གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

རྨོག་རུ་གནམ་ལྷ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༩ཚེས་༠༢ཉིན།

༄༅།།བསྟན་འགྱུར་ལས་བྱུང་བའི་རྣམ་དབྱེ་བརྒྱད་ཀྱི་བསྟན་དོན་ཚིག་ལེའུར་བྱས་པ་ལ་གསར་དུ་དཔྱད་པ།


 རྨོག་རུ་གནམ་ལྷ་ཚེ་རིང་།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཏེ་དུས་རབས་བརྒྱད་པའི་དུས་སུ་ལོ་ཙཱ་པ་ལྕེ་ཁྱི་འབྲུག་ལགས་ཀྱིས་བསྒྱུར་ཅིང་ད་ལྟ་བསྟན་འགྱུར་ཁྲོད་ན་བཞུགས་པའི་རྣམ་དབྱེ་བརྒྱད་ཀྱི་བསྟན་དོན་ཚིག་ལེའུར་བྱས་པའི་བསྟན་བཅོས་འདིའི་ཁུངས་དང་ནམ་ཞིག་ལ་བརྩམས་པའི་དུས། བསྟན་བཅོས་འདི་དང་འབྲེལ་ནས་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་ཤིང་བརྗོད་བྱར་བཟུང་ནས་དཔེར་བརྗོད་བཞག་པའི་ཚུལ་དང་། བོད་ཀྱི་བརྡ་སྤྲོད་རིག་པའི་ལོ་རྒྱུས་ལ་ཐོན་པའི་དགེ་མཚན་སོགས་ཅུང་གསལ་པོའི་སྒོ་ནས་སྟོན་པ་ལ་འབད་ཡོད།
[གནད་ཚིག] བསྟན་འགྱུར། ལྕེ་ཁྱི་འབྲུག རྣམ་དབྱེ།
དང་པོ། བསྟན་བཅོས་ངོ་སྤྲོད་མདོར་བསྡུས། 
        རང་རེའི་སྔོན་བྱོན་མཁས་གྲུབ་རྣམས་ཀྱིས་རྒྱ་གར་འཕགས་པའི་ཡུལ་གྱི་སྒྲ་རིག་པར་ཐོས་བསམ་དང་འཆད་རྩོད་རྩོམ་གསུམ་མཛད་པའི་སྐུ་དྲིན་ལས་བོད་ལ་བརྡ་སྤྲོད་རིག་པའི་གཞུང་གི་རྩ་བ་དང་། འགྲེལ་པ། མཐའ་དཔྱོད་སོགས་ཀྱི་བསྟན་བཅོས་བསྒྱུར་པ་དང་བརྩམས་པ་མང་པོ་ཡོད། དེ་དག་ལས་རྣམ་དབྱེ་བརྒྱད་ཀྱི་བསྟན་དོན་ཚིག་ལེའུར་བྱས་པ་ནི་རྒྱ་གར་གྱི་བརྡ་སྤྲོད་རིག་པའི་བསྟན་བཅོས་ཚུར་བོད་ལ་བསྒྱུར་པ་ལས་ཐོག་མའི་གྲས་ཡིན་ཞིང་། བསྟན་བཅོས་འདི་ནི་བསྟན་འགྱུར་ལས་སྒྲའི་རྣམ་པར་དབྱེ་བ་བསྟན་པ་བཞུགས་སོ་ཞེས་པའི་ཁྲོད་ན་བཞུགས། དེ་ཡང་པེ་ཅིང་བསྟན་འགྱུར་དང་སྣར་ཐང་བསྟན་འགྱུར་ན་མ་གཏོགས་སྡེ་དགེ་བསྟན་འགྱུར་དང་ཅོ་ནེ་བསྟན་འགྱུར་ན་མི་བཞུགས། རྣམ་པའི་ཆ་ནས་བསྟན་བཅོས་འདི་ནི་ཚིག་རྐང་བརྒྱད་ཅན་གྱི་བདག་ཉིད་ཅན་ཡིན་ལ། ཚིག་རྐང་གཅིག་ལ་ཚེག་ཁྱིམ་དགུ་རེ་དང་ཚིག་རྐང་རེ་རེའི་མཐར་ཉིས་ཤད། ཡིག་གཟུགས་ཀྱི་ཆ་ནས་སྐད་གསར་བཅད་ཐེངས་གསུམ་པའི་དབང་གིས་གི་གུ་ཕྱི་ལོག་དང་མིང་གཞིའི་ཀ་དང་ག ཅ་དང་ཆ། ཏ་དང་ཐ་སོགས་བརྗེས་པ་ལྟ་བུ་དང་། མི་ལ་ཡ་བཏགས་འདོགས་པ་དང་ཚིག་ཕྲད་ཀྱིའི་ཚབ་ཏུ་གྱི་འཇོག་པ་ལ་སོགས་པའི་ཡི་གེ་རྙིང་པའི་ཁྱད་ཆོས་མེད་པར་བྱས་ནས་ད་ལྟའི་ཡིག་གཟུགས་དང་ཀུན་ནས་གཅིག་མཚུངས་ཡིན་འདུག བརྗོད་བྱའི་ཆ་ནས་ཤིང་ལ་དཔེ་བླངས་ཏེ་རྣམ་དབྱེ་བརྒྱད་དཔེར་བརྗོད་དང་བཅས་གསལ་པོར་བསྟན་འདུག གཤམ་དུ་རིན་ཐང་ཅན་གྱི་བསྟན་བཅོས་འདི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་པའི་བསྟན་འགྱུར་དཔེ་བསྡུར་མ་ལས་ཇི་བཞིན་དུ་འདིར་བཀོད་ན་གཤམ་གསལ་ཏེ།
        “ཤིང་བཟངས་རི་ལ་གནས་པར་གྱུར་པ་དེ། །
        ཤིང་ལ་འབད་དེ་ཁྱོད་ཀྱིས་ལྟ་བར་གྱིས། །
        ལྷུང་བའི་ཤིང་གིས་གླང་རྒོད་བསད་པར་བྱས། །
        བསླངས་ཏེ་ཤིང་ལ་ཆུ་ནི་སྦྱིན་པར་གྱིས། །
        མེ་ཏོག་ལྡན་པས་ཤིང་ལས་ཡལ་ག་འོ། །
        ཤིང་གི་ཡལ་ག་ཤིན་ཏུ་རིང་བར་འདུག།
        ཤིང་ལ་ཁུ་བྱུག་དག་གི་ཚང་བཅས་པ།།
        ཤིང་ཀྱེ་ཅིའི་ཕྱིར་ཁྱོད་འདར་བར་བྱེད།།”[1]
གཉིས་པ། བསྟན་བཅོས་ཀྱི་ཁུངས་བཤད་པ། 
        བསྟན་བཅོས་འདིའི་སྒྱུར་གཞིའི་མ་རྩོམ་གྱི་ཁུངས་ནི་བསྟན་འགྱུར་ཁྲོད་ཀྱི་སྒྲའི་རྣམ་པར་དབྱེ་བ་བསྟན་པ་བཞུགས་སོ་ཞེས་པར། “དེ་ཡང་སློབ་དཔོན་ཤྲཱིར་དྷ་རས་གནས་བརྒྱད་པོ་དཔེས་མཚོན་ནས་བཤད་དེ”[2] ཞེས་པ་ལས་རྒྱ་གར་གྱི་སློབ་དཔོན་ཤྲཱིར་དྷ་རས་བརྩམས་གནང་མཛད་པ་ཤེས་ཐུབ་ཅིང་། བོད་ལ་སྒྱུར་མཁན་གྱི་ལོ་ཙཱ་པ་ནི་བཙན་པོའི་རྒྱལ་རབས་སྐབས་ཀྱི་ལོ་ཙཱ་པ་ཆེན་པོ་ལྕེ་ཁྱི་འབྲུག་ཡིན། བསྟན་བཅོས་འདི་དང་ཆ་འདྲ་བ་ཞིག་སྤྱི་ལོ1908ལོར་ཧྥ་རན་སིའི་པོ་ཞིས་ཧི་བྱ་བས་ཏུན་ཧོང་ས་ཆ་ནས་འཁྱེར་བའི་ཏུན་ཧོང་བོད་ཡིག་ཤོག་དྲིལp.t.783ན་ཡོད་པ་གཤམ་གསལ་དེ་ཡིན་ཏེ།
        “འཇུག་པའྀ་སྒྲ་བརྒྱད་བསྟན་པའ་ཚིག་ལེའུར་བྱས་པ། །
        འཕགས་པ་འཇམ་དཔལ་གཞོ་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
        མེ་ཏོག་རྒྱས་ཚལ་ལྗོན་ཤྀང་ཡོད། ། ལྗོན་ཤྀང་ལ་ནི་རླུང་གྀས་བསྐྱོད། །
        ལྗོན་ཤྀང་གིས་ནྀ་གླང་པོ་བསྒྱེལད། ། ལྗོན་ཤྀང་ཕྱིར་ནྀ་ཆུ་དྲོངས་ཤིག།
        ལྗོན་ཤྀང་ལས་ནྀ་མེ་ཏོག་ཁྲུངས། ། ཤིང་གྀ་ཡལ་ག་རབ་དུ་ལྡེམ། །
        ལྗོན་པའྀ་ཤིང་ལ་བྱ་ཚང་བཅས། ། ཀྱེ་ཀྱེ་ལྗོན་ཤིང་ངོ་མཚར་མཛེས། །
        དང་པོ་དངོས་པོ་བསྟན་པ་ཡྀན། ། བཞྀ་པ་གང་ཕྱིར་སྦྱྀན་བའ་ཡིན། །
        ལྔ་བ་གང་ལས་འོང་པ་ཡིན། ། དྲུག་པ་ལྷག་པའྀ་དབང་དུ་བྱས། །
        བདུན་པ་གནས་གཞྀ་བསྟན་པ་སྟེ། ། བརྒྱད་པ་འབོད་པའྀ་ཚིག་ཡིན་ནོ། །”[3] ཞེས་རྣམ་དབྱེ་བརྒྱད་དང་དེ་དག་གི་མཚན་གཞིའི་དཔེར་བརྗོད་ལ་ཤིང་བཞག་ནས་མཚོན་པར་བྱས་ཡོད། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་བསྟན་བཅོས་འདི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཉའ་གོང་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་བརྩམས་པའི་བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ་ཞེས་པ་རུ་བཀོད་ཡོད་པར་མ་ཟད། ད་དུང་དགེ་རྒན་ཁོང་གིས“ཐོན་མིའི་ཕྱག་བྲིས་དངོས་ཡིན་མིན་མི་འཚལ་རུང་། རྣམ་དབྱེ་བརྒྱད་ཀྱི་རྩ་ཚིག་ལ་འདི་ལས་སྔ་བའི་བརྡ་རྙིང་པ་ཞིག་ད་སྔ་མ་མཐོང་ངོ་།”[4]ཞེས་ཡིག་ཆ་འདི་ལ་རིན་ཐང་ཆེ་ཚུལ་བརྗོད་ཡོད། འོན་ཀྱང་། ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཤོག་དྲིལp.t.783འཇུག་པའི་སྒྲ་བརྒྱད་བསྟན་པའི་ཚིག་ལེའུར་བྱས་པ་ཞེས་པ་རུ་བསྟན་བཅོས་ཀྱི་ཁུངས་དང་སྒྱུར་པ་པོ་སུ་ཡིན་སོགས་གསལ་པོར་བྲིས་མེད་པས། དུས་ཡུན་རིང་ཙམ་ཤིག་ལ་ཡིག་ཆ་འདིར་དོ་སྣང་བྱེད་མཁན་ཆེར་མ་བྱུང་། རྗེས་སུ་སྤྱི་ལོ1907ལོར་དབྱིན་ཇིའི་སི་ཐན་དབྱིན་བྱ་བའི་ཏུན་ཧོང་ས་ཆ་ནས་འཁྱེར་བའི་ཏུན་ཧོང་བོད་ཡིག་ཤོག་དྲིལch.0003ནང་དུའང་།“
འཇུག་པའྀ་སྒྲ་བརྒྱད་བསྟན་པའ་ཚིག་ལེའུར་བྱས་པ།
        འཕགས་པ་འཇམ་དཔལ་གཞོ་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
        མེ་ཏོག་རྒྱས་ཙལ་ལྗོན་ཤྀང་ཡོད། ། ལྗོན་ཤྀང་ལ་ནི་རླུང་གྀས་བསྐྱོད། །
        ལྗོན་ཤྀང་གིས་ནྀ་གླང་པོ་བསྒྱེལད། ། ལྗོན་ཤྀང་ཕྱིར་ནི་ཆུ་དྲོངས་ཤིག། །
        ལྗོན་ཤྀང་ལས་ནི་མེ་ཏོག་ཁྲུངས། ། ཤིང་གྀ་ཡལ་ག་རབ་དུ་ལྡེམ། །
        ལྗོན་པའྀ་ཤིང་ལ་བྱ་ཚང་བཅས། ། ཀྱེ་ཀྱེ་ལྗོན་ཤིང་ངོ་མཚར་མཛེས། །
        དང་པོ་དངོས་པོ་བསྟན་པ་ཡྀན། ། གཉིས་པ་ལས་སུ་ཤེས་པར་བྱའ། །
        གསུམ་པ་བྱད་པ་བྱེད་པོ་ཡྀན། ། བཞྀ་པ་གང་ཕྱིར་སྦྱྀན་བའ་ཡིན། །
        ལྔ་བ་གང་ལས་འོང་པ་ཡིན། ། དྲུག་པ་ལྷག་པའྀ་དབང་དུ་བྱས། །
        བདུན་པ་གནས་གཞྀ་བསྟན་པ་སྟེ། ། བརྒྱད་པ་འབོད་པའྀ་ཚིག་ཡིན་ནོ། །ཞུ་ཆེན་གྱི་མཁན་པོ་དང་། ལོ་ཙ་པ་བན་དེ་ཆོས་གྲུབ་ཀྱིས་རྒྱའྀ་དཔེ་ལས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ། །”[5]ཞེས་གོང་གི་p.t783ནང་གི་བསྟན་བཅོས་དང་གཅིག་མཚུངས་ཡིན་པ་ཞིག་ཀུན་གྱི་གཟིགས་ལམ་དུ་མངོན་སོང་། གལ་ཆེ་བ་ཞིག་ལ་བསྟན་བཅོས་འདིའི་མཇུག་ཏུ་ཞུ་ཆེན་གྱི་མཁན་པོ་དང་། ལོ་ཙཱ་པ་བན་དེ་ཆོས་གྲུབ་ཀྱིས་རྒྱའྀ་དཔེ་ལས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ། །ཞེས་སྒྱུར་མཁན་གྱི་ལོ་ཙཱ་པ་དང་ཁུངས་གང་ཡིན་ཅུང་གསལ་པོར་བསྟན་ཡོད་ཅིང་། ནུབ་བྱང་མི་རིགས་སློབ་ཆེན་རྒྱལ་ཁབ་ཕྱིའི་མི་རིགས་ཡིག་ཚགས་ཞིབ་འཇུག་ཁང་གི་དགེ་རྒན་མཐའ་པ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ཆེད་དུ་འདིའི་སྐོར་ནས་དཔྱད་རྩོམ་ཞིག་བྲིས་ནས་ཀྲུང་གོ་བོད་རིག་པའི་སྟེང་དུ་བཀོད་ཡོད། འདིར་བྱུང་བའི་བན་དེ་ཆོས་གྲུབ་ཞེས་པ་ནི་འགོས་ཆོས་གྲུབ་ཡིན་པ་ལ་ཐེ་ཚོམ་སྐྱེས་མི་དགོས་ཏེ། འགོས་ཆོས་གྲུབ་ནི་བོད་དང་རྒྱ་དཀར་ནག་གི་སྐད་ལ་བྱང་ཆུབ་ཡོད་པའི་ལོ་ཙཱ་པ་ཆེན་པོ་ཡིན་ལ། ཁོང་གིས་ལང་ཀར་གཤེགས་པའི་མདོ་དང་མདོ་མཛངས་བླུན་སོགས་རྒྱ་ནག་སྐད་ནས་བོད་ལ་བསྒྱུར་ཡོད་པར་མ་ཟད། འཇུག་པའྀ་སྒྲ་བརྒྱད་བསྟན་པའ་ཚིག་ལེའུར་བྱས་པ་ཞེས་པའི་བསྟན་བཅོས་འདི་ཕར་རྒྱ་ནག་གི་ཡི་གེར་བསྒྱུར་ཡོད་པ་ཧྥ་རན་སིར་ཉར་བའི་ཏུན་ཧོང་ནས་ཐོན་པའི་རྒྱ་ནག་ཡིག་ཚགསpel.chin.3950ན་
        八转声颂
        国大德三藏法师法成译
        盛华林有树,其树披风颻,以树推象到,为树故放水,
        从树华盛发,是树枝甚低,于树鸟作巢,咄咄树端严。
        第一显本事,第二知是业,第三作作者,第四为何施,
        第五从何来,第六由曾上,第七示住处,第八是呼词。
        八转声颂一卷。[6]ཞེས་ཡོད། དེ་ཡང་国大德三藏法师法成ཞེས་པ་ལོ་ཙཱ་པ་འགོས་ཆོས་གྲུབ་ཡིན་པའི་རྒྱུ་མཚན་ནི། ཁོང་གིས་བསྟན་བཅོས་རྣམས་རྒྱ་ནག་གི་ཡི་གེར་བསྒྱུར་དུས 大蕃大德三藏法师法成ཞེས་མཚན་བཀོད་ཡོད་པ་ལས་ཤེས་ཐུབ། དཔེར་ན་ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་ཆp.t2794དང་།p.t2073ལྟ་བུའོ། ། དེ་ཡང་དགེ་རྒན་མཐའ་བ་        བཀྲ་ཤིས་དོན་གྲུབ་ལགས་ཀྱིསp.t783འཇུག་པའྀ་སྒྲ་བརྒྱད་བསྟན་པའི་ཚིག་ལེའུར་བྱས་པ་ཞེས་པ་འདི་རྒྱ་ནག་སྐད་ནས་ཚུར་བོད་ལ་བསྒྱུར་པ་ཡིན་ཚུལ་བརྗོད་ཡོད་མོད། དེ་ལ་ཡང་ངེས་པ་མེད་དེ། གཅིག་ནས་ལོ་ཙཱ་པ་ཁོང་རྒྱ་གར་གྱི་སྐད་ལ་བྱང་ཆུབ་ཡོད་པ་དང་། གཉིས་ནས་བསྒྱུར་གཞིའི་མ་རྩོམ་དང་ཁ་ཐག་ཇེ་རིང་ལ་སོང་ན་འགྱུར་རྩོམ་གྱི་ནང་དོན་ལ་རང་བཞིན་གྱིས་འགྱུར་བ་འགྲོ་ངེས་ཡིན་པས་ཁོང་གིས་ཐད་ཀར་མ་རྩོམ་ཚུར་བསྒྱུར་བ་ལ་འབད་པ་གནང་ངེས་ཡིན།
གསུམ་པ ། བརྗོད་བྱ་ཤིང་ལ་བརྟེན་ནས་དཔེར་བརྗོད་འཇོག་ཚུལ་བཤད་པ།
        རྒྱ་གར་གྱི་སློབ་དཔོན་ཤྲཱི་དྷ་རས་མཛད་ཅིང་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ལོ་ཙཱ་པ་ལྕེ་ཁྱི་འབྲུག་གིས་བསྒྱུར་པའི་རྣམ་དབྱེ་བརྒྱད་ཀྱི་བསྟན་དོན་ཚིག་ལེའུར་བྱས་ཡོད་པའི་བརྡ་སྤྲོད་རིག་པའི་བསྟན་བཅོས་འདིར་རྣམ་དབྱེ་བརྒྱད་ཀྱི་མཚན་གཞིའི་དཔེར་བརྗོད་རྣམས་ཤིང་ལ་བརྟེན་ནས་བསྟན་པ་མདོར་བསྡུས་ཙམ་གླེང་བར་བྱེད་པ་ལ། བསྟན་བཅོས་འདིའི་བརྗོད་དོན་ནི་གོ་སླ་ལ་ཁ་གསལ་བའི་སྒོ་ནས་ཤིང་དཔེ་རུ་བཟུང་ནས་རྣམ་དབྱེ་བརྒྱད་པོའི་མཚན་གཞིའི་དཔེར་བརྗོད་བཞག་ཡོད། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་སྒྲ་ཡི་གནས་བརྒྱད་གོ་བདེར་མདོར་བསྟན་བཞུགས་སོ་ལས།
        “སྔོན་རྣམས་ཤིང་ལ་དཔེར་བརྗོད་མང་། ། འདིར་ཡང་གོ་བདེར་དེ་བཞིན་བྱ། །
        ཤིང་དང་ཤིང་དག་ཤིང་རྣམས་ནི། ། རྣམ་དབྱེ་དང་པོའི་གཅིག་ཚིག་དང་། །
        ཉིས་ཚིག་མང་ཚིག་རིམ་བཞིན་ཏེ། ། འོག་མ་ཀུན་ལ་དེ་བཞིན་སྦྱོར། །”[7]ཞེས་པ་ལས་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་ཤིང་བརྗོད་བྱར་བཟུང་ནས་རྣམ་དབྱེའི་དཔེར་བརྗོད་འཇོག་པ་ཤེས་ཐུབ་ཅིང་། ལྷག་པར་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་བྱེ་བྲག་རྟོགས་བྱེད་ཆེན་མོའི་རྣམ་པར་དབྱེ་བའི་ཚིག་བདུན་གྱི་མིང་ཞེས་པར། “བྲྀཀྵཿ། བྲྀཀྵོ། བྲྀཀྵཱཿ། ཤིང་། ཤིང་དག ཤིང་རྣམས”[8]ཞེས་ཤིང་དཔེ་རུ་བཟུང་ནས་རྣམ་དབྱེ་བདུན་གྱི་དཔེར་བརྗོད་ལེགས་སྦྱར་བཞིན་གཅིག་ཚིག་དང་གཉིས་ཚིག མང་ཚིག་ཅེས་བཞག་ཡོད་པ་ལས་ངེས་ཤེས་བརྟན་པོ་འདྲོངས་ཐུབ། དེ་ཡང་རང་རེའི་བོད་ཀྱི་བརྡ་སྤྲོད་རིག་པ་ནི་རྒྱ་གར་འཕགས་པའི་ཡུལ་གྱི་སྒྲ་རིག་གཞུང་ལུགས་ལ་བརྟེན་ནས་བྱུང་བ་ཡིན་པས། ཤིང་དཔེ་རུ་བཞག་ནས་རྣམ་དབྱེ་སྟོན་པའི་སྣང་ཚུལ་འདི་ཡང་ཆུ་མགོ་གངས་དང་ཆོས་མགོ་རྒྱ་གར་ཞེས་པ་བཞིན་རྒྱ་གར་འཕགས་པའི་ཡུལ་གྱི་བྱཱ་ཀ་ར་ཎའི་གཞུང་གི་རྩོམ་སྟངས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་ཡིན་ཏེ། རྒྱ་གར་འཕྲོག་བྱེད་བཟང་པོས་མཛད་པའི་རྣམ་དབྱེའི་ཚིག་ལེའུར་བྱས་པ་ཞེས་བྱ་བར། “བྲྀཀྵཿ ཤིང་། བྲྀཀྵོ། ཤིང་དག བྲྀཀྵཱཿ ཤིང་རྣམས། ...... ཧེ་བྲྀཀྵཱཿ ཀྱེ་ཤིང་། ཧེ་བྲྀཀྵོ། ཀྱེ་ཤིང་དག ཧེ་བྲྀཀྵཱཿ ཀྱེ་ཤིང་རྣམས།”[9]ཞེས་རྣམ་དབྱེ་དང་པོ་ནས་རྣམ་དབྱེ་བརྒྱད་པའི་བར་གྱི་རྐྱེན་ཉེར་བཞིའི་དཔེ་བརྗོད་ལ་ཤིང་མཚན་གཞིར་བཟུང་ནས་བསྟན་ཡོད་པ་དང་། ད་དུང་རྒྱ་གར་གྱི་བྲམ་ཟེ་གྲགས་འབྱོར་གྱིས་མཛད་ལ་ལྷ་བླ་མ་ཞི་བ་འོད་ཀྱིས་བསྒྱུར་པའི་ཀ་ལཱ་པའི་འགྲེལ་པ་ཉུང་ངུ་ལས་སློབ་མ་ལ་ཕན་པ་ཞེས་བྱ་བ་དང་། དརྒ་སེདྒས་མཛད་ལ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པོས་བསྒྱུར་པའི་སྒྲའི་བསྟན་བཅོས་ཆ་བསགས་ཀྱི་མདོའི་འགྲེལ་པ་སོགས་སུ“བྲྀཀྵཱཡ། ཤིང་གི་ཆེད་དུ། བྲྀཀྵཱཊ྄། ཤིང་ལས། བྲྀཀྵཱསྱ། ཤིང་གི”[10]ཞེས་པ་སོགས་དཔེ་ལ་ཤིང་བཞག་པ་མང་པོ་ཡོད། དེ་བས་ཕྱིས་སུ་རང་རེའི་མེས་པོ་རྣམས་ཀྱིས་རྒྱ་གར་འཕགས་པའི་ཡུལ་གྱི་སྒྲ་རིག་པའི་གཞུང་ལུགས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་ནས་མཐར་བྱཱ་ཀ་ར་ཎའི་གཞུང་ལ་མཁས་པར་གྱུར་པ་དང་། གོམས་སྲོལ་གྱི་དབང་གིས་བོད་ལ་བསྟན་བཅོས་མཛད་དུས་དཔེར་བརྗོད་འཇོག་སྟངས་ལ་རྒྱ་གར་གྱི་རིག་གནས་ཀྱིས་ཤན་ཤུགས་ཐེབས་པ་ཡིན་ངེས།
བཞི་པ། བསྟན་བཅོས་འདི་ནི་བོད་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བསྒྱུར་པ་ཡིན། 
        བསྟན་འགྱུར་ཁྲོད་ཀྱི་རྣམ་དབྱེ་བརྒྱད་ཀྱི་བསྟན་དོན་ཚིག་ལེའུར་བྱས་ཡོད་པའི་བརྡ་སྤྲོད་རིག་པའི་བསྟན་བཅོས་འདི་ནི་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ལོ་ཙཱ་པ་ལྕེ་ཁྱི་འབྲུག་ལགས་ཀྱིས་རྒྱ་གར་གྱི་སྐད་ལས་ཚུར་བོད་ལ་བསྒྱུར་པ་རེད། དེ་ཡང་བསྟན་བཅོས་འདི་དུས་ནམ་ཞིག་ལ་ཚུར་བོད་ལ་བསྒྱུར་པ་ཡིན་ཚུལ་ལ། དང་ཐོག་སྒྱུར་མཁན་གྱི་ལོ་ཙཱ་པ་ལྕེ་ཁྱི་འབྲུག་ལགས་ནི་དུས་སྐབས་ནམ་ཞིག་གི་སྐབས་ཀྱི་ཡིན་པ་གཏན་ཁེལ་བྱུང་ན་བསྟན་བཅོས་འདི་བོད་ལ་དུས་ནམ་ཞིག་ལ་བསྒྱུར་པ་ཡིན་པ་ཡང་ཧ་གོ་ཐུབ། བོད་ཀྱི་ལོ་རྒྱུས་ཡིག་ཚང་དག་ན་བོད་ཀྱི་ལོ་ཙཱ་པ་ལྕེ་ཁྱི་འབྲུག་ལགས་ཀྱི་ལོ་རྒྱུས་བཀོད་པ་ཧ་ཅང་ཉུང་། ཆོས་འབྱུང་ལ་ལར་མཚན་ཙམ་དང་ལ་ལར་མཚན་ཙམ་ཡང་བཀོད་མེད། དེའི་སྐོར་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཡང་ད་སྔ་མ་མཐོང་། དེ་བས་ལོ་ཙཱ་པ་ཁོང་ནི་བཙན་པོ་གང་གི་སྐབས་ཀྱི་ལོ་ཙཱ་པ་ཞིག་ཡིན་པ་ལ་སྔོན་གྱི་ཡིག་ཆ་རྣམས་གོང་བསྒྲིགས་ནས་གླེང་བར་བྱེད་དོ། ། 
        བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་ཕོ་བྲང་སྐྱིའི་འོན་ཅང་དོར་རྒྱལ་བློན་ལོ་པཎ་རྣམས་གཅིག་ཏུ་མོལ་ནས་ཐེག་པ་ཆེ་ཆུང་ལས་བྱུང་བའི་རྒྱ་གར་གྱི་སྐད་ལས་བོད་སྐད་དུ་བསྒྱུར་ཞིང་སྔོན་གྱི་འགྱུར་བ་རྣམས་ལ་དག་བཅོས་དང་གཞུང་ཚད་བམ་གྲངས་ངེས་པ་བྱས་ནས་བཙན་པོའི་བཀའ་ལྟར་གཏན་ལ་ཕབ་པའི་སྒྲ་སྒྱུར་གྱི་བསྟན་བཅོས་སྒྲ་སྦྱོར་བམ་པོ་གཉིས་པ་ན“སྔོན་ལྷ་སྲས་ཡབ་གྱི་རིང་ལ་ཨཱ་ཙརྱ་བོ་དྷི་སཏྭ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་ཉ་བཟང་དང་། བློན་ཁྲི་བཞེར་སང་ཤི་དང་། ལོ་ཙྪ་བ་ཛྙཱ་ན་དེ་བ་ཀོ་ཥ་དང་། ཅེ(ལྕེ)ཁྱི་འབྲུག་དང་། བྲམ་ཟེ་ཨཱ་ནནྟ་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་་ར་ཎའི་སྒྲའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས།”[11]ཞེས་པའི་ཁྲོད་ཀྱི་སྔོན་ལྷ་སྲས་ཡབ་ནི་བོད་བཙན་པོའི་སྐབས་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན(སྤྱི་ལོ742—797)ལ་གོ་ཞིང་། བཙན་པོ་འདིས་ཨཱ་ཙརྱ་བོ་དྷི་སཏྭ་འམ་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས། ཡེ་ཤེས་དབང་པོ། ཞང་རྒྱལ་ཉེན་ཉ་བཟང་། བློན་ཁྲི་བཞེར་སང་ཤི། ལོ་ཙྪ་བ་ཛྙཱ་ན་དེ་བ་ཀོ་ཥ། ལྕེ་ཁྱི་འབྲུག བྲམ་ཟེ་ཨཱ་ནནྟ་ལ་སོགས་པའི་རྒྱབ་སྐྱོར་ལ་བརྟེན་ནས་སངས་རྒྱས་ཆོས་ལུགས་བོད་དུ་རྐང་བཙུགས་ནས་རྒྱས་པར་མཛད། སྐབས་དེར་ལོ་ཙཱ་པ་ལྕེ་ཁྱི་འབྲུག་གིས་ཀྱང་བྱས་རྗེས་མི་དམན་པ་བཞག་ཡོད་པ་ང་རང་ཚོས་ཤེས་ཐུབ། ཚུལ་དེ་བཞིན་དུ་བུ་སྟོན་རིན་ཆེན་གྲུབ(སྤྱི་ལོ1290—1364)ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ནའང“སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་མཁན་པོ་བོ་དྷི་ས་ཏྭ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་ཉམ་བཟང་དང་། བློན་ཁྲི་བཞེར་སང་ཤི་དང་། ལོ་ཙཱ་བ་ཛྙཱ་ན་དེ་ཝ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨཱ་ནནྟ་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པའི་མང་དག་ཅིག་བྱུང་ཞིང་།”[12] ཞེས་སྒྲ་སྦྱོར་བམ་གཉིས་དང་ཆ་འདྲ་བའི་སྒོ་ནས་གསུངས་འདུག །ལྷག་པར་དུ་ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་མཛད་པའི་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ཞེས་བྱ་བར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་བཤད་དུས“ལོ་ཙཱ་བ་མཁས་པ་ཡེ་ཤེས་དབང་པོ། ཞང་རྒྱལ་ཉེན་ཉ་བཟངས། བློན་ཁྲི་བཞེར་སང་ཤི། ལོ་ཙཱ་བ་རྙིང་པ་དེ་བ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་བྲམ་ཟེ་ཨ་ནན་ཏ་ལ་སོགས་པས་དགུང་ལོ་བཅུ་གཉིས་ཀྱི་བར་དུ་དམ་པའི་ཆོས་ཚད་མེད་པར་བསྒྱུར་ཏེ།”[13] ཞེས་ལོ་ཙཱ་པ་ཁྱི་འབྲུག་ལ་སོགས་པའི་ཆོས་བློན་མང་པོས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་དགུང་ལོ་བཅུ་གཉིས་ལ་དམ་པའི་ཆོས་བསྒྱུར་པ་ཤེས་ཐུབ།ད་དུང་བུ་སྟོན་ཆོས་འབྱུང་ན་བོད་ཀྱི་དམ་པའི་ཆོས་ལུགས་ཚུར་བོད་ལ་སྒྱུར་མཁན་གྱི་ལོ་ཙཱ་པ་སྔ་བ་དག་གི་མཚན་ཐོ་གུང་བསྒྲིགས་ནས་བཀོད་དུས།“ལོ་ཙཱ་བ་ལ་སྔ་བ། ༡ཐོན་མི་སཾ་བྷོ་ཊ། ༢དྷརྨ་ཀོ་ཤ་དང་།... ...༢༤དྷརྨ་ཨཱ་ལོ་ཀ་དང་། ༢༥དྲན་པ་ནམ་མཁའ། ༢༦དགྲ་བཅོམ་རིན་ཆེན་སྡེ། ༢༧རྣམ་པར་མི་རྟོག་པ་དང་། ༢༨ཤཱཀྱ་འོད་དང་། ༢༩ལྕེ་ཀྱི་འབྲུག་དང་།”[14] ཞེས་རིམ་པ་ཉེར་དགུ་པ་ལྕེ་ཁྱི་འབྲུག་བཞག་ཡོད། མཚན་ཐོའི་ཁྲོད་ཀྱི་ཨང་རིམ་ཉེར་བཞི་ནས་ཉེར་བརྒྱད་བར་གྱི་ལོ་ཙཱ་བའི་མཚན་རྣམས་ནི། བུ་སྟོན་ཆོས་འབྱུང་ལས་བྱུང་བའི“བོད་ཀྱི་ལོ་ཙཱ་བ་སད་མི་བདུན་དང་། ཆོས་ཀྱི་སྣང་བ་དང་། བནྡྷེ་ནམ་མཁའ་དང་། སྒྲོ་རིན་ཆེན་སྡེ་དང་། རྣམ་པར་མི་རྟོག་པ་དང་། ཤཱཀྱ་འོད་ལ་སོགས་པས་ལོ་ཙཱ་བྱས་ཏེ་ཆོས་མང་པོ་བསྒྱུར་ཏོ། །”[15]ཞེས་པའི་སད་མི་མི་བདུན་གྱི་འཕྲོའི་མཚན་རྣམས་དང་ཁ་འཕྲོད་ཐུབ། ཨང་རིམ་ཉེར་དགུ་པ་ལྕེ་ཁྱི་འབྲུག་ནི་བུ་སྟོན་རིན་ཆེན་གྲུབ་ལགས་ཀྱིས་ཡིག་ཚོགས་ལ་བྱོལ་ནས་བྲམ་ཟེ་ཨཱ་ནནྡ་ལ་སོགས་ཞེས་སོགས་སྒྲའི་ཁོངས་སུ་བསྡུས་པ་ཡིན་པར་འདུག གོང་གི་ཡིག་ཚང་དག་ན་མ་གཏོགས་ད་དུང་ཉང་ཉི་མ་འོད་ཟེར(སྤྱི་ལོ1124—1192)གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ཅེས་པར་མི་བརྗེད་པའི་གཟུངས་ཐོབ་པའི་མ་གཅིག་ཇོ་མོ་བཀྲ་ཤིས་མཚོ་རྒྱལ་གྱིས་ཕྱི་རབས་ཀྱི་སྐལ་ལྡན་རྣམས་ལ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ཆེམས་དང་བོད་དུ་པཎྜི་ཏ་དང་ལོ་ཙཱ་པ་བྱུང་ལུགས་སོགས་གསུངས་དུས། “ལོ་ཙཱ་བ་དང་གྲུབ་ཆེན་ཉི་ཤུ་རྩ་ལྔ་ལ། ལོ་ཙཱ་བ་སྙགས་ཛྙཱ་ན་ཀུ་མ་ར་དང་། དྲི་མེད་ཤ་དྷ་ར་དང་། སྦས་མཉྫུ་ཤྲཱི་དང་། ... ...ལྕེ་ཀྱི་འབྲུག་དང་། བན་དེ་དཔལ་འབྱོར་དང... ...”[16] ཞེས་ཡོད། སྐབས་འདིའི་ལྕེ་ཀྱི་འབྲུག་ནི་ལྕེ་ཁྱི་འབྲུག་ལ་གོ་དགོས། མིང་གཞིའི་ཡི་གེ་ཀ་དང་ཁ་ཕན་ཚུན་བརྗེས་པ་ཏུན་ཧོང་ཡིག་རྙིང་དང་རྡོ་རིང་སོགས་ན་མང་དུ་མཐོང་རྒྱུ་ཡོད་དོ། ། 
        གོང་ནས་བོད་ཀྱི་ཡིག་ཚང་གལ་ཆེན་རྣམས་ལས་བྱུང་བའི་ལོ་ཙཱ་པ་ལྕེ་ཁྱི་འབྲུག་ལགས་དང་འབྲེལ་བའི་རྒྱུ་ཆ་དག་གོང་བསྒྲིགས་ནས་ཅུང་ཞིབ་མོའི་སྒོ་ནས་དཔྱད་ན། ལོ་ཙཱ་པ་ཁོང་ནི་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཏེ་དུས་རབས་བརྒྱད་པའི་སྐབས་ཀྱི་ལོ་ཙཱ་པ་ཞིག་ཡིན་པ་ལ་ཐེ་ཚོམ་སྐྱེས་མི་དགོས། དེ་བས་ཁོང་གིས་བསྒྱུར་པའི་བསྟན་འགྱུར་ཁྲོད་ཀྱི་རྣམ་དབྱེ་བརྒྱད་ཀྱི་བསྟན་དོན་ཚིག་ལེའུར་བྱས་ཡོད་པའི་བསྟན་བཅོས་འདི་ཡང་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཏེ་དུས་རབས་བརྒྱད་པའི་དུས་སུ་བོད་ལ་བྱུང་བ་ཡིན་པ་ལ་ང་ཚོར་ངེས་ཤེས་ཟབ་མོ་འདྲོངས་ཐུབ་བོ། །
ལྔ་པ། བསྟན་བཅོས་འདིས་བརྡ་སྤྲོད་རིག་པའི་ལོ་རྒྱུས་ལ་ཐོན་པའི་དགེ་མཚན།
        བསྟན་བཅོས་འདི་ནི་རྣམ་དབྱེ་བརྒྱད་དང་དེ་དག་གི་མཚན་གཞིའི་དཔེར་བརྗོད་ཁོ་ན་སྟོན་པའི་བརྡ་སྤྲོད་པའི་གཞུང་ལུགས་ཤིག་ཡིན། ལོ་ཙཱ་པ་ཆེན་མོ་ལྕེ་ཁྱི་འབྲུག་གིས་རྣམ་དབྱེ་ཁོ་ན་སྟོན་པའི་བསྟན་བཅོས་འདི་བསྒྱུར་པ་ལ་ཡང་རྒྱུ་མཚན་ཆེན་པོ་ལྡན་ཏེ། སྐབས་དེར་བོད་ལ་མིང་གྲུབ་བྱེད་ཀྱི་ཡི་གེའི་སྦྱོར་བ་སྟོན་བྱེད་ཀྱི་གཞུང་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་ཡོད་མོད། དེར་རྣམ་དབྱེ་གསལ་པོར་གསུངས་མེད། དེ་བས། ཁོང་གིས་ཚིག་ཏུ་གྲུབ་བྱེད་ཀྱི་རྣམ་དབྱེ་སྟོན་པའི་བསྟན་བཅོས་འདི་ནང་འདྲེན་བྱས་ནས། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་འཐུས་ཚང་དུ་བཏང་། རྗེས་སུ་ལོ་ཙཱ་བ་ཆེན་མོ་འགོས་ཆོས་གྲུབ་ནས་ཡང་བསྐྱར་བསྒྱུར་པ་སོགས་རང་རེའི་མེས་པོ་རྣམས་ཀྱིས་བརྡ་སྤྲོད་རིག་པ་ཕུན་ཚོགས་སུ་གཏོང་བའི་ཕྱོགས་ལ་འབད་པ་ལྷོད་མེད་བྱས་པ་མཚོན། དེ་ནི་གནས་བརྒྱད་ཆེན་མོའི་རྩ་བ་རུ“སྐད་ནི་གནས་བརྒྱད་དེ། བྱེད་པའི་གནས་དང་། བསྡུ་བའི་གནས་དང་། སྒྱུར་བའི་གནས་དང་། དྲང་བའི་གནས་དང་། འཇུག་པའི་གནས་དང་།རྣམ་པར་དབྱེ་བའི་གནས། ཕྱོགས་ཀྱི་གནས་དང་། དངོས་པོའི་གནས་སོ། །”[17] ཞེས་གསུངས་པ་བཞིན་རྣམ་དབྱེ་ནི་བརྡ་སྤྲོད་གཞུང་ལུགས་ཁྲོད་ཀྱི་གནས་བརྒྱད་ཀྱི་ནང་གསེས་སུ་འདུ་བ་སོགས་ཀྱིས་ཀྱང་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མཚོན་ནོ། །
        བསྟན་བཅོས་འདི་ལ་སྐད་གསར་བཅད་ཀྱི་དབང་གིས་ཏུན་ཧོང་གཏེར་ཡིག་བཞིན་གྱི་ཡིག་གཟུགས་ཁོ་ནའི་སྟེང་ནས་བསྟན་བཅོས་འདི་ལ་ལོ་རྒྱུས་རིང་པོ་ལྡན་པ་མི་ཤེས་མོད། བསྟན་བཅོས་འདིའི་བསྒྱུར་མཁན་གྱི་མཚན་ལས་དུས་རབས་ནམ་ཞིག་ལ་བྱུང་བའི་དུས་ཚོད་ཤེས་ཐུབ་པས། བརྡ་སྤྲོད་རིག་པའི་ལོ་རྒྱུས་སྟེང་དུ་བསྟན་འགྱུར་ལས་བྱུང་བའི་རྣམ་དབྱེ་བརྒྱད་ཀྱི་བསྟན་དོན་ཚིག་ལེའུར་བྱས་པ་འདི་ནི་རྣམ་དབྱེ་དང་དེ་དག་གི་མཚན་གཞིའི་དཔེར་བརྗོད་གསལ་པོར་བསྟན་པའི་བསྟན་བཅོས་ཐོག་མའི་གྲས་ཡིན་ཞིང་། བོད་ཀྱི་བརྡ་སྤྲོད་རིག་པ་འཕེལ་བའི་ལོ་རྒྱུས་སྟེང་དུ་བསྟན་བཅོས་འདི་ལ་རིན་ཐང་ཆེན་པོ་ལྡན།
མཇུག་གི་གཏམ། 
        ལོ་ཙཱ་པ་ཆེན་མོ་ལྕེ་ཁྱི་འབྲུག་མཆོག་ནས་བསྒྱུར་པའི་བསྟན་བཅོས་འདི་ལ་བརྗོད་བྱའི་དོན་གྱི་རིན་ཐང་ལས་གཞན། བརྡ་སྤྲོད་རིག་པའི་འཕེལ་རིམ་སོགས་མཚོན་པའི་ལོ་རྒྱུས་ཡིག་ཚགས་ཀྱི་ཆ་ནས་ཀྱང་རིན་ཐང་ཆེན་པོ་ལྡན། བསྟན་བཅོས་འདི་ལས་རང་རེའི་སྔོན་བྱོན་ལོ་པཎ་མང་པོས་བརྡ་སྤྲོད་ཀྱི་གཞུང་ལུགས་ཆ་ཡོངས་སུ་རྫོགས་ཆེད། རྒྱ་གར་འཕགས་པའི་ཡུལ་གྱི་སྒྲ་རིག་པའི་རྣམ་གཞག་ལ་གཞིགས་ནས་བླང་དོར་ཅི་རིགས་ཀྱི་སྒོ་ནས་སྐབས་དེའི་སྐད་ཆ་དང་འཚམ་པའི་བོད་ཀྱི་བརྡ་སྤྲོད་བྱེད་ཀྱི་གཞུང་ལུགས་ཇི་ལྟར་གཏན་ལ་ཕབ་པའི་ཚུལ་རྟོགས་བྱེད་ཀྱི་མེ་ལོང་ལྟ་བུ་དང་། ཕྱི་རབས་རྣམས་ཀྱིས་འདི་ལ་སློབ་སྦྱོང་དང་མིག་སྔར་གྱི་གནད་དོན་ལ་ཇི་ལྟར་བསམ་གཞིག་བྱེད་པའི་དཔེ་རུ་སྣང་ངོ་། །
        ཟུར་བལྟའི་དཔྱད་གཞི། 
        [1][2]བསྟན་འགྱུར་དཔེ་བསྡུར་མ། པོད115 པ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2004: 443.443.
        [3]ཧྥ་རིན་སིར་ཉར་བའི་ཏུན་ཧོང་བོད་ཡིག་ཤོག་དྲིལ་ལས་པོ་ཞིས་ཧིའི་ཨང་རྟགས་P.T783པ།
        [4]གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། 2010: 57.
        [5]དབྱིན་ཇིར་ཉར་བའི་ཏུན་ཧོང་བོད་ཡིག་ཤོག་དྲིལ་ལས་སི་ཐན་དབྱིན་གྱི་ཨང་རྟགས ch.0003པ།
        [6]ཧྥ་རན་སིར་ཉར་བའི་ཏུན་ཧོང་རྒྱལ་ཡིག་ཤོག་དྲིལ་ལས་ཨང་རྟགས pel.chin.3950པ།
        [7]དུད་བླ་བུ་ཆུང་། བོད་སྐད་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་དཀོན་རིགས་ཀྱི་བསྟན་བཅོས་ཐུང་ངུ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཐི་ལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། 2012: 91—92.
        [8]བསྟན་འགྱུར་དཔེ་བསྡུར་མ། པོད115པ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2004: 74—75.
        [9]བསྟན་འགྱུར་དཔེ་བསྡུར་མ། པོད108པ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2005: 1041.
        [10]བསྟན་འགྱུར་དཔེ་བསྡུར་མ། པོད109པ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2005:100.
        [11]དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། 2012:70.
        [12][14][15]བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1988: 190.208.187.
        [13]བོད་ཀྱི་ལོ་རྒྱུས་དེབ་ཐར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2011: 22.
        [16]ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010: 363.
        [17]བསྟན་འགྱུར་དཔེ་བསྡུར་མ། པོད115པ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2004: 443.
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1