོད་ཡུན་ལོ་16ཡིན་ལ། ཁྱོན་སྒོར་ཁྲི་4ལྷག་སྤྲད། 2018ལོར། སེང་གེ་རྫོང་གྲོང་སྡེས་དབྱང་ཆིང་ལིའང་སྐྱེ་ཁམས་བདག་སྐྱོང་བའི་ལས་གནས་སུ་བཀོད་སྒྲིག་བྱས་ཤིང་། གླ་ཆ་སྔོན་ཆད་ལོ་རེར་སྒོར་6600ནས་ད་ལྟ་ལོ་རེར་སྒོར་ཁྲི་1ཡོད་པ་དང་ཆབས་ཅིག གྲོང་རྡལ་དང་གྲོང་སྡེའི་ལས་བྱེད་པ་རྣམས་ཀྱིས་རྒྱབ་སྐྱོར་འོག དབྱང་ཆིང་ལིའང་གིས་རྣམ་གྲངས་མ་དངུལ་བསྡུས་ནས་གསོ་སྤེལ་ལས་རིགས་འཕེལ་རྒྱས་སུ་བཏང་བ་དང་། ལོ་རེར་ཡོང་འབབ་སྒོར་ཁྲི་3ལྷག་ཡོད། དབྱང་ཆིང་ལིའང་གིས་སྔོན་དཔག་བྱས་ན་ད་ལོར་ཡོང་འབབ་སྒོར་ཁྲི་5ཙམ་ཡོད་ངེས་ལ། རྒྱབ་ཁབ་ཀྱིས་རྒྱབ་སྐྱོར་འོག་རང་ས་རང་ཡུལ་ནས་ཞོར་ལས་གཉེར་ཐུབ་པ་དང་གཏན་འཇགས་ཀྱི་ཡོང་འབབ་ཀྱང་ཡོད་ཅེས་བཤད།
     སྐྱེ་ཁམས་སྐྱིན་གསབ་དང་སྐྱེ་ཁམས་སྲུང་སྐྱོང་ལས་གཞིའི་མ་དངུལ་སྤྱད་དེ་ས་གནས་ཀྱི་ངལ་རྩོལ་བྱེད་ནུས་ཡོད་པའི་དབུལ་ཕོངས་མི་འབོར་ཁག་ཅིག་སྐྱེ་ཁམས་བདག་སྐྱོང་མི་སྣར་བསྒྱུར་བའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་སྤེལ་གཏོང་ཆེད། ཉེ་བའི་ལོ་འདི་དག་གི་རིང་ལ། ཆུ་ཆེན་རྫོང་གིས་ཐན་པ་ཆེ་བའི་ལུང་གཞུང་བཅོས་སྐྱོང་གཙོ་གནད་ཀྱི་ནགས་བཟོ་ཁུལ་དུ་དབུལ་སྐྱོར་ནགས་བཟོའི་ངལ་ནུས་མཉམ་ལས་ཁང་བཙུགས་ཤིང་། མཉམ་ལས་ཁང་དང་དབུལ་ཁྱིམ། དབུལ་ཕོངས་ཁྱིམ་ཚང་མ་ཡིན་པ་བཅས་སྦྲེལ་བའི་རྣམ་པ་བརྒྱུད་ནས་དབུལ་བོ་དེ་བས་མང་བོ་སྐྱེ་ཁམས་འཛུགས་སྐྱོང་ཁྲོད་ཞུགས་ཐུབ་པར་བྱས། ལོ་རེར་སྤྱི་ཕན་རང་བཞིན་གྱི་སྐྱེ་ཁམས་བདག་སྐྱོང་ལས་གནས་2544གསར་སྤེལ་བྱས་ཤིང་། དེ་ལས་སྐྱེ་ཁམས་ནགས་ཚལ་བདག་སྐྱོང་བ་2105དང་། རྩྭ་ཐང་བདག་སྐྱོང་བ་197། ཆུ་བོ་བདག་སྐྱོང་བ་242བཀོད་སྒྲིག་བྱས་པ་དང་ཆབས་ཅིག དབུལ་བྲལ་ཕྱུག་འགྱུར་གྱི་གོམ་སྟབས་དང་བསྟུན་ལོ་རེར་སྐྱེ་ཁམས་བདག་སྐྱོང་བའི་གླ་ཆ་འཕར་བཞིན་ཡོད་དེ། 2018ལོར་མི་རེར་སྒོར་6600དང་། 2019ལོར་མི་རེར་སྒོར་8150། 2020ལོར་མི་རེར་སྒོར་10000ལ་འཕར་ཡོད་ལ། དབུལ་བོ་རྣམས་དབུལ་ཕོངས་ལས་ཐར་ཏེ་ཕྱུག་འགྱུར་ཡོང་བའི་དམིགས་འབེན་མངོན་འགྱུར་ཡོང་ཐུབ། སྐྱེ་ཁམས་འཛུགས་སྐྱོང་ལ་བརྟེན་དབུལ་བོ་དང་དབུལ་བོ་མ་ཡིན་པ་ལ་ལས་གནས་བཀོད་སྒྲིག་བྱས་ནས་ཁོ་ཚོའི་ཡོང་འབབ་འཕར་རོགས་བྱས་ལ། སྐྱེ་ཁམས་འཛུགས་སྐྱོང་དང་དབུལ་བྲལ་གནད་སྒྲོལ་ལ་འཐུས་ཤོར་མི་འགྲོ་བར་བྱས་ཡོད།
མཛེས་ཤིང་ཡིད་དུ་འོང་བའི་སེང་གེ་རྫོང་གྲོང་སྡེ།
     སེང་གེ་རྫོང་གྲོང་སྡེའི་ཧྲུའུ་ཅི་དང་བོ་ཁྲེན་ཡུས་ཐའོ་ཡིས། ང་ཚོས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བཟུང་སྟེ། སྐྱེ་ཁམས་དབུལ་སྐྱོར་དང་དབུལ་བྲལ་གནད་སྒྲོལ་འབྲེལ་ནས་དབུལ་བོ་དེ་ལས་མང་བོ་སྐྱེ་ཁམས་བདག་སྐྱོང་བའི་ལས་གནས་སུ་བཀོད་སྒྲིག་བྱས་ནས་ཁོ་ཚོའི་ཡོང་འབབ་འཕར་རོགས་བྱས་པ་ཡིན་ཞེས་བཤད།
     མིག་སྔར། སེང་གེ་རྫོང་གྲོང་སྡེས་སྐྱེ་ཁམས་བདག་སྐྱོང་བ་34བཀོད་སྒྲིག་བྱས་ཡོད་པ་དང་ཆབས་ཅིག ཞིང་ས་མུའུ་547བསྐྱུར་ནས་ནགས་བཙུགས་ཏེ། ཞིང་ཁྱིམ་187དང་མི་600ལྷག་ལ་ཕན་བཏགས། རྗེས་མར་སེང་གེ་རྫོང་གྲོང་སྡེས་སྐྱེ་ཁམས་དབུལ་སྐྱོར་ལག་བསྟར་བྱ་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་འབྲེལ་དམངས་ཀྱི་ཡོང་འབབ་ཇེ་མང་དུ་གཏང་རོགས་བྱ་རྒྱུ་བྱས། སེང་གེ་རྫོང་གྲོང་སྡེའི་འཕེལ་རྒྱས་ནི་ཆུ་ཆེན་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་ལ་བརྟེན་ནས་དབུལ་བྲལ་གནད་སྒྲོལ་དོན་དུ་འཁྱོལ་བའི་དཔེ་མཚོན་ཞིག་ཡིན།
     རྒྱལ་ཁབ་ཀྱི་ཞིང་བསྐྱུར་ནགས་སྤེལ་གྱི་ལས་དོན་མགོ་ཚུགས་པ་ནས་བཟུང་། ཆུ་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞིང་བསྐྱུར་ནགས་སྤེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ལོ་10ལྷག་ལ་འབད་བརྩོན་བྱས་ཏེ། མིག་སྔའི་བར་དུ་རྫོང་ཡོངས་ཀྱི་ཞིང་ས་མུའུ་ཁྲི་4.93བསྐྱུར་ནས་ནགས་བཙུགས་པ་དང་། ཞིང་ཁྱིམ་10608ལ་སྐྱིན་གསབ་མ་དངུལ་སྒོར་ཁྲི་17717.73སྤྲད་ཟིན་ལ། རྫོང་ཡོངས་ཀྱི་ས་ཆུ་ཤོར་བ་བཅོས་སྐྱོང་བྱེད་ཚད་དེ་2013ལོའི་བརྒྱ་ཆ་24.6ནས་2019ལོའི་བརྒྱ་ཆ་43.39བར་ཇེ་མཐོར་བཏང་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1