གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

ཁམས་པ་རབ་དབྱངས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༩ཚེས་༠༣ཉིན།

༄༅།།སེམས་བསྐྱེད་ནང་གི་ཁྱེད།


ཁམས་པ་རབ་དབྱངས།
སྐྱོའི་སྐྱོའི་ཚིག་ལ་སྨྲེང་བ་རང་གིས་བཤད། །
མཚན་མོའི་གྲོང་ནས་སྐར་མའི་ཞལ་ངོ་བྲིས། །
སེམས་ཀྱི་ཉེ་ཉེ་རང་གིས་ཉེ་སར་བཀོད། །
ལོ་ཟླའི་ནམ་ཟླ་རེ་རེ་ཟད་ཤུལ་ནས། །
བདག་གི་ཁ་མདོག་ཁྱེད་ཉིད་ཁ་མིག་ཙམ། །
ཚེ་གཅིག་ཉི་མ་ཁྱེད་ཉིད་སྒུག་པའི་རྗེས། །
ལས་ཀྱི་རླུང་བུ་སྣང་བའི་སྤྲིན་ཕུང་བཞིན། །
ཁྱེད་ཉིད་ལས་སྣང་ལྟ་བུ་སྙན་ངག་འབྲི། །
ཁྱེད་ཉིད་མཛེས་ཆོས་ལྟ་བུ་ཚིག་རྒྱན་བཀོད། །
ཚིག་རྒྱན་དེ་ཡིས་ཁྱེད་ཉིད་ཡང་ཡང་འགུལ། །
ཞེ་སྣང་འཇིག་རྟེན་སྙན་ཚིག་དུམ་བུ་ཡིན། །
དྲན་པ་རྡོག་རྡོག་སེམས་ཀྱི་དྲན་ངོགས་ཡིན། །
ལས་སྣང་འདི་ཡི་བར་གསེང་རེ་རེ་ནས། །
ང་ཡིས་སྨྲེང་གཏམ་ཁྱེད་ཉིད་ཉེ་སར་བཤད། །
ཉི་འོད་ནང་གི་སྙན་ཚིག་རེ་རེ་ལ། །
སེམས་བསྐྱེད་ཆེ་བའི་སྐྱོ་དབྱངས་རེ་རེ་ཡོད། །
དེ་ནི་རྟོག་འགྱུ་འོག་གི་སྨུག་སྤྲིན་ཡིན། །
དེ་ནི་ལུས་ངག་སེམས་ཀྱི་འཇིག་རྟེན་ཡིན། །
ང་ནི་ཁེར་རྐྱང་ནང་གི་བསྡུས་གཟུགས་ཙམ། །
གདོང་ནས་བཞུར་བའི་མིག་ཆུ་ཐིགས་པ་ཙམ། །
ཚེ་དང་སྲོག་གི་དབུགས་རྒྱུན་བསྲིངས་པ་ཡིས། །
དགའ་སྐྱོའི་འཇིག་རྟེན་འགུལ་བའི་སྐྱེ་མཆེད་ཡིན། །
བདག་ཉིད་སྐྱོ་བའི་འཇིག་རྟེན་རེ་རེ་ནས། །
སྙན་ཚིག་རེ་ལ་སྐྱོ་དབྱངས་རང་གིས་བྲིས། །
བདག་སེམས་དྲན་པའི་ཉིན་ཞག་རེ་རེ་ལ། །
ས་མཐའ་དེ་ནས་སྨྲེང་གཏམ་རང་གིས་བྱས། །
བདག་ཉིད་ཁེར་རྐྱང་ལུས་པའི་གྲོང་གསེབ་ནས། །
མཚན་མོ་དེ་ལ་སྒྲོན་མེ་རང་གིས་སྦར། །
ལས་ཀྱི་འཁང་ར་བྱེད་པའི་མཚན་མོ་ནས། །
ཁྱེད་ཉིད་དཔར་མིག་ངོས་ནས་ཡང་ཡང་མཐོང་། །
བརྩེ་དུང་སེམས་ཀྱི་མཆོད་མེ་རང་གིས་སྦར། །
ཞེ་འདང་མིག་ཆུ་གདོང་ནས་རང་གིས་ཕྱིས། །
འཇིག་རྟེན་མཐོང་བའི་མེ་ལོང་རང་གིས་ཉོས། །
བརྩེ་དུང་ངག་གི་འཁྲེངས་བཞིན་ཁྱེད་ལ་གོམས། །
ཡིད་ཀྱི་རླུང་བུ་ཁྱེད་ཉིད་ཉེ་སར་ཅེར། །
མཚན་སྨག་དེ་ནས་རང་ཉིད་གཅིག་པུར་གྱུར། །
དེ་དུས་ང་ནི་གཞས་ཆུང་གཏོང་གིན་སོང་། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1